ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་སྲོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​རྡོ་དོན།   སྤེལ་དུས། : 2020-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་དེར། ཁ་བ་ཟམ་ཟིམ་ཞིག་འབབ་བཞིན་ཡོད་ལ། རྨ་ཆུའི་འགྲམ་ངོགས་ཀྱི་རྒྱ་ལྕང་དེ་དག་གིས་ཅི་ཞིག་ལ་མྱ་ངན་ཞུ་བ་ལྟར་མགོ་བོ་སྨད་དེ་དལ་ཅག་གེར་གནས་ཤིང་། དགུན་གཞུང་འདིར་ཕྱོགས་མཚམས་གང་ནས་ལྡང་འོངས་པ་མི་ཤེས་པའི་རླུང་བུ་འཁྱམས་པོ་དེ་སླེབས་པར་སེམས་ཁྲལ་བྱེད་ཀྱིན་ཡོད་ཨང་། དེ་མིན། སྐྱ་ཐེར་ཐེར་གྱི་གཞུང་ཤིང་དེས་རྨ་ལི་མའི་འཕྱོ་འཇགས་བྲལ་བའི་རླབས་ཤུགས་ལ་མཉན་ཏེ། ཅི་ཞིག་ལ་ངང་སྒུག་བྱེད་ཀྱིན་མཆིས།

རྨ་ཆུའི་ཚུར་ངོགས་རྨ་འགྲམ་གྱི་ལྷོ་ལམ་ཤར་མ་རུ་རླངས་འཁོར་གྱི་འདུ་འགོད་རབ་ཏུ་འཁྲིགས་ཤིང་།རྨ་འགྲམ་གྱི་ལྷོ་ལམ་ཤར་མའི་སྲང་ཤུར་རེ་རེའི་གཞུང་ལམ་གྱི་སྣོལ་མཚམས་གང་ནས་རླངས་འཁོར་ཚང་མ་སྤྱི་ལེ་གཉིས་ཙམ་གྱི་སར་ཡོད་པའི་ཞིང་ཆེན་སྨན་ཁང་གི་ཕྱོགས་སུ་མ་བོས་མགྲོན་པོ་ལྟར་ཞོགས་འགྲོ། ཡིན་ཏེ། དགུན་གཞུང་འདིར། ཞིང་ཆེན་སྨན་ཁང་ནི་རྡོ་ཁབ་ལེན་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ནད་པ་མང་པོ་ཞིག་སྨན་ཁང་འདིའི་སྒོ་དྲུང་དུ་འདུ་བར་བྱེད། དེ་ལྟར། སྨན་ཁང་གི་སྒོ་དྲུང་དུ་མྱུར་སྐྱོབ་རླངས་འཁོར་དང་། སྒེར་གྱི་རླངས་འཁོར། གླ་གཏོང་རླངས་འཁོར་སོགས་གྲོག་ཚང་བརྡོལ་བ་ལྟར་སྣང་། སྨན་ཁང་གི་སྒོའི་ཁ་གཏད་དུ་ཡོད་པའི་ཟ་ཁང་དག་གི་སྦྱིན་བདག་ཀྱང་ཁོམ་ལོང་གིས་བྲེལ་ཞིང་། ཟ་ཁང་རེ་གཉིས་ཀྱི་སྒོ་འགྲམ་ན་རྡེའུ་འབུམ་ལྟར་བརྩིགས་པའི་གོ་རེའི་རླངས་བཙོས་ལས་འཕྱུར་བའི་རླངས་པ་དེ་དཀར་ལིང་ལིང་དུ་མཁའ་རུ་མཆེད་ཅིང་། དེས་ཀྱང་། ཁ་གཏད་དུ་གནས་པའི་སྨན་ཁང་གི་མྱུར་སྐྱོབ་ཐོག་ཁང་དང་། སྡོད་ཤག་ཐོག་ཁང་དང་བཅས་པར་ཅི་ཞིག་གི་སྟོབས་ཤུགས་དང་གསོན་ཤུགས་བསྩལ་ཏེ་ཉམས་མེད་ཚེ་སྲོག་ཕྲ་མོ་ལ་དགའ་མགུ་ཡི་རངས་བྱེད་པ་ལྟར་སྣང་།

སྨན་བཅོས་ཐོག་ཁང་གི་ཁེར་ཐོག་གི་གློག་སྐས་མདུན་དུ། ནད་ཁྲིའི་སྟེང་དུ་ཉལ་བའི་ནད་པའི་མཐའ་རུ་རུབ་པའི་སྨན་པ་དང་། དེ་དག་གི་ཉེ་དུ་སོགས་ཀྱིས་གློག་སྐས་ཀྱི་སྒོ་ཕྱེ་བར་བསྒུགས་ཡོད་དེ། གློག་སྐས་མདུན་གྱི་བར་སྟོང་དེར་མི་ཚོགས་ཀྱི་འཚང་ཁ་ཆེ་ཞིང་། ལན་རེར་མི་ཚོགས་ཀྱི་འཚང་ཁའི་ཁྲོད་ནས་དབུགས་ཀྱི་རྒྱུ་བའང་ཆད་ཨེ་འགྲོ་སྙམ། ཏག་ཏག་སྐབས་དེར། བྱམས་པ་སྒྲོལ་མས་འཚང་ཁའི་ཁྲོད་ནས་ཨམ་ཕྲག་ལས་ཁ་པར་ཕྱིར་ཕྱུང་སྟེ། འཆར་ངོས་ལ་བལྟས་ཙམ་གྱིས་ཕྱིར་ཨམ་ཕྲག་ཏུ་བཅུག དེ་མུར། མི་ཚོགས་ཀྱི་གསེང་ནས་མགོ་བོ་དགྱེ་སྟེ། གློག་སྐས་དེ་བརྩེགས་རིམ་ལྟར་མར་འབབ་པའི་ཨང་གྲངས་ལ་བལྟས་འདུག

