ཀྲུང་གོ་བོད་ཀྱི་དྲ་བ།

གྲིབ་མ་གཉིས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​རླུང་བུ།   སྤེལ་དུས། : 2020-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་རེ་ལ་གྲིབ་མ་གཅིག་ལས་མེད་ནའང་ཁོ་ལ་གྲིབ་མ་གཉིས་ཡོད།

མི་ལ་གྲིབ་མ་ཡོད་པ་ནི་འགྲེལ་བཤད་རྒྱག་དགོས་པའི་དོན་དག་ཅིག་མིན་མོད། འཚོ་བའི་ནང་ལན་རེར་རང་ཉིད་འབོར་དུས་སུ་ཁོས་རང་གི་ལྟག་རྒྱབ་དང་མདུན་ལ་བལྟས་ཏེ་ཉི་མ་ཞེས་ཡང་དང་བསྐྱར་དུ་བོས་ནའང་ཁོ་ལ་ཨ་ལན་སྟེར་མཁན་མེད། ཨ་ལན་མི་སྟེར་བ་ནི་ལན་མེད་པའི་ནང་གི་ལན་གྱི་མཆོག་ཅིག་ཡིན་པ་རྗེས་སུ་ཁྲིད་པའི་གྲིབ་མས་ཤེས།

ཡིན་ཡང་། ཁོ་ལ་གྲིབ་མ་གཉིས་ཡོད།

རི་བོའི་ཚུར་རོལ་ནི་རྡེའུ་དཀར་ནག་ས་ལ་བཀྲམ་འདྲའི་ནོར་ལུག་གི་ཁྱུ་དང་། དུད་ཚང་སུ་ཞིག་གི་སྒེའུ་ཁུང་དང་འདྲ་བའི་ཞིང་ཚུགས་གྲུ་བཞི། ནོར་ལུག་ལྷས་འདབས་ནས་ཕུད་རྗེས་ཞོགས་འགྲོ་སའི་ན་འདབས། གཡེར་དྲིལ་སྙན་མོ་ལྷང་ལྷང་དུ་གྲག་པའི་དབེན་དགོན། ཙག་བསེར་བུའི་ནང་དུ་འཕྲུལ་རྟ་ལ་ཁ་ལོ་བསྒྱུར་ཏེ་འགྲོ་བའི་ཕོ་གསར་དག་དང་།ཁོ་ཚོས་འགྲོས་དལ་བའི་ངང་ཕན་ཚུན་ལ་ལབ་གླེང་བྱེད་པའི་དགོད་ཉམས་ཀྱི་ཚུགས་ཀ། ལན་རེར་རྡོ་བ་དང་སྤོ་ཐོའི་སྟེང་ཙོག་སྟེ་ཤོག་དུ་འཐེན་ཞོར་ཀྱལ་ཀ་སྣ་ཚོགས་རྩེད་པར་བྱེད་པ། གྲང་ངར་རྒོད་དུས་སུའང་བྱིས་པ་ལ་ཤས་འཁྱག་དར་སྟེང་སོང་སྟེ་དར་ཤུད་རྩེད་པ། དེ་དག་ནི་ཕྱི་མི་ཞིག་གིས་བལྟས་ན་ཁྱད་མཚར་བའི་གནས་སྟངས་ཤིག་ཀྱང་ཡིན་ཤས་ཆེ། དེ་དག་ལས་ཀྱང་གལ་ཆེ་བ་ནི་རི་བོའི་ཕ་རོལ་ན་ཅི་ཞིག་ཡོད་པ་སུས་ཀྱང་ལན་འདེབས་དཀའ་བ་ཞིག་རེད། རི་བོའི་ཕ་རོལ་ན་ཅི་ཞིག་བསྐུངས་ཡོད་པ་དང་རི་བོའི་ཕ་རོལ་དུ་རྒྱང་ཐག་རིང་ཞིང་ཡིད་འགུགས་ཐབས་བྲལ་བའི་གྲིབ་མ་ཞིག་འདུག་པ་དེ་རེད། རི་བོའི་ཕ་རོལ་ནི་མི་དང་ཁང་བརྩེགས་ཀྱི་འཚང་ཁ་ཞིག་དང་། ཕན་ཚུན་གདོང་ཐུག་བརྒྱབ་ཨེ་འགྲོ་བསམ་པ་དང་རླངས་འཁོར་གྱི་འཛེར་སྒྲས་མིའི་རྣ་བ་ཡང་འོན་པར་བཟོ་བ། གོས་སྲབ་གྱོན་ཏེ་རྒྱ་སྲང་ན་མཆོར་འགྲོ་ལ་རེམ་པའི་གཞོན་ནུ་མ། ཚོང་རྫས་ཙག་ཙིག་འཚོང་བའི་ཨ་ཅག་དག་གི་སྐད་སྒྲ། ནམ་མཁའ་དང་ས་འོག་ཏུ་གློག་གི་སྐུད་པ་དྲ་བ་དྲ་ཕྱེད་དུ་འཐེན་པའི་གྲོང་ཁྱེར་ཆགས་འདུག་པ་དེ་རེད།

