ཀྲུང་གོ་བོད་ཀྱི་དྲ་བ།

བློས་བསླངས་ཀྱི་དཀྱིལ་འཁོར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མཆོག་ཚང་བསོད་ནམས་རིན་ཆེན།   སྤེལ་དུས། : 2020-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

སྔ་མོར། བསམ་ཁོ་སྙིང་ལོག་ཅིག་བརྒྱབ་ནས་སད་བྱུང་། སད་མ་ཉིད་དུ་མིག་མཐའི་མིག་སྐྱག་དག་ཀྱང་ཕོ་མོ་གཉིས་ཡུན་རིང་མཉམ་དུ་བསྡད་རྗེས་གློ་བུར་དུ་ས་ཡོམ་ཞིག་གིས་དཀྱིལ་ནས་བཀད་པ་དང་འདྲ་བར། ད་དུང་མིག་སྤུའི་མཐའ་ནས་གཅིག་གིས་གཅིག་ལ་ལག་པ་བསྲིངས་ཤིང་གདུང་བའི་འཕག་འཚག་བྱེད་ཀྱིན་གདའ་མོད། བསམ་ཁོ་ནི་མི་ཡིན་པ་དང་མིག་སྐྱག་ནི་མི་དང་ཡན་དུ་གར་དགོས་ངེས་ཀྱི་རིགས་ཤིག་ཡིན་རྐྱེན། ཁོང་གཉིས་ཀྱིས་གྱེས་བྲལ་གྱི་སྨེ་སྔགས་འདོན་པ་དང་གདུང་བའི་མིག་ཆུ་གཏོར་བ། མཐུན་པའི་དགའ་འབོད་གཏོང་བ་སོགས་ཇི་ལྟར་ཡང་གདུག་རྩུབ་ཆེ་བའི་མིག་ཁ་ཕྱེས། ཁོས་མཚན་གང་ལ་མལ་ཐུལ་དུ་གཅུད་པའི་རང་གི་ལག་པ་གཉིས་ཕྱིར་ཕུད་དེ་གླལ་སྒྱིང་ཞིག་བྱེད་ཞོར་མལ་ལས་ལངས་དགོས་བསམས། ཡིན་ཡང་། ཁོའི་ཁོག་སྨད་ལ་འགུལ་རྒྱུ་མི་འདུག་ལ་ཚོར་རྒྱུའང་མི་འདུག ཁོས་ཐོག་མར་དེ་ཙམ་མཉམ་མ་བཞག ཁོའི་བསམ་པར་ཁོག་སྨད་རིད་སོང་བ་ཁོ་ཐག་རེད་སྙམ་སྟེ། འགྲེ་ལོག་ཅིག་བྱ་དགོས་བསམས་ཏེ་ལག་པའི་འཆིང་བ་མལ་ཁྲིར་གཏད་དེ་ཤུགས་ཅུང་ཙམ་བཏོན་ནས་འགུལ་ཙམ་བྱས་མོད། ཁོག་སྟོད་གཅིག་པུ་འགུལ་གྱིན་པ་ལས་ཁོག་སྨད་ལ་འགུལ་རྒྱུ་མ་བྱུང་། དེ་ནས་ཁོར་སྔངས་འཚབ་སྐྱེས་ཏེ་མྱུར་དུ་ཁོག་སྨད་དུ་བཀབ་ཡོད་པའི་མལ་ཐུལ་བཀོག་སྟེ་ལྟ་སྐབས། ཁོ་རང་ཏོག་ཙམ་ལ་ཧོན་ཐོར་ནས་འདུག་དགོས་བྱུང་སོང་།