ཞིང་ཆེན་སྨན་ཁང་འདིར་བྱམས་པ་སྒྲོལ་མ་ལྟ་བུའི་བོད་རིགས་སྨན་པ་མང་པོ་མེད་པས། མོའི་མིང་མི་ཤེས་མཁན་གཅིག་ཀྱང་མེད་ཅེས་བསྙད་ཆོག མོ་ནི་ནང་ལོགས་ཀྱི་གསོ་རིག་སློབ་ཆེན་ཞིག་ནས་སློབ་མཐར་ཕྱིན་མ་ཐག་ཞིང་ཆེན་སྨན་ཁང་འདིའི་སྨན་བཅོས་ཚན་ཁག་ཏུ་རྒྱུགས་འཕྲོད་ཅིང་། མོས་སྨན་ཁང་ནི་རང་ཉིད་ཀྱི་གཞིས་ཁྱིམ་ལྟར་གཅེས་ཤིང་། ནད་པ་དག་རང་གི་སྤུན་མཆེད་བཞིན་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད། ན་ནིང་ལོ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་སྨན་པའི་མཚན་རྟགས་ཀྱང་གནང་། ཡིན་ནའང་། མོས་མཚན་རྟགས་དེ་དག་བྱ་བའི་སྒུལ་ཤུགས་ཤིག་ཏུ་བརྩིས་ཏེ། སྨན་ཁང་འདིའི་གྲུ་ཟུར་གང་ཞིག་ནས་རང་ཉིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ་ལོ་ངོ་ཁ་ཤས་འགོར། དེ་ལྟར། ལན་རེར། མོས་སྨན་ཁང་དུ་བཙངས་པའི་ནད་པའི་ཚེ་སྲོག་རྟ་རྔ་ལྟ་བུའི་སྔོན་དུ་དཔའ་བོ་ཁེར་རྒྱུག་ལྟར་འགྲེང་སྟེ། མྱུར་སྐྱོབ་བྱེད་ཅི་ཐུབ་བྱེད་ལ། དེ་དུས། མིག་ཀོང་དུ་འཁྱིལ་བའི་མིག་ཆུས་མོའི་དཀར་ལ་དམར་མདངས་ཆགས་པའི་མཁུར་ཚོས་ལ་བྱབས་ཁྲུས་མཛད་ཅིང་། སེམས་ཀྱང་བློང་བློང་པོར་གྱུར་ཏེ་མཐོང་ལམ་གྱི་ཡོད་ཚད་རབ་རིབ་ཏུ་འགྱུར་བ་དང་། ཟ་མ་ཟ་འདོད་ཀྱི་ཡི་གའང་ཆད་འགྲོ། བདེན་ཏེ། ནད་པ་ཁ་ཤས་སྨན་བཅོས་ལེགས་འགྲུབ་བྱུང་སྟེ་སྨན་ཁང་ནས་ཕྱུར་འབུད་པ་མཐོང་ཐེངས་རེར། མོར་དགའ་སྣང་ཞིག་གིས་ཁོ་ཚོ་ལམ་འཇུག་བྱ་རྒྱུ་དེའང་མོའི་གོམས་གཤིས་ཤིག་ཏུ་གྱུར།

གློག་སྐས་ཀྱི་སྒོ་ཕྱེ་མ་ཐག ནད་ཁྲི་དང་དེའི་མཐར་རུབ་པའི་མི་ཚོགས་གློག་སྐས་སུ་བུད་དེ། སྨན་ཁང་གི་བརྩེགས་རིམ་གང་ཞིག་ཏུ་བསྙེགས་སོང་། དེ་ལྟར། གློག་སྐས་ནི་རྟ་རྒན་ཞིག་དང་འདྲ་བར། ནད་པ་དང་སྨན་པར་འཕྲད་པ་ནི་རྟ་བདག་ལ་འཕྲད་པ་ལྟར་བློ་དཀར་ཞིང་སྙིང་ཉེ་ཉེ་བྱེད།