ཁོས་རང་ཉིད་གང་དུ་བགྲོད་དགོས་པ་མ་ཤེས།

རྩྭ་ཐང་དང་གྲོང་ཁྱེར་གྱི་བར་མཚམས་ནས་འགྲེངས་ཏེ་ཡུན་རིང་དུ་ལུས།

མི་གཞན་དག་ལ་མཚོན་ན་གང་དུ་བགྲོད་དགོས་མིན་ནི་གདམ་ཀ་ཞིག་མིན་པ་འདྲ་ལ་རྐང་པ་སྤོ་ཚུལ་ལ་བརྟེན་ནས་གང་དུ་སླེབས་ན་དེ་རུ་ཐོན་ཐུབ། ཁོ་བོར་མཚོན་ན་གང་དུ་སོང་ནས་འཚོ་བ་རོལ་དགོས་མིན་ནི་འཇིག་རྟེན་སྟེང་གི་གདམ་ཀ་ཆེས་དཀའ་བ་ཞིག་རེད། གོམ་པ་སྤོ་རྒྱུ་ནི་ལས་སླ་བོ་ཞིག་ཡིན་ནའང་གང་དུ་བགྲོད་དགོས་མིན་ནི་གནད་དོན་པོ་ཞིག་ཡིན་པས་ཅི་བྱེད་གཏོལ་བྲལ་དུ་གྱུར་ཏེ་ཤེས་མེད་ཚོར་མེད་ངང་རང་གི་གྲིབ་མ་ལ་བལྟས་ཏེ་བསྡད།

མགོ་སྔ་མི་ཤེས་པའི་སྲང་ལམ་ཞིག་བརྒྱུད་སྐབས་མཚན་མོ་ལ་འཁེལ་འདུག ཁང་བརྩེགས་དག་གི་ནག་རིལ་རིལ་གྱི་གྲིབ་མའི་ནང་ནས་གྲོག་སྦུར་ལྟ་བུ་ཞིག་གློ་བུར་བུད་ཡོང་སྙམ་སྟེ་མདུན་དུ་སྐྲག་སྣང་གིས་བགྲོད། སྐྲག་སྣང་ནི་མིའི་རིགས་ཁྱོན་ལ་མངའ་བའི་སྣང་ཚུལ་ཞིག་རེད་ཨང་། སྐྲག་སྣང་དང་རྣམ་རྟོག་ནི་གནས་གང་ཞིག་ནས་གསར་གཏོད་བྱས་ཏེ་མི་སོ་སོའི་སྐེ་རྒྱན་དུ་འཕངས་པ་མི་ཤེས་མོད། འབྲོག་པའི་བྱིས་པ་དག་ལ་མཚོན་ན་གད་པ་ཆུང་ངུ་དང་བྲག་གཟར་བོ་དག་གི་རྒྱབ་རོལ་ན་ཅི་ཞིག་ཡོད་པར་དོགས་ཏེ་གནས་དེར་འགྲོ་མི་ཕོད་པར་མ་ཟད།མུན་པ་ཁད་ཀྱིས་འཐིབས་འོང་ན་ཨ་མྱེས་དང་ཨ་ཕྱི་སོགས་ཀྱིས་བཤད་པའི་གནའ་གཏམ་ནང་གི་གཅན་གཟན་གཏུམ་པོ་དང་།ཁྱད་མཚར་བའི་འཕྲུལ་མི་ལྟ་བུ་དག་གི་གྲིབ་མས་ཁོ་ཚོ་ལ་སྐྲག་སློང་གིན་ཡོད་ངེས།