གཉིས།

བསམ་ཁོ་ནི་སྒྲུང་གཏམ་པ་ཞིག་ཡིན་པས། ནམ་རྒྱུན་མལ་ཁང་གི་གྲོགས་པོ་ཚང་མ་གཉིད་ཟིན་དུས། ཁོས་མལ་ཁྲིའི་སྟེང་དུ་ཞི་ལ་ཆུང་ཆུང་ཞིག་གི་ཟོལ་གྱིས་མལ་ཐུལ་གོན་ཏེ་རྐང་པ་གཉིས་སྐུམ་སྐུམ་བྱས། པུས་མོ་གཉིས་བྲང་ལ་སྦྱར་ཞིང་ལག་པ་གཉིས་ཀྱིས་དམ་ལྷོད་རན་པར་བསྡམས་ཏེ། མིག་བཙུམས་ནས་བསམ་གཞིག་གཏོང་བ་ནི་བསམ་ཁོར་མཚོན་ན་ཉིན་གཅིག་གི་ཆེས་ལྷིང་འཇགས་ཀྱི་གནས་སྐབས་ཤིག་དང་། ཁོའི་སྒྲུང་གཏམ་བློས་བསླངས་བྱེད་པའི་དམིགས་བསལ་གྱི་དུས་སྐབས་ལེགས་པོ་ཞིག་ཡིན་སྲིད།

མདང་དགོང་། མལ་གྲོགས་ཚང་མ་གཉིད་དུ་སིམ་སོང་། ཁོས་སྔར་ལྟར་སྒྲུང་གཏམ་ཞིག་ལ་བློས་བསླངས་བྱེད་ཀྱིན་གདའ། བསམ་པའི་ཀློང་གང་བྱུང་དུ་རླུང་བུ་བཞིན་གཡུགས་གཡུགས་མཐར། དེ་རིང་ཕྱི་དྲོར་དགེ་རྒན་ཞིག་གི་གཞུང་ལས་ཁང་ནས་དགེ་རྒན་དེ་དང་དགེ་རྒན་གཞན་ཞིག་གིས་ལབ་གླེང་བྱེད་པའི་ངང་ཚུལ་དྲན། སྐབས་དེར་ཁོ་གན་རྐྱལ་དུ་ཉལ་ཏེ་མིག་གིས་ཁང་པའི་ཀླད་ཁེབས་ཀྱི་གྱང་ངོས་ལ་ཧད་དེ་ཕྱིར་འདང་བརྒྱབ། གྱང་ངོས་སུ་ཝ་མོ་ཞིག་དང་སྤྱང་ལྟོགས་ཤིག་གློག་བརྙན་གྱི་ཟོལ་གྱིས་མངོན་ཡོང་།

“ཧྲུའུ་ཅི་ཕེབས་སོང་ངམ། རང་ལ་ལས་ཀ་ག་རེ་ཡོད་ན་བདག་ལ་བརྡ་བཏང་ཆོག རང་ཆེད་དུ་ལས་ཚགས་དགོས་ཀི་མི་འདུག་ཨང་”ཟེར་ཞོར་མྱུར་དུ་རང་ཉིད་ཀྱི་འདུག་སྟེགས་ལས་ཡར་ལངས་ཤིང་། གཉའ་ཞུམ་ཞུམ་གྱིས“སྤྱང་ལྟོགས”དེའི་མདུན་དུ་བརྒྱུགས་ཏེ་འགྲམ་ནས་རྐུབ་སྟེགས་ཤིག་ལ་ལག་པ་གཉིས་ཀྱིས་འཇུས་ཏེ“སྤྱང་ལྟོགས”ཀྱི་རྐུབ་ལ་གཏད།

“དོན་གལ་ཆེན་པོ་མི་འདུག་སྟེ……”ཞེས་ངག་ཁུམ་ཁུམ་གྱིས་ཅང་ལབ་མདོག་ཡོད་པ་དང་། ལབ་པའི་དོན་དེ་ཝ་མོའི་གོ་འོས་པའི་རྣམ་འགྱུར་གྱིས་རྐུབ་སྟེགས་སྟེང་མགོ་བོ་རྒྱབ་ལ་བསྙེས་ནས་བསམ་གཞིག་གཏོང་ཁུལ་བགྱིས།