དགུན་གཞུང་འདིར། གྲོང་ཁྱེར་གྱི་གྲུ་ཟུར་རེ་རེ་ནས་བཙངས་འོངས་པའི་རླུང་བུ་འཁྱམས་པོ་དེ་ནི་སྙིང་རྗེ་མེད་པའི་ནད་ཡམས་ལྟར་ག་ས་གང་ནས་ལྡང་འོངས། ཐ་ན། ལམ་འགྲམ་གྱི་གློག་སྡོང་སྟེང་དུ་སྦྱར་བའི་བརྡ་ཁྱབ་དེ་དག་གི་གྲུ་ཟུར་གང་རུང་གྲིས་བཅད་པར་ལྟར། སྣེ་མོ་གང་ཞིག་རླུང་འཚུབ་ཀྱིས་ཁུར་སོང་། རེད་དེ། དགུན་གཞུང་འདིའི་རླུང་འཚུབ་ཀྱིས་གློག་སྡོང་སྟེང་དུ་སྦྱར་བའི་བརྡ་ཁྱབ་དག་ཕྱིར་གློག་སྡོང་སྟེང་དུ་ནུས་མེད་ཀྱིས་ལྷན་པ་ལྟར་ཡང་ཡང་སྦྱར་ཏེ། ལམ་འགྲམ་གྱི་མི་ཚོགས་ལ་ཅི་ཞིག་གི་སྔོན་བརྡ་གཏོང་བ་ལྟར་སྣང་། དེ་ལྟར། ལམ་འགྲམ་གྱི་རྒྱ་ལྕང་གི་ཡལ་ག་ནི་རླུང་འཚུབ་ཀྱིས་ལྕེ་ལྡག་ཡང་ཡང་བྱས་མཐར། ཁྱི་རྒན་གྱི་ཁར་ཤོར་བའི་རུས་པ་ལྟར་སྣང་སྟེ། དུས་འདིར། ཁུ་སིམ་མེར་གནས་པའི་གྲོང་ཁྱེར་འདིའི་ཡོད་ཚད་ལ་སུ་ཞིག་གིས་འདྲེ་ལག་བསྲིངས་པ་ལྟར།འཇིགས་ཡེར་བའི་བཟོ་ལྟ་སྣ་ཚོགས་སྒྲུག་གིན་གདའ།

དེ་ལྟར། ངས་ཞིང་ཆེན་སྨན་ཁང་གི་ནད་ཁྲི་གང་རུང་ཞིག་གི་གྲུ་ལོགས་ནས་སྒེའུ་ཁུང་ཕྱི་རོལ་གྱི་དུ་སྨུག་དེར་བལྟས་ཏེ་བསྡད་ཀྱང་། ལན་རེར། ངའི་མི་ལམ་དུ་ཙག་ཤེད་ཅིག་བརྒྱུགས་ཏེ། མཐོང་ལམ་གྱི་ཡོད་ཚད་རབ་རིབ་ཏུ་གྱུར་ཅིང་། གཡག་ཞར་གྱི་མིག་མཐར་འཁོར་བའི་འབུ་ཕྲ་དེ་དག་གིས་བརྙས་བཅོས་བྱེད་པ་ལྟར། མིག་གི་འབྱེད་འཛུམ་ཡང་གནད་དོན་ཞིག་ཏུ་འཁུམས། རེད་དེ། དེ་དུས། ངས་རྣ་བ་བླགས་ཏེ་སྨན་ཁང་འདིའི་ལྷིང་འཇགས་སྒོམ་བཞིན། མིང་ལ་བྱམས་པ་སྒྲོལ་མ་ཟེར་བའི་བོད་རིགས་སྨན་པ་དེར་བསྒུགས་ནས་བསྡད་པ་ཡིན། དེའང་། ལན་རེར། སྒེའུ་ཁུང་ཕྱི་རོལ་གྱི་རླུང་འཚུབ་དེས་སྒེའུ་ཁུང་བརྟོལ་ཏེ་ངའི་དོན་ལྔ་སྣོད་དྲུག་གི་གསེང་གང་རུང་དུ་ལྡང་འོངས། དེ་དུས། ངའི་བྲང་གཞུང་དུ་ལུ་གུ་ལྟར་ལྡིང་བའི་སྙིང་ཆུང་ཆུ་ཤོག་ལྟར་རླུང་འཚུབ་འདིས་གྲོང་ཁྱེར་གྱི་མཁའ་མཐར་ཁྱབ་པའི་དུ་སྨུག་གི་གསེང་གང་དུ་འདྲེན་པར་བྱེད། སྐད་ཅིག་མ་དེར། རང་ཉིད་ཀྱི་ཚེ་སྲོག་རྟ་རྔ་ལྟ་བུ་དེའང་དེ་ལྟར། དགུན་གཞུང་འདིའི་རླུང་འཚུབ་ཀྱིས་ཆུ་ཤོག་ལྟར་འཁུར་ཨེ་འགྲོ་སྙམ། ཡིན་ནའང་། ངས་ནད་ཁྲིའི་གུད་ནས་བྱམས་པ་སྒྲོལ་མ་ཟེར་བའི་བོད་རིགས་སྨན་པ་དེའི་རྐང་པའི་རྡོག་སྒྲ་རང་ཉིད་དང་ཉེ་བར་བཅར་བའི་མཛེས་སྡུག་གི་གོ་རིམ་དེ་བསམས་ན། ང་རང་ངེས་པར་དུ་གསོན་དགོས། ང་རང་ཅིས་ཀྱང་གསོན་དགོས་ཏེ། མི་ཡུལ་འདི་ནས་བསྒྲུབ་མ་ཚར་བའི་དོན་དག་གང་དེའི་ཆེད་དུ་གནས་དགོས་པའི་ཆོད་སེམས་ཤིག་ཀྱང་། མེ་ལྕེ་བཞིན་རུས་གསེང་ནས་མཆེད་འོངས།

དེ་ལྟར་དུ། དེ་རིང་ཡང་། ཉིན་འདི་གར་གོམས་ལོབས་སུ་སོང་བའི་རྐང་པའི་རྡོག་སྒྲ་ཞིག་ལ་མཉན་ནས་བསྡད་པ་ཡིན།