ཁོས་སྐྲག་སྣང་དེ་གང་ནས་འོང་བར་བསམ་གཞིག་གཏོང་སྐབས་ཁོ་རང་དར་ཅིག་ལ་གཞོན་ནུ་ཞིག་ཏུ་ཆགས། ཁོའི་ལུས་སྟེང་ནས་ཅི་ཞིག་ལྷུང་གིན་པ་ཚོར། ལུས་སྟེང་དུ་ཐོག་མ་ཉིད་ནས་ཡོད་པའི་བཙལ་ནས་མི་རྙེད་པ་དག་བོར་བརླག་བྱུང་སྟེ་དུས་ཚོད་ཟེར་བ་གཏིང་བརྗེད་དུ་གྱུར་ཏེ། མིའི་རིགས་ཀྱིས་རྩི་བཞིན་པའི་དུས་ཚོད་མགྱོགས་དྲག་འདུག་ཟེར་ནས་ཁོམ་སྐབས་རེ་བྱུང་ཚེ་གྲོང་ཁྱེར་གྱི་མཐའ་རུ་སོང་ནས་རྡེའུ་སྤུང་གི་འགྲམ་དང་དར་ལྕོག་བཏགས་ཡོད་པའི་དར་ཤིང་ལ་ཁེན་ཏེ་ཉི་ནུབ་ལ་བལྟས། ལན་རེར་ཁོས་རང་སེམས་མཚོན་བྱེད་དུ་སྙན་ངག་བློས་བསླངས་བྱས་ཏེ་སྙན་ངག་ཀྱང་མང་པོ་བྲིས། དེ་དག་ལས་སྙན་ངག་ཐུང་ངུ་ཞིག་ཏུ།

གད་སྙིགས་འཐུ་བའི་བགྲེས་པོ་ཞིག་ལ་སྤྲིངས་པ།

ཨར་འདམ་གྱིས་བྱས་པའི་སྲང་ལམ་ནས་ཡུན་རིང་ལ་འགྲེངས་མཐར

ཆར་བ་འབབ་ལ་ཉེ

ང་རང་གད་སྙིགས་འཐུ་བའི་བགྲེས་པོ་ཞིག་གི་ཁ་གཏད་དུ་ལངས་ཏེ

ས་ངོས་སྙོམས་ཐིག་ལས་ཉི་མ་ནུབ་པར་བལྟས

གནའ་བོའི་མེས་པོ་དག་ཁལ་མ་དག་དང་མཉམ་དུ་རྒྱང་ལ་བསྐྱོད་པ་དྲན

མེས་པོ་དག་དྲན་པར་མི་བྱེད

མདུན་ཐད་དུ་ལངས་པའི་བགྲེས་པོ་འདི་ལས

མི་གཉིས་མཐོང་བྱུང

གཅིག་ནི་རྩྭ་ཐང་དུ་སྡོད་དུས་ཀྱི་བགྲེས་པོ་དང

ཅིག་ཤོས་ནི་གྲོང་ཁྱེར་དུ་སྡོད་དུས་ཀྱི་བགྲེས་པོ་རེད

ཡིན་ཡང

རྩྭ་ཐང་དང་གྲོང་ཁྱེར་དུ་གྱུར་ཟིན་པའི་ཁོ་བོར

སོ་སོར་འབྱེད་པའི་བློ་ཞིག་མི་འདུག

ཁོས་རང་གི་སྒོ་ཁྱི་ཡང་བོར་འདུག

ཁོ་དམའ་འབྲིང་དུ་ཞུགས་རྗེས་དགེ་རྒན་གྱིས་གསལ་བཤད་རྩོམ་ཡིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཐོག་མར་བརྩིས་པ་དང་།སློབ་ཁྲིད་བྱས་ཚར་རྗེས་གསལ་བཤད་རྩོམ་ཡིག་འབྲི་དགོས་པའི་བླང་བྱ་བཏོན་མྱོང་། འཇིག་རྟེན་ན་གསལ་བཤད་བྱེད་དགོས་པའི་དོན་དག་ནི་སྣ་ཚོགས་ཤིག་ཏུ་མཐོང་མོད།སྐབས་དེར་ཡག་པོ་ཞིག་འབྲི་ཤེས་ཀྱིན་མེད་པ་དང་ཕྱིར་དྲན་གྱི་ལམ་ནས་རྩོམ་བྲིས་ཆོག་པ་ནི་ཕལ་ཆེར་ཤེས་མི་སྲིད། ད་ལྟའམ་མ་འོངས་པ་སྟོན་པའི་ཁྱད་མཚར་བ་ཞིག་འབྲི་དགོས་སྙམ་པའི་བློ་ཞིག་འདུག བློ་དེ་དང་ལག་པ་ཁོ་ནས་རྩོམ་ཡག་པོ་འབྲི་ཐུབ་པ་ཞིག་ག་ལ་ཡིན། ལོ་དེར་ཁོ་ད་དུང་ལོ་ན་ཆུང་ལ་གྲིབ་མ་ཡང་ཆུང་། ཁོའི་གྲིབ་མ་ནི་གཡའ་དག་པའི་ནམ་མཁའ་དང་ཤིན་ཏུ་འཇམ་པའི་ཉི་འོད་འོག་ཏུ་ཁ་མ་ཕྱེས་པའི་ཚིག་མཛོད་མཐུག་པོ་ཞིག་གི་ནང་གི་ཐ་སྙད་དང་ཅིས་མི་མཚུངས། ལོ་དེར་དགེ་རྒན་གྱི་བཀའ་བཀོད་འོག་ནས་ཁོས་གསལ་བཤད་རྩོམ་ཡིག་ཅིག་བྲིས་མོད། ཁོས་རང་གི་གྲིབ་མ་འབྲི་རྒྱུ་ནི་གཏན་ནས་བརྗེད་སོང་། གསལ་བཤད་རྩོམ་ཡིག་དེ་ལྟར་གྲུབ་ནའང་ཁོ་ལ་སྤྲོ་སྣང་འཕེལ་བར་བྱས་པ་ནི་གསལ་བཤད་རྩོམ་ཡིག་བྲིས་པ་དེ་མིན་པར། གང་ནས་ཐོས་པ་བརྗེད་ཟིན་པའི་མཚན་ཉིད་རིག་པ་བ་ཞིག་གིས་ཉིན་མོར་ལག་ཏུ་སྒྲོན་མེ་ཐོགས་ཏེ་ཉི་འོད་ནང་དུ་མི་འཚོལ་གྱིན་ཡོད་ཟེར་བའི་སྐད་ཆ་དེས་ཁོ་བོར་ལག་བརྡ་གཞན་ཞིག་སྦྲན།

མཐོ་སྒང་གི་ཉི་འོད་ཚ་བའི་འོག་ཏུ་ཁོས་རང་གི་གྲིབ་མ་འཚོལ་མགོ་བརྩམས།

“གྲིབ་མ་ནི་ཅི་འདྲའི་རྩ་ཆེ་བའི་ནོར་བུ་ཞིག་རེད་ཨང”ཞེས་རང་གིས་རང་ལ་སྨྲས།

མགོ་སྔ་མི་ཤེས་པའི་སྲང་ལམ་ཞིག་བརྒྱུད་སྐབས་གང་ནས་འོང་བ་མི་ཤེས་པའི་བསིལ་རླུང་ཞིག་ལྡང་ཞིང་ཁོ་རང་གི་གྲིབ་མ་གྲག་མེད་འགུལ་མེད་དུ་བཟོས།