“རེད་ལགས། ད་ཐེངས་ཀྱི་གྲོང་ཚོར་བཅའ་སྡོད་དུ་ང་འགྲོ་ཡི་ཡིན། ངས་སྔོན་མ་ཞིག་ནས་རྒན་ལགས་ལ་ཞུ་འདོད་ཡོད། ཁོ་ཧྥེ་ཕོར་གང་མཆོད་རོགས་གནང་། འཇར་པན་ནས་བསྐུར་བ་ཞིག་ཡིན་ལགས”ཞེས་ཁོ་ཧྥེ་ཤོག་ཕོར་གང་ལག་གཉིས་ཀྱིས་སྐྱོར་ཞོར་གཉའ་ཅུང་ཞུམ་ཞུམ་གྱིས་སློབ་མ་ཞིག་དགེ་རྒན་གྱི་མདུན་དུ་སླེབས་པའི་ཟོལ་གྱིས་མདུན་དུ་བསྲིངས།

“ཨ་ལེ། དངོས་གནས་ཡིན་པས། ཞེད་སྣང་ཡག་པོ་བྱུང་སོང་། ང་ལའང་དཀའ་ལས་ཁག་དགོས་ཀི་མི་འདུག”ཅེས་ལུས་པོ་དྲང་མོར་བསྡད་དེ་བཅོས་མའི་འཛུམ་ཆུང་ཞིག་བཙན་གྱིས་བསྟན་ཏེ“ཝ་མོའི”ལག་གི་ཁོ་ཧྥེ་ལ་བསྙབས།

“དངོས་གནས་ཡིན་ད། ཧྲུའུ་ཅི། སྔོན་མ་ཞིག་ནས་ཡར་ཞུ་འདོད་ཡོད། རང་གིས་དེའི་སྐོར་ལ་བསམ་བློ་མང་པོ་གཏོང་དགོས་ཐུག་པས། ལས་ཚགས་ཞེ་པོ་བརྒྱབ་ཚར། རྒན་ལགས་གཞན་ད་རྣམས་ཀྱིས་དེ་འདྲ་དང་ལེན་བྱ་གི་མི་འདུག་ཨ། ངས་ཧྲུའུ་ཅི་ལགས་ཀྱི་དཀའ་ལས་རྟོགས་ཡོད་པས་ཡིན”ཞེས་མཁུར་ཚོས་ཀྱང་གཟེར་ཡོང་བསམ་པའི་འཛུམ་མདངས་བཙན་ཚུགས་ཅན་ཞིག་བསྟན་ནས། གམ་གྱི་སྒྲོག་ཙེའི་མཐའ་ན་བྱིས་པ་ཞིག་གིས་ནག་ཉེས་ཁུར་ཏེ་ཡར་འགྲེངས་ནས་སྡོད་དུ་བཅུག་པའི་ཉེས་ཅན་པ་ཞིག་གི་ཟོལ་གྱིས་དེ་ལྟར་བཤད།

“ཁོ་ཧྥེ་ཞིམ་པ་ལ་ཨང་། ཁོ་ཧྥེ་ཞིམ་པོ་ཞེ་པོ་འདུག”ཅེས་ཁོ་ཧྥེ་ཧུབ་གང་བཏུངས་རྗེས་ཡ་མཚན་ཞིམ་མདོག་གིས“ཝ་མོ”ཡི་གདོང་ལ་ལན་ཞིག་ལ་བསྒུགས་པའི་ཟོལ་གྱིས་ཅེར་ཡོང་།

“ཧྲུའུ་ཅི་ལགས། རང་དེ་ལ་དགའ་བོ་ཞེ་དྲག་ཡོད་པ་ཏག་ཏག་འགྲིག་བཞག ངས་ད་དུང་སྔོན་མ་དེ་ལ་རང་གི་ལས་ཤག་ཁང་དུ་བསྐྱལ་འདོད་ཡོད། ཡིན་ཙང་ད་ལྟ་དེ་རང་དངོས་སུ་ཕེབས་སོང་བ་མ་རེད་པས”ཞེས་བསམ་པ་དཀར་མདོག་མདོག་གིས་སྨྲ་དག་ཅིང་ཚིག་འབྲུ་རེ་རེ་ནན་ནན་ཏན་ཏན་གྱིས་ཞུས་ཤིང་། ཅི་ཞིག་གི་བསྟོད་བསྔགས་ལ་བསྒུགས་པའི་རྣམ་འགྱུར་ཞིག་མངོན་ནས་བསྡད།