ང་རང་ཞིང་ཆེན་སྨན་ཁང་གི་སྒོ་དྲུང་དུ་འཛུལ་དུས།མིང་ལ་བྱམས་པ་སྒྲོལ་མ་ཟེར་བའི་བོད་རིགས་སྨན་པ་དེས་ང་ལ་སྨན་བཅོས་ཐོ་འགོད་ཀྱི་འགྲོ་ལུགས་ཚང་མ་སྒྲུབ་རོགས་བྱས་པའི་མཛེས་སྡུག་གི་གོ་རིམ་དེ།དུས་ད་ལྟའང་།ངའི་དྲན་ངོགས་སུ་ཆུ་རྒྱུག་རྒྱུག་བྱེད། དེ་དུས། ངས་མོའི་མིང་དང་ཕ་ཡུལ་སོགས་ལ་རྒྱུས་ལོན་ཏོག་ཙམ་བྱུང་། མོས་མགོའི་སྐྲ་ལོ་དཀྱུས་གཅིག་ཏུ་བསྡམས་ཏེ་ཆུ་མོག་ལྟ་བུའི་ཞྭ་མོ་དེའི་ནང་དུ་བཅུག་ཡོད། མོའི་དཀར་ལ་དམར་མདངས་ཆགས་པའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། སྨིན་མའི་དཀྱུས་རིང་ཞིང་མིག་ཟུང་ནི་ཆུ་ཤེལ་ལྟར་དྭངས་ཤིང་གསལ་བས། བལྟས་མ་ཐག་ཏུ་སྒྲོལ་མ་དཀར་མོས་བྱིན་གྱིས་རླབས་པའི་བོད་ཡུལ་གྱི་བོད་རིགས་བུད་མེད་ཅིག་ཡིན་པ་རྟོགས་ཐུབ། དེ་བས། མོས་གྱོན་པའི་གོས་དཀར་གྱི་ལྭ་རིང་དང་ལག་ཟུང་མཉེན་མོ་དེས་རྐྱེན་ནམ། གང་ལྟར། ད་ལྟ་ང་རང་ནད་ཁྲི་ལས་ལངས་ཐུབ་པ་ཙམ་བྱུང་། མོས་ནམ་རྒྱུན“ང་ཚོའི་ལས་འདི་ལ་མི་རིགས་ཀྱི་དབྱེ་བ་མེད། སྙིང་རྗེ་ལ་ཆེ་ཆུང་མེད། ང་རང་ལས་འདིར་འཇུག་ཐུབ་པ་ནི་ངའི་ཚེ་སྔོན་གྱི་ལས་བསོད་ཡིན།”ཞེས་པའི་ཚིག་འབྲུ་དེ་དག ད་དུང་ངའི་ནད་ཁྲི་འདིའི་གྲུ་ཟུར་གང་ཞིག་ཏུ་ལུས་ཡོད་པ་འདྲ་སྟེ། ལན་རེར། བྱམས་པ་སྒྲོལ་མའི་སྐད་ཆ་དེ་ངའི་རྣ་ལམ་དུ་བྲག་ཅ་ལྟར་འཁོར་ཡོང་། ད་ལྟ། ནད་ཁྲི་ལས་རྒྱབ་གྱང་ངོས་ལ་བསྙེས་ཙམ་བྱས་ཏེ་འདུག་ཐུབ་པ་འདིའང་མོས་གྱོན་པའི་ལྭ་རིང་དེ་དང་མོའི་སྐད་ཆ་དེས་ལན་པ་ཡིན་ནམ། གང་ལྟར། སྨན་ཁང་འདི་ག་ནས་བྱམས་པ་སྒྲོལ་མ་ལྟ་བུའི་རྐང་པའི་རྡོག་སྒྲ་དང་། གོས་དཀར་གྱི་ལྭ་རིང་དེ་མིག་ལམ་དུ་ཐོགས་པར་རེ་ཞིང་བསྒུགས་པའི་ང་ལྟ་བུའི་ནད་པ་ག་ཙམ་ཡོད་ཨང་།

ད་ནི། སྨན་ཁང་གི་རབ་གསལ་དུ་ལྷིང་འཇགས་ཀྱི་མཁའ་དབུགས་ཤིག་འཁྱིལ་འདུག དོན་དུ། ངའི་ན་ཟུག་གིས་བསྐྱེད་པའི་རུས་གསེང་གང་ནའང་ཞི་ལྷོད་ཀྱི་བདེ་བའི་ཚོར་བ་ཁྱད་པར་བ་ཞིག་གིས་ཁེངས་ཡོད། དེ་ནི། བྱམས་པ་སྒྲོལ་མའི་རྐང་པའི་རྡོག་སྣེ་དང་ལག་ཟུང་མཉེན་མོ་དེ་ང་དང་ཉེ་བར་བཅར་སྟངས་ཤིག་ཨེ་ཡིན་སྙམ།

ཞོགས་པ་དེར། བྱམས་པ་སྒྲོལ་མའི་རྡོག་པའང་གློག་སྐས་ཀྱི་བར་སྟོང་ཆུང་ཆུང་དེ་ནས་ནད་ཁྲི་གང་རུང་ཞིག་གི་འཁྲིས་སུ་བཅར་གྱིན་ཡོད། ངས་རེ་ཞིང་བསྒུགས་པའི་སྒོ་ཆུང་དེ་གཟོད་ནས་ག་ལེར་ཕྱེ་བྱུང་། རེད་དེ། གོས་དཀར་གྱི་ལྭ་བ་གྱོན་པའི་བྱམས་པ་སྒྲོལ་མའི་རྡོག་པ་དེ། གཞི་ནས་ང་དང་ཆེས་ཉེ་བའི་རྡོ་གཅལ་གང་རུང་ཞིག་གི་སྟེང་དུ་སྤོས་བྱུང་། ཡིན་ཏེ། དེ་རིང་ཡང་མོའི་གདོང་གི་ལྷག་བསམ་ཟོལ་མེད་ཀྱི་རང་མདངས་དེ་སྔར་ལྟར་འཛུམ་ཞིང་། གོས་དཀར་གྱི་ལྭ་རིང་དེའང་དཀར་ཞིང་གཙང་། འོན་ཏེ། ཉིན་འདི་གར་ངས་མཉམ་འཇོག་མ་བྱས་པ་ཡིན་ནམ། དེ་རིང་། བྱམས་པ་སྒྲོལ་མས་བྲང་ཁུག་གཡོན་པའི་ཁར་འགྱིག་ཤོག་ནར་དབྱིབས་ཅན་ཞིག་བཏགས་ཡོད་ཅིང་། སྟེང་དུ་མོའི་འདྲ་པར་དང་། གཤམ་དུ་མོའི་ལས་ཐོབ།ཚན་ཁག་དང་བཅས་པའི་གནས་ཚུལ་སྟབས་བདེ་ཞིག་ཞིབ་བུར་བསྟར་འདུག དེ་ལྟར་དུ། མོ་ང་དང་ཉེ་བར་བཅར་ཐེངས་རེ་རེར། ང་རང་མོ་ལ་སྔར་བས་ཆ་ཡོད་རྒྱུས་ཡོད་དུ་གྱུར། བདེན་ཏེ། ངའི་ནད་གཞི་སངས་དྲག་ཏུ་སོང་བ་དང་བསྟུན། མོའང་ང་ལ་ཆ་ཡོད་རྒྱུས་ཡོད་དུ་གྱུར།

བྱམས་པ་སྒྲོལ་མས་ལག་གི་ལྕགས་གཞོང་ཆུང་ཆུང་དེ་ངའི་འཁྲིས་ཀྱི་ཅོག་ཙེ་ཆུང་ཆུང་དེའི་སྟེང་དུ་བཞག་སྟེ། ནད་ཐོའི་སྟེང་གི་སྨན་བྱང་ལྟར། ལྕགས་གཞོང་ནང་གི་སྨན་ཁུག་དག་གི་ཁ་བརྟོལ་ཏེ།གོ་རིམ་བཞིན་བསྡེབས་རྗེས། སྨན་ཆུའི་འགྱིག་ཐུམ་ཞིག་ངའི་སྤྱི་གཙུག་ན་ཐུར་དུ་དཔྱངས་པའི་ལྕགས་གུག་དེར་བཀལ་ཞིང་། དེ་མུར། ངའི་ལག་པའི་དཔུང་བར་ཕུར་ཕུར་འགའ་བྱས་པའི་མོད་ལ་ལུས་ཟུངས་ཟད་པའི་རྒན་པོ་ཞིག་གི་སྒྱིད་པའི་སྐྱི་མོའི་ཁུག་གསེང་ན་མངོན་པར་དོད་པ་ལྟ་བུའི་རྩ་ཐོག་ཏུ་ཞི་ལྷོད་ངང་འཛེར་བའི་མུར། ཡུར་ཆུ་འདྲེན་པ་བཞིན་འགྱིག་ཐུམ་ནང་གི་སྨན་ཆུ་དེ་རྨུ་ཐག་ལྟ་བུའི་འགྱིག་སྦུག་དེ་བརྒྱུད་ནས་ངའི་རྩ་ལམ་དུ་བརྒྱུགས། དེ་མུར། ངས་མིད་པར་ཅི་ཞིག་འཛུལ་ཏེ་ཕྱིར་དེད་ཡོང་བ་ལྟར“བཀའ་དྲིན་ཆེ། ཁྱེད་ལྟ་བུའི་སྨན་པ་ཞིག་ལ་འཕྲད་པ་མིན་ན་ངའི་རང་ལུས་འདོམ་པ་གང་པོ་འདི་ནད་ཁྲི་གང་རུང་ཞིག་གི་སྟེང་ནས་འགུལ་མེད་དུ་ལུས་ངེས་ཡིན།”ཞེས་བརྗོད་ཀྱང་། བྱམས་པ་སྒྲོལ་མས་ལྕགས་གཞོང་ཆུང་ཆུང་དེའི་ནང་གི་སྨན་ཁུག་དག་བྱི་དོར་བྱེད་བཞིན་ངའི་ཕྱོགས་སུ་འཁོར་ཏེ།“ཁྱེད་ལ་ནད་དུག་འདི་ལྟ་བུ་འགོས་ཏེ། ཕྱིར་ཕ་ཡུལ་དུ་སོང་ཡང་། ནད་གཞི་ཇེ་སྡུག་ཏུ་འགྲོ་ངེས་ཏེ། གང་ལྟར། སྨན་བཅོས་ལེགས་འགྲུབ་བྱས་ཚེ་གཟོད་ནས་གཟུགས་གཞི་གསལ་ཐང་དུ་འགྲོ་ཞིང་། དེ་དུས། མི་ཡུལ་ཁམས་ནས་རང་ནུས་ཀྱིས་དོན་ཆེ་ཆུང་བསྒྲུབ་ཐུབ་ངེས་ཡིན།”ཟེར། དེ་ལྟར། མོས་ཟ་འགྲམ་ལ་འཛུམ་ཞིག་དོད་ཀྱིན་དེ་ལྟར་བཤད། ཏག་ཏག་སྐབས་དེར། ང་རང་ནད་ཁྲི་ལས་འགུལ་ཙམ་བྱས་ཏེ་མོར་འཛུམ་པའི་ཟོལ་ཞིག་བསྟན་ཏེ། ཅི་ཞིག་བཤད་རྩིས་བྱས་ཙ་ན། བྱམས་པ་སྒྲོལ་མས་མོའི་མཉེན་ཅིང་འཁྱུག་པའི་ལག་ཟུང་དེ་ངའི་དཔུང་བར་དམ་ལྷོད་རན་པར་འཁྱུད་ཅིང་། དེ་དུས། ངས་གཟོད་ནས“མ་འགུལ”ཞེས་གསལ་བརྡ་སྟོན་གྱིན་པའང་གཟོད་ནས་ཤེས། ཡིན་ཡང་། ངས་སྟོད་ལ་འཚངས་འོངས་པའི་གློ་ལུ་ཐེངས་འགར་བརྒྱབ་རྗེས། “གལ་ཏེ། ང་རང་ནད་དུག་འདིའི་དབང་གིས་གྲོང་ཁྱེར་འདི་ག་ནས་ཤི་ཚེ། ངའི་བེམ་པོ་འདི་ག་ནས་ལུས་སྲིད་དམ།”ཞེས་བརྗོད་མོད། བྱམས་པ་སྒྲོལ་མས་སྨན་ཁང་གི་སྒོ་ལུང་འཐེན་གྱིན་ངའི་ཕྱོགས་སུ་ཕྱིར་མིག་འཕངས་ཏེ“དཔེ་མི་སྲིད། ”ཟེར་གྱིན་ཕྱི་ལ་བུད། ཡིན་ཏེ། ངས་མོའི་སྐད་ཆ་དེར་བསམ་བློ་གཏོང་བཞིན་རང་ཉིད་ནད་ཁྲིའི་སྟེང་ན་ཡོད་པའང་གཞི་ནས་བརྗེད་སོང་། ད་ལྟ། བྱམས་པ་སྒྲོལ་མ་སྨན་ཁང་གི་བར་ཁྱམས་གང་ན་ལས་གང་ཞིག་ལ་བྲེལ་བཞིན་ཡོད་དམ། ངས་དེ་ལྟར་མོའི་ལས་ཚེགས་ལ་རང་ཚོད་ཀྱིས་བློས་བསླངས་བྱས།

