ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་གསུམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མགོན་བུ།   སྤེལ་དུས། : 2020-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གལ་སྲིད་མགོ་ནག་བོད་མིའི་བསོད་ནམས་ལ་ཆེ་ཆུང་ཞིག་དགར་རྒྱུ་ཡོད་ཚེ། འཇིག་རྟེན་འདིར་ཐེངས་གཉིས་ལ་གསོན་པ་ནི་བསོད་ནམས་ཆེ་ཤོས་དེའོ། །

ཉིན་དང་པོ།

བསྟུད་མར་ཟླ་ཕྱེད་ཀྱི་རིང་དུ་ཆར་བ་ཟམ་ཟིམ་ཞིག་ཉིན་མཚན་གཉིས་ཀར་བབས་པས་ཕྱི་ནང་གི་ལས་ཀ་གང་ཡང་ཡག་པོ་ཞིག་བསྒྲུབ་མ་ནུས། སྡེ་མི་ཚང་མའི་སེམས་སུ་དེ་རིང་ཡང་ཆར་རྒྱུན་འདིའི་མཚམས་མི་ཆོད་པར་སྙམ་དུས། གློ་བུར་དུ་ཆར་བའི་འབབ་མཚམས་བཞག་ཅིང་ནམ་མཁའ་རུ་སྤྲིན་བྱེའུ་མགོ་ཙམ་ཡང་མེད་པར་ཁྲི་གདུགས་དབང་པོ་གསལ་ལེར་བཀྲམ་པ་ན། སྡེ་མི་ཚང་མས་གློ་བུར་བའི་འགྱུར་ལྡོག་འདི་ལ་ཅི་བཤད་ཆ་མ་འཚལ། ངོ་མ། འཇིག་རྟེན་འདིར་གློ་བུར་བའི་དོན་དག་འདི་འདྲ་ལ་སུ་ཞིག་གིས་སྐད་ཅིག་ཉིད་དུ་ཨ་ལན་སྟེར་ཐུབ། དེ་ཡང་། གློ་བུར་བའི་དོན་དག་དེ་དང་མཉམ་དུ་གློ་བུར་བའི་དོན་དག་གཞན་ཞིག་བྱུང་བ་ནི་ལོ་ངོ་བཅུ་དྲུག་ལ་དྲན་པ་ཐོར་ཞིང་། སྡེ་བའི་སྨན་ཁང་གི་སྨན་པ་ཀྲང་གིས“ཀྲི་བོའུ་རིན(植物人)”དུ་འབོད་པའི་ཚེ་རིང་རྡོ་རྗེ་གློ་བུར་དུ་མལ་ལས་ལངས་ཤིང་སྐྲ་ལོ་འཛིངས་འཛིངས། ཁ་སྤུ་སོབ་སོབ། ལུས་རྗེན་རྗེན་དུ་སྒོ་ཆེན་ཕྱི་རོལ་ཏུ་ཁྱར་ཁྱོར་ངང་བུད་པས། ཉི་མ་ལྡེ་བཞིན་པའི་རྒན་མོ་འབྲུག་མོས་ཨག་སྐད་ཅིག་དང་མཉམ་དུ་རང་ཁྱིམ་དུ་བྲོས། མིག་ལ་རྣོ་བའི་ཉི་མའི་འོད་ཟེར་དང་རྒན་མོ་འབྲུག་མོའི་ཨག་སྐད་ལས་ཚེ་རིང་རྡོ་རྗེའི་མིག་མདུན་གྱི་ལྗོངས་རྣམ་རབ་རིབ་ཏུ་གྱུར་ཏེ་སར་འགྱེལ་སོང་།