“ཨ་ཙི། དངོས་གནས་ཡག་པོ་བྱུང་སོང་། འོ། དོན་དེ་ཁྱོད་ཀྱིས་དངོས་གནས་ཡག་པོ་འཁྱོངས་བཞག ཐུགས་ཆེ”ཞེས་དོན་དེ་དང་ཁོ་ཧྥེ་གཉིས་མཉམ་པོར་སྦྱར་བའི་ཟོལ་གྱིས་སྐད་ཆ་རིམ་པ་ཅན་དང་ནང་དོན་གོ་རྒྱུ་ཅན་དེ་བཤད་རྗེས་ལག་གི་ཁོ་ཧྥེ་ལ་ཧུབ་ཅིག་བརྒྱབ་རྗེས་ཡར་ལངས་ཏེ། ལག་གཡོན་པས་ཁོ་ཧྥེ་འཐུང་ལྷག་དེ་ཁྱེར། ལག་གཡས་པས་ཁོའི་མདུན་གྱི་འཇར་པན་གྱི་ཁོ་ཧྥེ་དམ་བེ་དེ་ཁྱེར་ནས་གཞུང་ལས་ཁང་གི་སྒོར་བུད་ཅིང་རང་གི་གཞུང་ལས་ཁང་གི་ཕྱོགས་སུ་ཆས།

“ཝ་མོ”དེས་ཧ་ཅང་བྱ་དགའ་ཆེན་པོ་ཞིག་རེག་མེད་དམ་སྙམ་པའི་ཟོལ་གྱིས་གདོང་ལ་མ་བཅོས་རང་མངོན་གྱི་འཛུམ་ཆུང་ཞིག་དོད་པ་དང་། དབུགས་རིང་ཞིག་བརྔུབས་ཏེ་རང་གི་རྐུབ་སྟེགས་སུ་བཞུགས།

སྐབས་དེར། སྔངས་འདར་ཞིག་གིས་སྟོང་བསམ་གྱི་ཀློང་ནས་དཀྲོགས་ཏེ་རང་ཉིད་དགེ་རྒན་ཀ་པའི་གཞུང་ལས་ཁང་དུ་ཡོད་པ་ཚོར། མ་གཞིར“ཝ་མོ”དང“སྤྱང་ལྟོགས”ཀྱི་བརྙན་རིས་དེ་ནི་ད་སོ་མར་དགེ་རྒན་ཁ་པ(སློབ་གླིང་འདིའི་ཧྲུའུ་ཅི་ཡིན)གཞུང་ལས་ཁང་དུ་འཛུལ་རྗེས་སུ་དགེ་རྒན་ཀ་པ་དང་ཁ་པ་གཉིས་ཀྱི་ཁ་བརྡའི་ལེ་ཚན་སྔོན་དཔག་གི་ཟོལ་གྱིས་རང་ཉིད་ཀྱིས་རྟོག་བཏགས་དང་འོལ་ཚོད་བྱས་པའི་སྣང་བརྙན་ཞིག་ཡིན། ཁོའི་བསམ་པར་དེང་གི་ལས་བྱེད་པ་གང་མང་མང་ཞིག་གིས་མགོ་ཁྲིད་ནི་རང་གི་རྩ་བའི་བླ་མའི་ཟོལ་གྱིས་བཀུར་བ་དང་ངོ་དགའ་བྱེད་སྲིད་པ་མང་པོ་མཐོང་བས། དགེ་རྒན་འདི་གཉིས་ཀྱང་དེ་ལས་མ་འདས་སྙམ་ཞིང་དེ་ལྟར་ཚོད་དཔག་བྱས།

“རྒན་ལགས། ཕེབས་སོང་ངམ”དགེ་རྒན་ཀ་པས་རང་གི་འདུག་སྟེགས་ནས་འདུག་ཙམ་བྱས་ཏེ། ཅུང་མི་འཐད་པའི་ཟོལ་དང་ཁ་ཡ་མ་བྱས་ཐབས་མེད་ཀྱི་རྣམ་འགྱུར་ཞིག་གིས་དེ་ལྟར་བཤད།