ང་རང་ནད་ཁྲི་དང་ཉེ་བར་བཅར་སྟངས་ཤིག་གིས་གཟོད་ནས་བྱམས་པ་སྒྲོལ་མ་ལྟ་བུའི་གོས་དཀར་གྱི་ལྭ་རིང་གྱོན་པའི་སྨན་པར་ཉེ་བར་བཅར་བ་ཡིན་ཏེ། དེ་བས། བྱམས་པ་སྒྲོལ་མ་ལྟ་བུའི་འཚོ་བའི་ཉིན་སྲིབ་ལ་བསྟིམས་ཏེ་ནད་ཁྲིའི་ཉེ་ལོགས་གང་ན་འབད་ཀྱིན་པའི་སྨན་པའི་ལས་ཚེགས་དེར་ཡིད་འཇོག་བྱུང་བ་ཡིན།

ད་ལྟ། ངས་ཀྱང་ནད་ཁྲི་འདིར་བཀའ་དྲིན་ཞུ་འོས།

དེ་ལྟར། ངས་སྤྱི་གཙུག་ན་ཐུར་དུ་དཔྱངས་པའི་སྨན་ཆུའི་འགྱིག་ཁུག་དེར་ལྟ་བཞིན། ནད་ཁང་འདིའི་སྒོ་འབྱེད་མཁན་ཏེ། གོས་དཀར་གྱི་ལྭ་རིང་གྱོན་མཁན་ཞིག་ལ་བསྒུགས་ནས་བསྡད་པ་ཡིན།

སྨན་ཐུམ་ལས་འགྱིག་སྦུག་སྐུད་པ་ལྟ་བུ་དེར་དྲངས་པའི་སྨན་ཆུའི་ཐིགས་པ་རེ་རེའི་ཆུ་སྣ་ངའི་རྩ་ལམ་དུ་བརྒྱུགས་ཏེ། ད་ནི། མི་འདོད་ནད་གཞི་འདིས་ཟུག་གཟེར་གྱིས་བསྐྱེད་པའི་ན་ཟུག་ནི་ཅི་ཞིག་ལ་སྐྲག་པ་ལྟར་སྨན་ཁང་འདིའི་ཕྱི་རོལ་གང་དུ་བདས་ཟིན་པ་འདྲ་སྟེ། རེད་དེ། ད་ནི། ངས་འགྱིག་སྦུག་ནང་གི་ཆེས་མཐའ་མའི་ཆུ་ཐིགས་དེར་སྒུག་བཞིན། བྱམས་པ་སྒྲོལ་མའི་རྡོག་སྒྲར་མཉན་པ་ཡིན།