རླུང་གི་ནང་ཁྲོལ་ནས་ལོ་ངོ་དུ་མའི་ཡར་སྔོན་གྱི་ཞོགས་པ་ཞིག་དྲན་ཏུ་བཅུག ཞོགས་པ་དེར་སྡེ་བ་གཞུང་གིས་ས་སློག་འཕྲུལ་ཆས་ཤིག་ཉོས་ཡོང་སྟེ་ར་སྐོར་གྱི་ནང་དུ་བཞག གསར་དུ་འབུས་པའི་མྱུ་གུ་དག་གཅིར་བ་དེར་སུ་ཞིག་གིས་འགེབས་སྲུང་དང་ཁ་ཡ་བྱེད་ངེས། རྩྭ་རྩི་ཤིང་འཇམ་ཅག་གེར་ཡོད་ལ་ཆུ་བོའི་བཞུར་སྒྲ་བར་གླགས་མེད་པར་དཀྲོལ་འོང་བའི་གནས་དེ་ག་ནས་ཐོག་མར་དེང་རབས་འཕྲུལ་ཆས་དེ་ཉག་ཁ་བརྒལ་ནས་སྡེ་བ་འདིའི་གྲིབ་མ་ཧྲིལ་པོ་ཞིག་གི་ཁུངས་སུ་འཛུལ། དེར་ཡོད་ཀྱི་མི་ཚང་མས་འཕྲུལ་ཆས་དེར་བལྟས་ཏེ་མིག་ནང་དུ་ཡ་མཚན་པའི་འོད་ཅིག་འཚེར་ཡོད་ངེས། སྐབས་དེར། སྡེ་བར་མཚོན་ན་འཕྲུལ་ཆས་སྣ་ཚོགས་ཕར་ཞོག་འདྲུད་འཐེན་འཁོར་ལོ་ཞིག་ཀྱང་འདུག ཡོད་པ་ནི་ལྕགས་རྟ་རེ་འགའ་རེད། ས་སློག་འཕྲུལ་ཆས་དེས་ཁྱིམ་མི་རེ་རེ་ཡི་རྡོག་པས་མནན་མྱོང་བའི་རྐང་ལམ་ཆུང་ངུ་དེ་ས་གཤགས་རྡོ་གཤགས་བྱས་ཏེ་ཞིང་ས་དག་བསློགས་སོང་།མ་བསློགས་པའི་ཡར་སྔོན་དུ་འཕྲུལ་ཆས་དེའི་ཁ་ལོ་པ་སུ་བྱེད་དགོས་པའི་སྐོར་ལ་ཡང་རྩོད་པ་བྱུང་ཡོད་ངེས། མི་རྣམས་ཀྱི་སྣང་ངོར་དུས་དང་མི་འགྱུར་རུང་སྒོ་ཕྱུགས་དང་ཡུལ་ལྷ་གཞི་བདག་མི་འགྱུར་བའི་སྨོན་ལམ་འདེབས་ཀྱིན་ཡོད་ངེས། འཕྲུལ་རྟ་དང་རླངས་འཁོར་ལ་ཁ་ལོ་བསྒྱུར་ཏེ་བགྲོད་ཐུབ་པ་བྱུང་ནའང་རང་གི་རྟ་ཕོ་ནི་བཞོན་པ་བཟང་ཤོས་སུ་རྩི། སྦྲ་ཕུབས་ན་ཐག་པ་གཞན་ལག་ནས་མི་ཉོ། རྩིད་པ་དང་ཀོ་བས་བཟོས་པའི་རྒྱུན་བུ་དང་འབྲེང་ཐག་ནི་ཐག་པ་བཟང་ཤོས་སུ་རྩི། རུ་བ་གནས་གཞན་དུ་སྤོ་དུས་ལམ་བར་དུ་ཐང་ཀ་དང་ཚེ་ཐར་དུ་བཏང་བའི་སྒོ་ཟོག་སྒོ་ཁྱི་མཆོད་ཆ་སོགས་ལ་ཧ་ཅང་གཅེས་འཛིན་བྱས་ཏེ་འབོར་མི་ཉན་པའི་གྲས་སུ་འཛིན་པར་བྱེད། ཁ་དོག་སེར་པོ་དང་དཀར་པོ་སྔོན་པོ་གསུམ་གྱི་སྟེང་ལ་སྤོ་བར་མི་བྱེད་པའི་བྱ་སྤྱོད་སོགས་དྲན་དུས།ཁོ་ནི་སྲང་ལམ་དུ་རྒྱུ་བའི་བསིལ་རླུང་ཞིག་དང་མཚུངས། ཁོ་རང་གནས་གང་དུ་ཡོད་པ་མ་ཤེས། ཁོས་ཐོག་མ་ཉིད་ནས་ལམ་ནི་ཁོ་གང་ལ་བགྲོད་བྱེད་ཀྱི་སྣེ་མོ་ཡིན་པ་ཤེས་ནའང་ཁོས་རང་ཉིད་གང་དུ་བགྲོད་དགོས་པ་མ་ཤེས། དུས་རབས་མི་འདྲ་བ་གཉིས་ལ་བསམ་གཞིག་བཏང་།