“རྒན་ལགས་ཀྱིས་ཁོ་ཧྥེ་བཞེས་སམ། འཇར་པན་ནས་ཁྱེར་ཡོང་བའི་ཁོ་ཧྥེ་ཞིག་འདུག”བདག་གིས་རང་དབང་མེད་པར་དགེ་རྒན་ཀ་པའི་ཚིག་རྔ་བཟུང་ནས་གུས་གུས་ཞུམ་ཞུམ་གྱིས་དེ་ལྟར་བཤད།

“འོ། རང་ཡང་འདི་ན་ཡོད་པས། རང་ག་རེ་བྱེད་དུ་ཡོང་བ་ཡིན”ཞེས་གདོང་ལ་མཚར་སྣང་བཙན་ཚུགས་ཅན་ཞིག་མངོན་བཞིན་མིག་གིས་བདག་གི་གདོང་ལ་ཅེར་ཞིང་། སྐབས་རེར་ཁོ་ཧྥེ་ལ་ལྟ་ཞོར་ལག་པས་ཁོ་ཧྥེ་སྙོབ་ཀྱིན་འདུག

“ཡིན་ལགས། རྒན་ཀ་པ་ལགས་ལ་བཀའ་འདྲི་ཁ་ཤས་འདུག་པས། དེ་གར་ཡོང་བ་ཡིན། རྒན་ལགས་ལའང་དོན་རེ་གཉིས་ཡོད་པ་ཡིན་ནམ”སྐད་གཉོམ་གཉོམ་གྱིས། སྐད་གདངས་ལྷོད་ལྷོད་ཀྱིས། རང་གིས་ཕན་ལོས་ཐོགས་འདོད་བྱེད་ཀྱི་དྲི་བ་ཞིག་གིས་དགེ་རྒན་ཀ་པའི་ངོ་སོ་ཨེ་འགུག་ལ་བསྒུགས།

“ད་ཐེངས་ཡང་གྲོང་སྡོད་མི་སྣ་བཀོད་སྒྲིག་བཟོ་བའི་དུས་ལ་ཁེལ་བས། ངས་རྒན་ལགས་ཀྱི་དགོངས་པ་ག་འདྲ་ཡིན་པར་འདྲི་ཡི་ཡོང་བ་ཡིན”ཞེས་ཁོས་རེ་ལྟོས་ཆེ་བའི་མིག་གིས་དགེ་རྒན་ཀ་པའི་གདོང་ལ་ཅེར།

“རྒན་ལགས། བདག་གི་ཆུང་མ་ལ་ད་ཐེངས་མངལ་ཆགས་ཟིན་པས”ཅུང་འུ་ཐུག་པའི་ངང་ནས་འགྲོ་འདོད་མེད་པའི་ཟོལ་གྱིས་དགེ་རྒན་ཁ་པའི་གདོང་ལ་བལྟས་པ་དང་། ཡང“རྒན་ལགས་ཀྱིས་རྒན་ལགས་གཞན་པ་ཞིག་འཚོལ་བར་གྱིས་ཤིག”ཅེས་རྣམ་འགྱུར་མི་ལེགས་པ་ཞིག་གིས་མི་འདོད་པའི་ཟོལ་གྱིས་རང་གི་མདུན་ཅོག་གི་གཡས་སྣེར་ཡོད་པའི་ཁོ་ཧྥེ་ཕོར་བ་དེ་བླངས་རྗེས་ཧུབ་གང་འཐུངས་ཤིང་བསྡད།