ཉིན་གུང་འདིར། བྱམས་པ་སྒྲོལ་མའི་རྡོག་པ་དེ་སླར་ཡང་ང་དང་ཆེས་ཉེ་བའི་རྡོ་གཅལ་གང་རུང་ཞིག་གི་སྟེང་དུ་སྤོས་བྱུང་། མོས་ངའི་ལག་པའི་དཔུང་བར་འཛེར་བའི་ཁབ་སྣེ་ཕྱིར་ཕྱུང་སྟེ། སྨན་ཐུམ་དང་འགྱིག་སྦུག་སྡུད་གསོག་བྱེད་ཞོར། “ཁྱེད་རང་སྨན་ཁང་འདིར་བསྡད་ནས་ཏག་ཏག་བདུན་གསུམ་འགོར་སོང་། སང་ཉིན་ནས་བཟུང་སྨན་ཁང་ལས་ཕྱིར་འབུད་ཆོག་པའི་ཆོག་མཆན་ཐོབ་ཡོད་པས། སང་ཉིན་ནས་བཟུང་ཕྱིར་ཕ་ཡུལ་དུ་ལོག་རན་སོང”ཟེར།

“... ...”

མཚན་གཞུང་དེར། ངས་ནད་ཁྲི་ལས་མགོ་བོ་སྔས་འབོལ་སྟེང་དུ་བཞག་སྟེ་མིག་བཙུམ་ཡང་། མིག་ཟུང་ལས་བརྡོལ་བའི་མིག་ཆུས་ཟ་འགྲམ་བརྒྱུད་དེ་རིད་ཉམས་དོད་པའི་གདོང་ལ་འཁྱོག་ཐིག་ཅིག་ཕབ་སོང་། དེ་ནི། ང་རང་ནད་ཁྲི་དང་ཉེ་བར་བཅར་ཐེངས་དང་པོ་ཡིན་ནམ། ཡང་ན། བྱམས་པ་སྒྲོལ་མ་ལྟ་བུའི་སྨན་པ་འདི་དང་འཕྲད་པས་ཡིན་ནམ། གང་ལྟར། མིག་ཆུ་ཡིས་སྔས་འབོལ་རློན་ཤིག་གེར་བཟོས་ཤིང་། དེ་མུར། ང་རང་ནད་ཁྲི་ལས་ཡར་དགྱེ་སྟེ། ཉལ་ཐུལ་ནད་ཁྲིའི་གྲུ་ལོགས་ཤིག་ཏུ་དེད་ཅིང་། རྒྱབ་ངོས་ཉལ་ཐུལ་ལ་བསྙེས་ཏེ་སྒེའུ་ཁུང་ཕྱི་རོལ་ཏུ་བལྟས་ཀྱང་། ཏག་ཏག་སྐབས་འདིར། ང་ནི་སྨན་ཁང་འདིའི་སྒོ་ཆེན་ཁའི་མེལ་ཚེ་ལྟ་བུར་གྱུར། བདེན་ཏེ། དྲང་མོར་བཤད་ན། ངས་སྨན་ཁང་འདིའི་ནད་ཁྲི་སྟོང་ཕྲག་ལྷག་གི་སྟེང་ཏུ་ན་ཟུག་གིས་བསྐྱེད་པའི་ནད་པས་བྱམས་པ་སྒྲོལ་མ་ལྟ་བུའི་གོས་དཀར་གྱི་ལྭ་རིང་གྱོན་པའི་སྨན་པ་གང་དེའི་སྙིང་རྗེ་དང་། ལྷག་བསམ་སྒོམ་བཞིན་ཉལ་ཨེ་ཡོད་སྙམ་གྱིན་འཇིམ་སྐུ་བཞིན་ལུས་སོང་།

ད་ནི། ང་ནད་དུག་གི་ཁུར་པོ་རི་རབ་ལྟ་བུ་དེ་དང་གཏན་བྲལ་བྱས་ཏེ། ཕ་ཡུལ་དུ་ལོག་སྟེ་བདུན་ཕྲག་གཅིག་ཙམ་འགོར།