ལོ་དེར། ས་སློག་འཕྲུལ་ཆས་དེ་ལྟར་ཐོན་ཞིང་ས་ཡང་བསློགས་ལ། མེ་ཏོག་གི་འདབ་མའི་ཁུད་དུ་ཟིལ་བ་བཞིན་གཉོར་བའི་ཁོ་བོས་ལག་པ་ཆུང་ངུ་སྤྱད་དེ་འཕྲུལ་ཆས་ཀྱིས་གསར་དུ་བསློགས་པའི་ས་ནག་སྟེང་ལ་རེག

དུས་ནམ་ཞིག་ཡིན་པ་ཆ་མ་འཚལ་མོད་ཁོ་ལ་གྲིབ་མ་གཉིས་བྱུང་།

ཁོས“གྲིབ་མ་ནི་ཅི་འདྲའི་རྩ་ཆེ་བའི་ནོར་བུ་ཞིག་རེད་ཨང”ཞེས་སྨྲས།

མགོ་སྔ་མི་ཤེས་པའི་སྲང་ལམ་ཞིག་བརྒྱུད་སྐབས་རང་གི་གྲིབ་མ་ནི་མི་གཞན་ཞིག་གི་གྲིབ་མ་རེད་བསམས། ཁོས་གཟབ་ནན་གྱི་མིག་ཟུང་གིས་སྲང་ལམ་ཡོངས་ལ་ལྟ་དུས།ཁོ་དང་ཆ་འདྲ་བའི་གྲིབ་མ་གཉིས་ཡོད་པའི་མི་ནི་མང་པོ་འདུག སའི་གོ་ལའི་སྟེང་དུ་གྲིབ་མ་མེད་པའི་མི་ཡང་མེད་པ་རྟོགས།

ད་ལྟ་ཁོ་བོ་ཁ་འབྲལ་ཐབས་མེད་པའི་མི་གཉིས་སུ་གྱུར་འདུག གཅིག་ནི་གྲོང་ཁྱེར་གྱི་མི་དང་ཅིག་ཤོས་ནི་རྩྭ་ཐང་གི་མི་ཡིན། ཁོའི་ལུས་སྟེང་ནས་ཅི་ཞིག་ལྷུང་གིན་འདུག ཕྱེད་གཉིས་སུ་གྱེས་ཏེ་ལྷིང་འཇགས་དང་འུར་ཟིང་གཉིས་ཀ་ཁོའི་ལུས་སྟེང་ནས་ཟགས་བྱུང་།

མགོ་སྔ་མི་ཤེས་པའི་སྲང་ལམ་ཞིག་བརྒྱུད་སྐབས་མཚན་མོར་འཁེལ་འདུག ཁོས་རང་གི་གྲིབ་མ་གཉིས་མཐོང་མ་བྱུང་བས་སེམས་པ་བདེ་ལ་བབས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།