“དགེ་རྒན་ཀ་པ་འགྲོ་འདོད་མེད་ཀྱང་དེ་འདྲའི་རྣམ་འགྱུར་མི་ལེགས་པ་བསྟན་ན་མི་ལེགས་ཤིང་། གལ་སྲིད་རང་ཉིད་དགེ་རྒན་ཞིག་ཡིན་ན་ཅི་མ་རུང་། ད་ཐེངས་གོ་སྐབས་འདི་སྤྱད་དེ་རང་ཉིད་ཀྱིས་ཧྲུའུ་ཅིའི་མདུན་ནས་ངོ་སོ་ཡ་མཚན་པ་ཞིག་ལེན་པའི་སྐལ་བ་ལྡན་མོད། འོན་ཀྱ……”ཞེས་སྟོང་བསམ་གྱི་རྒྱ་རུ་ཚུད་ཅིང་། དགེ་རྒན་གཉིས་ཀྱི་མདུན་ནས་ཅི་ཡིན་འདི་ཡིན་མེད་པར་འཛུམ་བསྟན་པས།“ག་རེ་བྱས་སོང་། རང་གིས་ང་ལ་འཕྱ་དམོད་གཏོང་གིན་ཡོད་པས”ཞེས་དགེ་རྒན་ཁ་པ་ཅུང་དོགས་མི་བདེ་བ་དང་གདོང་ཡང་ཅུང་ཙམ་འགྱུར་ནས། རང་ཉིད་ཧྲུའུ་ཅི་ཡིན་ཡང་དགེ་རྒན་འདི་དག་གིས་རང་ཉིད་ཀྱི་ཁ་ལ་ཉན་གྱིན་མེད་པ་དང་།ཐ་ན་སློབ་མ་འདི་དག་གིས་ཀྱང་འཕྱ་ཡི་འདུག་སྙམ་ནས། ཁོག་གི་མེ་ལྕེ་ཇེ་ཆེ་ནས་ཇེ་ཆེར་སོང་མོད། འོན་ཀྱང་། མ་གཞི་ནས་ད་ཐེངས་དགེ་རྒན་ཀ་པ་གྲོང་སྡོད་དུ་འགྲོ་བའི་དུས་ལ་ཐུག་མེད་པས་ཐབས་ཟད་དེ། ཅང་མིན་མདོག་གིས་རང་གི་ལག་པ་གཡས་པར་བསྡམས་པའི་ཁོ་ཧྥེ་རྔམ་འཐུང་ཞིག་བྱས་ཏེ། སྐན་ཡང་བསྲེག་ལ་ཁད་ཀྱིས་མྱུར་དུ་ཁོ་ཧྥེ་ཁམ་གང་དེ་མིད་ཅི་ཐུབ་བྱས་པ་དང་། དེ་ནས་དོན་ཅི་ཡང་བྱུང་མེད་ཁུལ་བགྱིས།

“ཁོ་ཧྥེ་འདི་ཞིམ་པོ་ཞེ་པོ་འདུག”ཞེས་ངོ་ཚ་བའི་དོན་དག་སྔོན་མ་དེ་དག་འགེབས་པའི་ཕྱིར་དུ་སྐད་ཆ་གཞན་པ་ཞིག་གི་སྣེ་བཟུང་།

“རྒན་ལགས། ཁོ་ཧྥེ་འདི་འཇར་པན་ནས་བསྐུར་ཡོང་བ་ཡིན། ད་ལྟ་ཁྱེར་ནས་ཡོང་བ་ཡིན། རང་གི་ཐུགས་ལ་འབབ་ན་རྒན་ལགས་ལ་འབུལ་བ་ཡིན”ཞེས་གཉའ་ཞུམ་ཞུམ་གྱིས་དགེ་རྒན་ཀ་པར་མིག་མདའ་ཞིག་འཕངས་ནས་དགེ་རྒན་ཁ་བའི་གདོང་ལ་ཅེར་ནས་བསྡད།

“དེས་ན་རང་ལ་དཀའ་ལས་བཟོས་སོང”ཞེས་ཅུང་ཡིད་ཚིམས་པའི་ཟོལ་གྱིས་རང་གི་གཡོན་མདུན་དུ་བཞག་པའི་ཁོ་ཧྥེ་དམ་བེ་གང་དེ་ལག་པ་གཡོན་པས་བསྙབས་ནས། ལག་གཡས་པར་བཟུང་བའི་ཁོ་ཧྥེ་ཕོར་གང་དེ་ཧུབ་ཀྱིས་འཐུང་ཞོར་སྒོར་ཕྱིན་སོང་།