མདང་ནུབ། ངས་ཨ་མས་བསྐོལ་པའི་ནུབ་ཚལ་རྒྱགས་ཐག་ཆོད་པ་ཞིག་འཐུངས་ཏེ། སྔས་འགྲམ་ནས་ཨ་མས་བརྐྱངས་ཕྱག་ཆེས་རྗེས་མ་དེ་འཚལ་བར་བསྒུགས་ནས་བསྡད་ཀྱང་། འོན་ཏེ། རྦ་རླབས་བཞིན་སྐྱོམས་པའི་གཉིད་ལྕོག་གིས་ཨ་མར་བསྒུག་མི་སྲིད་པས། དེ་མུར། རྨི་ལམ་གྱི་ཁང་བཟང་དུ་ཞུགས། ང་ངེད་ཚང་གི་རྟ་རྒན་རྔོག་རིང་དེ་བཞོན་ནས་ཆུ་འཐག་ཚལ་དུ་ཕྱིན་མོད། ཆུ་འཐག་ཚལ་གྱི་ཐང་ཤིང་དང་ཤུག་སྡོང་གི་ཡལ་ག་ནི་ལག་པ་ཐོགས་པ་བཞིན་ངའི་སྟེང་དུ་གཟས་ནས་བསྲིངས་ཡོང་། རེད་དེ། ཆུ་འཐག་ཚལ་གྱི་བཞུར་ཆུ་དེའང་དུག་ཆུ་རུ་གྱུར་ཅིང་། ཆུ་འཐག་ཁང་དེའང་ནད་ཁང་ཆེན་མོ་ཞིག་ཏུ་གྱུར་ཡོད། དེ་དུས། ཆུ་འཐག་ཚལ་གྱི་རྐང་ལམ་ཕྲ་མོ་དེའི་སྟེང་ནས་ངས་རྟ་གོང་ནས་རྟ་རྒན་རྔོག་རིང་གི་སྲབ་ཁ་བསྒྱུར་ནའང་། འོན་ཏེ། རྟ་རྒན་རྔོག་རིང་གིས་ཅི་ཞིག་མཁྱེན་པ་ལྟར་འཚེར་སྐད་འབྱིན་པ་ལས། རྐང་ལག་བཞི་ནི་ས་ལ་བརྡབས་པ་བཞིན་འགུལ་ཙམ་ཡང་མི་བྱེད། དེ་མུར། ངས་མགོ་བོ་སྨད་དེ་རྟ་རྒན་གྱི་རྐང་ལག་ལ་ལྟ་དུས། མ་གཞི་རྟ་རྒན་རྔོག་རིང་གི་རྐང་ལག་ཁྲག་གིས་བརྫིས་ཏེ། རྨིག་རྩ་ནས་བརྡོལ་བའི་ཁྲག་གི་གཙང་པོ་དེ་ཆུ་འཐག་ཚལ་གྱི་དུག་ཆུར་འདྲེས་སོང་། དེ་དུས། ངས་བྲེད་དངངས་ཤིག་གིས་བྱམས་པ་སྒྲོལ་མ་ཟེར་བའི་གོས་དཀར་གྱི་ལྭ་རིང་གྱོན་པའི་སྨན་པ་དེ་འབོད་རྒྱུ་ལས་ངག་ནས་ཅི་ཡང་མི་འཁྲོལ། ཏག་ཏག་སྐབས་དེར། བྱམས་པ་སྒྲོལ་མའང་ཆུ་འཐག་ཁང་དེ་ནས་ཕྱིར་བུད་དེ་ངའི་ཕྱོགས་སུ་མཆོངས་ཏེ། རྟ་རྒན་རྔོག་རིང་གི་རྐང་ལག་བཞི་བོ་ས་ནས་འབལ་གྱིན་འདུག དེ་ལྟར། ཇ་ཡུན་ཞིག་གི་དུས་འགོར་རྗེས། རྟ་རྒན་རྔོག་རིང་གི་རྐང་ལག་བཞི་བོ་གཞི་ནས་འགུལ་བྱུང་། དེ་ལྟར། མོས་རྟ་རྒན་རྔོག་རིང་གི་སྲབ་ཁ་ཆུ་འཐག་ཚལ་ནས་ཕ་གིའི་བདེ་མོའི་ཐང་དུ་བསྒྱུར་ཐུབ་པ་བྱུང་། དེ་དུས། བྱམས་པ་སྒྲོལ་མའི་གྱོན་པའི་གོས་དཀར་གྱི་ལྭ་རིང་དེའང་དམར་པོར་གྱུར་འདུག མོས་ང་རང་རྟ་གོང་ནས་མར་བླངས་ཤིང་རྒྱབ་ལ་ཁུར་ཏེ་རྟ་རྒན་རྔོག་རིང་ཁྲིད་ནས་རང་ཁྱིམ་དུ་ལོག མོས་ང་རང་འཕང་བར་བཟུང་ནས་ཚ་ཐབ་སྟེང་དུ་བསྙལ། སྐབས་དེར་གློ་ལུ་རྒྱག་སྟངས་ཤིག་གིས་ང་རང་རྨི་ལམ་གྱི་ཞིང་ནས་བདས། ངའི་མཐོང་ལམ་དུ་མངོན་པ་ནི་བྱམས་པ་སྒྲོལ་མ་ཟེར་བའི་གོས་དཀར་གྱི་ལྭ་རིང་གྱོན་པའི་བུད་མེད་སྨན་པ་དེ་མིན་པར། ཨ་མས་ང་རང་སྔས་འགྲམ་ནས་བཀྱགས་ཏེ་ཚ་ཐབ་ཏུ་བསྙལ་གྱིན་འདུག དེ་ལྟར། ང་རང་སློག་ཧྲུལ་གྱི་གུད་དུ་སྒོང་སྒོང་བྱས་ཏེ་མིག་བཙུམ་ཡང་། ཞེ་ལ་བརྣགས་པའི་བྱམས་པ་སྒྲོལ་མ་ལྟ་བུའི་གོས་དཀར་གྱི་ལྭ་བ་གྱོན་མཁན་དེ་དག་སྒྲུང་གཏམ་དུ་འཁོད་པའི་མི་སྣ་བཞིན་ངའི་དྲན་སྣང་དུ་དཔྱངས་འདུག

མཚན་གུང་འདིར། ངས་གོས་དཀར་གྱི་ལྭ་བ་གྱོན་མཁན་དེ་དག་ངའི་འཁྲིས་ཀྱི་མ་ལོ་ལྟ་བུར་སྒོམ་གྱིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།