“རྒན་ལགས་ག་ལེར་ཕེབས” ཞེས་གུས་གུས་ངང་ཁོང་གི་རྗེས་དེད་དེ་ཕྱི་ལ་བསྐྱལ་མོད། དགེ་རྒན་ཀ་པས་ངའི་བཟོ་ལྟ་དེ་མཐོང་འདོད་མེད་པ་དང་། ཡང་ན་ཞེན་ལོག་གི་རྣམ་འགྱུར་གྱིས་རྐུབ་སྟེགས་སུ་གན་རྐྱལ་དུ་སྡོད་ཅིང་། མི་འདོད་པའི་རྣམ་འགྱུར་གྱིས “ཁྱོད་ཀྱིས་ཇི་ལྟར་ཞུམ་ཞུམ་དང་གུས་གུས། ཁ་འགྲིག་འགྲིག བསམ་པ་མཐུན་པོ་བྱས་ཀྱང་མགོ་པ་འདི་དག་ནམ་རྒྱུན་འདི་ལྟར་ཡིན་སྲིད། རྟག་པར་བཀའ་འབབ་ས་ཞིག་དང་། དཔོན་ཚུགས་སྟོན་ས་ཞིག་ཨེ་རྙེད་ལ་བསྒུགས་ཡོད་སྲིད། དངོས་གནས་སུན་པ་ལ”ཟེར།

གསུམ།

ཉལ་རོགས་ཀྱི་གཉིད་བཤད་ཅིག་གིས་བདག་གི་བསམ་གཞིག་དང་བློས་བསླངས་རྦད་དེ་གཏོར་ཞིང་། རང་གི་བསམ་གཞིག་གི་མདའ་མོ་དེང་གི་མགོ་ཁྲིད་དང་ཞབས་གཡོག་པ། དགེ་རྒན་དང་མགོ་ཁྲིད་བར་གྱི་སྤྱི་ཚོགས་ཀྱི་སྣང་ཚུལ་དག་ལ་བསྐོར་མོད། ད་ནི་བདག་གི་མདུན་ཐད་ཀྱི་གྱང་ལྡེབ་དཀར་རྐྱང་ངོས་ནི་གཟིག་དང་དོམ། དྲེད། སྤྱང་ལྟོགས་སོགས་གཅན་གཟན་དག་གིས་རྐྱང་དང་ཤྭ་བ། ཡུ་མོ། གླ་བ་སོགས་རང་ས་ནས་རྩྭ་ཆུ་ལ་རོལ་བའི་བདེ་འཇུག་གི་འཇིག་རྟེན་དག་ལ་འཚེ་བ་དང་། རང་ཉིད་ཀྱི་ལྟོ་རྒྱབ་ཀྱི་དོན་དུ་གང་ས་གང་དུ་འཁྲུག་ལོང་རྒོད་པོའི་རྡུལ་འཚུབ་འཐུལ་གྱིན་འདུག

བཞི།

བསམ་ཁོ་གཉིད་ཁར། གྲོགས་པོས་གཉིད་བཤད་དེས་ཁོར་ཡུན་རིང་ཞིག་ལ་གཉིད་མ་ཡོང་། ཁོས་བློས་བསླངས་བྱེད་ཀྱིན་པའི་སྐབས་ཐོག་དེར། གྲོགས་པོ་གློ་བུར་དུ་གོག་ལངས་བྱས་ཏེ། ཐོག་མར་གསལ་ལ་མི་གསལ་བའི་སྐད་ཆ་འགའ་བཤད་པས། བསམ་ཁོས་ཁོ་ལ་བཤད་ཀྱིན་འདུག་སྙམ་སྟེ། ཁོས་གྲོགས་པོར་གསལ་པོ་མ་གོ་བའི་སྐད་བཏང་མོད་ཨ་ལན་མ་བྱིན། དེ་ནས་ཅང་མིན་འདང་གིས་བསམ་ཁོས་ཡང་བསྐྱར་བསམ་གཞིག་བྱས། སྐབས་དེར། གྲོགས་པོ་སྨི་གཅིག་དང་ཕྱེད་ལྷག་གི་མལ་ཁྲི་ལས་བབས་ཏེ། དང་ཐོག་ཁ་གང་འཁོར་ཡང་མི་ཤེས་པ་ལྟར་ཡར་འཁོར་མར་འཁོར་ཐེངས་འགའ་བྱས་རྗེས་སྒོའི་ཁ་གཏད་དུ་འགྲོ་མགོ་བརྩམས། བསམ་ཁོས་བསམ་པར་གཙང་སྤྱོད་དུ་འགྲོ་ཡི་འདུག་སྙམ་མོད། ཁོས་མཉམ་འཇོག་དེ་འདྲ་མེད་པའི་མཚམས་ནས་མགོ་བོ་ཁོའི་ཕྱོགས་སུ་འཁོར་སྐབས། གྲོགས་པོ་ནི་རྐང་རྗེན་དུ་འགྲོ་ཡི་ཡོད་པ་མཐོང་། བསམ་ཁོའི་བསམ་པར་ཁོ་རྐང་རྗེན་དུ་སྤྱོད་ཁང་དུ་འགྲོ་བ་ནི་དཔེ་མི་སྲིད་བརྗེད་སོང་བ་ཤ་སྟག་རེད་སྙམ་སྟེ། དེ་མུར“ཨ་རོག ལྷམ་ལྷམ”ཞེས་རྩེད་མཚར་གྱི་ཚུད་དུ་བོས་མོད། གྲོགས་པོས་མ་གོ་བ་ལྟར་ཕྱི་ལྟ་མ་བྱས་ལ་ཨ་ལན་ཡང་མི་སྟེར་བར་སྒོ་ཁར་ཕྱོགས་ནས་བཞུད། བསམ་ཁོའི་བསམ་པར “ཅུང་འགྲིག་མི་འདུག གཙང་སྤྱོད་དུ་སོང་ཡང་སྒོར་འགྲོ་མི་དགོས་ཨང་སྙམ” སྟེ། མྱུར་དུ་མལ་ལས་མཆོངས་ཤིང་ཁོའི་རྗེས་སུ་བརྒྱུགས།

བློ་ཡིད་ལས་འདས་པ་ཞིག་ལ། མདུན་དུ་མི་གཅིག་ཀྱང་མེད་ལ། གྲོགས་པོའང་གར་སོང་ཆ་མེད་དུ་གྱུར། ཁོར་གློ་བུར་དུ་སྔངས་སྐྲག་ཅིག་གིས་ལུས་ཡོངས་གཟེངས་སེ་བཏང་། ཁོས་བསམ་པར་དེ་རིང་ནི་འདྲེ་ཞེས་པའི་ལྐོག་གྱུར་པ་དེར་ཐུག་པ་མིན་ནམ་སྙམ་སྟེ། དེ་མུར་ཁ་ཕྱིར་འཁོར་ཏེ་མལ་ཁང་དུ་བརྒྱུགས་པ་དང་། དེ་ནས་སྐད་ཐོན་ལ་མི་ཐོན་ངང་དུ་ཤེད་ཀྱིས་གྲོགས་པོ་རྣམས་ལ་སྐད་ཅོར་བརྒྱབ། གློ་སྒོ་ཕྱེས་ཏེ་ཁོང་ཚོར་གནས་ཚུལ་བཤད་འདོད་སྐབས། གྲོགས་པོ་རྣམས་བདེ་སྐྱིད་ཀྱི་རྨི་ལམ་ལས་འཛེར་སྐད་དེས་དཀྲོགས་པར་ཐུགས་སུན་རྒྱ་ཆེ་ཡོང་སྟེ་ཤེད་ཀྱིས་གོག་ལངས་བྱེད་སྐབས། བསམ་ཁོའི་མཐོང་བའི་གྲོགས་པོ་དེའང་ཁོང་ཚོ་དང་མཉམ་དུ་གོག་ལངས་བྱས་པས། བསམ་ཁོར་བརྗོད་འདོད་ཀྱི་སྨྲ་ལྕེ་འགགས་ཤིང་། གཞི་ནས་ཁོ་རང་ཉིད་ཀྱིས་དངོས་ཡོད་འཇིག་རྟེན་དང་རྟོག་པའི་འཇིག་རྟེན་གཉིས་གོ་ལྡོག་གིན་པ་ཚོར།

གྲོགས་པོ་ཚོས་ཁོ་ལ་ལེ་བདའ་བྱེད་ཞོར་ཡང་བསྐྱར་རྨི་ལམ་གྱི་ཞིང་ཁམས་སུ་ཉུལ། ཡིན་ཡང་། བསམ་ཁོར་ཡུན་རིང་ཞིག་ལ་གཉིད་མ་ཁུགས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།