རྨི་ལམ་དང་མངོན་སུམ་གང་ཞིག་ཏུ་མི་ཞིག་གིས“ཚེ་རིང་རྡོ་རྗེ། ཚེ་རིང་རྡོ་རྗེ”ཞེས་འབོད་པ་ཐོས་ཏེ་ཁོས་བསྐྱར་དུ་མིག་ཕྱེ་དུས་སྐྲ་ལོ་དཀར་པོ་ཅན་གྱི་རྒད་པོ་ཞིག་གིས་མལ་སའི་འཁྲིས་སུ་ཁོ་ལ་བལྟས་འདུག ཡུད་ཙམ་ལ་ཁོས་མི་དེ་ཁྱིམ་མཚེས་རྒད་པོ་རྡོ་ཐར་ཡིན་པ་མ་ཤེས། རེ་ཞིག་འགོར་རྗེས། ཚེ་རིང་རྡོ་རྗེའི་དྲན་པ་སླར་སོས་ཤིང་རང་ཉིད་ཉལ་སའི་ཁང་མིག་དེ་ནི་སྔོན་ཆད་རང་གི་ཨ་མའི་ཁང་མིག་ཡིན་པ་ཤེས་ཏེ། སྐད་ཤུགས་ཆུང་ངུས“ངའི་ཆུང་མ་དང་ཨ་མ་གང་དུ་ཡོད”ཅེས་དྲིས་པར་རྒད་པོ་རྡོ་ཐར་ཡུད་ཙམ་ལ་ངག་ལྐུགས་པར་གྱུར། ཡང་དངན་པ་ཞིག་དང་མཉམ་དུ“ཁྱོད་ལ་བགེགས་བར་ཆད་བྱུང་རྗེས་ཁྱོད་ཀྱི་ཨ་མ་ཡུན་རིང་མ་འགོར་བར་ཚེ་ལས་འདས་སོང”ཞེས་དེ་སྐད་བཤད་མ་ཐག ཚེ་རིང་རྡོ་རྗེའི་མིག་ཟུང་ལས་མཆི་མ་ནི་ཆུ་མིག་བརྡོལ་བ་ལྟར་བཞུར་བཞིན་སྡུག་སྐད་ཆེན་པོས“ཨ་མ”ཞེས་མགོ་བོ་མལ་གདན་ལ་གཏད་དེ་ངུས་པར། རྒད་པོ་རྡོ་ཐར་གྱིས་ཀྱང་མིག་ཆུ་རྡོག་པོ་འགའ་ཟ་འགྲམ་བརྒྱུད་དེ་བཞུར་འོང་།

རིམ་བཞིན་ཚེ་རིང་རྡོ་རྗེའི་ངུ་སྐད་ཇེ་ཆུང་དུ་སོང་བ་དང་བསྟུན་རྒད་པོ་རྡོ་ཐར་གྱིས་ལོ་ངོ་བཅུ་དྲུག་རིང་གི་འདས་དོན་དག་ཚེ་རིང་རྡོ་རྗེ་ལ་བསྡུས་པར་བཤད། ཆུང་མ་བདེ་སྐྱིད་ཀྱིས་བུ་མོ་མཚེ་མ་ཞིག་བཙས་ཤིང་གཅིག་གི་མིང་ལ་བསོད་ནམས་ལྷ་མོ་དང་ཅིག་ཤོས་ཀྱི་མིང་དུ་བསོད་ནམས་ཆོས་སྒྲོན་དུ་འབོད་པ། བུ་མོ་གཉིས་ལོ་གཉིས་ལ་བུད་རྗེས་ཀྱི་ཉིན་ཞིག་ཚེ་རིང་རྡོ་རྗེའི་ཨ་མ་ཚེ་ལས་འདས་པ། སྡེ་བའི་རྒན་རྒོན་སྐོར་ཞིག་གིས་ཆུང་མ་བདེ་སྐྱིད་ཀྱི་གནས་ཚུལ་ལ་བསམས་ཏེ་ཡར་ནང་སྡེ་བའི་ལས་བྱེད་པ་རྡོ་འབུམ(མི་འདི་ནི་ཚེ་རིང་རྡོ་རྗེའི་སློབ་ཆུང་གི་སློབ་གྲོགས་ཡིན་ལ་ཁོ་ལ་བྱིས་པ་མེད་པས་གཉེན་སྒྲིག་འདི་ལ་འཐད་པ་བྱུང་།)ཚུར་མག་པར་བསུ་བར་གྲོས་ཐག་ཆོད་དེ་ཆུང་མ་བདེ་སྐྱིད་ཀྱི་བསམ་འཆར་དྲིས་པར། མོའི་ཐོག་མའི་སྐད་ཆ་ནི་མག་པས་ཚེ་རིང་རྡོ་རྗེའི་དབུགས་མ་ཆད་པའི་བར་དུ་སྙོར་སྐྱོང་བྱེད་ཐུབ་མིན་དྲིས་བྱུང་ཟེར་བཞིན་རྒད་པོ་རྡོ་ཐར་གྱིས་མཐེ་བོང་ཡར་བསྒྲེངས་ཏེ་བདེ་སྐྱིད་ལ་བསྟོད་བསྔགས་ཡང་ཡང་བྱས། རིམ་བཞིན་རྡོ་འབུམ་ད་ལྟ་རྫོང་མི་དམངས་སྲིད་གཞུང་གི་ཧྲུའུ་ཅི་གཞོན་པ་ཡིན་པ་དང་། བུ་མོ་གཉིས་ཀས་རྫོང་ཐོག་གི་མཐོ་འབྲིང་ཞིག་ཏུ་སློབ་གཉེར་བྱེད་བཞིན་པ་སོགས་རེ་རེ་བཞིན་བཤད་སྐབས། ཚེ་རིང་རྡོ་རྗེས་རེ་ཞིག་ལ་རང་ཉིད་ལོ་ངོ་བཅུ་དྲུག་རིང་དུ་གཉིད་ཀྱི་གཏིང་རིམ་དུ་འཛུལ་བར་ཧ་ལས་ཤིང་ཡིད་མ་ཆེས་པར་བསྡད། ཡང་རང་གི་བྱིས་པ་གཉིས་ཀ་ནར་སོན་ཏེ་མཐོ་འབྲིང་འགྲིམ་བཞིན་པ་དྲན་ཚེ། འཚར་ལོངས་ཀྱི་སྣང་བརྙན་དེ་དག་ཁྲོད་རང་ཉིད་ཀྱང་ཡོད་པར་བློས་བསླངས་བྱས། ཁོང་གཉིས་ཁང་མིག་ལས་ཕྱིར་བུད་དེ་ཚེ་རིང་རྡོ་རྗེས་ཁྱིམ་གྱི་ཕྱོགས་བཞིར་འཁྱུག་ཙམ་བལྟས་པར་དེ་ནི་ལོ་ངོ་བཅུ་དྲུག་སྔོན་གྱི་ཁང་ཁྱིམ་རྙིང་ཧྲུལ་ཅན་དེ་ག་ལ་ཡིན། ཚོན་མདོག་སེར་པོས་བྱུགས་པའི་ཤིང་ཁང་དེ་ཉི་འོད་ཀྱི་ཀློང་དུ་བརྗིད་ཉམས་དོད་པ་ཞིག་དང་། བཀྲ་ཤིས་རྟགས་བརྒྱད་དང་གཡུ་འབྲུག་གི་ཤིང་བརྐོས་རི་མོ་དེ་དག་ལས་རང་ཉིད་ནི་ལྷ་ཁང་ཞིག་ཏུ་གནས་པ་ལྟ་བུའི་ཚོར་སྣང་སྐྱེས་ཡོང་། དྲ་ངོས་ཀྱི་ལོགས་སུ་ཤེལ་ལེབ་གྲུ་བཞིའི་བཏུམས་པའི་ཤིང་ངོས་སུ་འདྲ་པར་གང་མང་ཞིག་ཡོད་པ་མཐོང་འཕྲལ། ཁོས་གོམ་སྟབས་ཆེར་སྤོས་ཏེ་སོང་བར་བུ་མོ་གཉིས་ཀྱི་ཆུང་བྱིས་པ་ནས་ད་ལྟའི་བར་གྱི་འདྲ་པར་གང་མང་མཆིས་ཤིང་། ཆུང་མ་བདེ་སྐྱིད་ཀྱི་ཞལ་ངོ་དེ་ནི་ཅི་འདྲའི་སྙིང་དུ་སྡུག་པ་ཞིག་འདུག་ཨང་། ཁོས་དེ་ལྟར་བསམ་བཞིན་བསམ་བཞིན་དུ་མིག་མཐར་ཡང་བསྐྱར་མཆི་མ་འཁོར་ཡོང་། འོན་ཀྱང་། འདྲ་པར་གང་དུའང་ཁོའི་ཆུང་དུས་ཀྱི་རྩེད་གྲོགས་སམ་ནམ་རྒྱུན་བརྙས་བཅོས་བྱས་ཆོག་པའི་རྡོ་འབུམ་ཚོན་པོས་བུ་མོ་གཉིས་ཀ་ཕྲག་པའི་གཡས་གཡོན་དུ་བཀྱགས་ཤིང་ཆུང་མ་བདེ་སྐྱིད་དང་ལྷན་ཅིག་འཛུམ་དམུལ་དམུལ་ངང་འདུག་པ་མཐོང་ཚེ། ཚེ་རིང་རྡོ་རྗེའི་ཞལ་གྱི་སྤྲོ་ཉམས་རིམ་བཞིན་ཡལ་ཏེ་ཡིད་རྨུགས་པར་གྱུར།

རྒད་པོ་རྡོ་ཐར་གྱིས་མངགས་བཅོལ་ལྟར་ཆུང་མ་བདེ་སྐྱིད་ལ་བརྡ་གཏོང་མཁན་གྱི་རྒན་མོ་འབྲུག་མོས་སྒོ་ཆེན་ཕྱེས་བཞིན“རང་གི་ཁྱིམ་ནང་དུའང་འགྲོ་མི་ཐུབ་པ་ཅི་ཡིན”ཞེས་སྐད་རྒྱག་པ་ཐོས་འཕྲལ། རྒད་པོ་རྡོ་ཐར་གོམ་སྟབས་མྱུར་མོས་ཕྱིར་སོང་། བདེ་སྐྱིད་ཀྱིས་རྒྱབ་ཏུ་སླེ་བོ་ཞིག་ཁུར་ཅིང་མིག་གཉིས་དེ་གའི་ཟུར་ཞིག་ལ་ཕུར་ཚུགས་སུ་བལྟས་འདུག་པ་དང་། རྒད་པོ་རྡོ་ཐར་ཚུར་ཡོང་བ་མཐོང་རྗེས་མིག་ཟུང་རྒད་པོ་རྡོ་ཐར་ལ་གཏད་པར། མིག་མདངས་ཁྲོད་ཚེ་རིང་རྡོ་རྗེའི་དོན་དག་དེ་ངོ་མ་བདེན་ནམ་ཞེས་པའི་དྲི་རྟགས་ཤིག་གསལ་ལེར་ཤར་འདུག རྒད་པོ་རྡོ་ཐར་གྱིས“བདེ་སྐྱིད། མྱུར་བར་ནང་དུ་ཤོག”ཅེས་རྒྱབ་ཀྱི་སླེ་བོ་བླངས་ཤིང་ལག་གཡས་ལ་འཇུས་ཏེ་འཐེན་ཙམ་བྱས་པར། བདེ་སྐྱིད་ཀྱིས་ཕྱིར་འཐེན་ཙམ་བྱས་ཤིང་ཡང་རེ་ཞིག་བསྡད་རྗེས་དབུགས་རིང་ཞིག་དང་མཉམ་དུ་སྒོ་ཐེམ་ལས་ནང་དུ་གོམ་གང་སྤོས་མ་ཐག མོའི་སེམས་ངོར་ཚེ་རིང་རྡོ་རྗེ་དང་རྡོ་འབུམ་གྱི་ཞལ་གཟུགས། རང་གི་བུ་མོ་གཉིས་ཀྱི་ཞལ་གཟུགས་སོགས་མང་པོ་མང་པོ་ཞིག་དྲན་ལ། ཡང་གོམ་གང་སྤོས་ཚེ་ཁང་མིག་ཁྲོད་ཉལ་བའི་ཚེ་རིང་རྡོ་རྗེ་དང་བུ་མོ་གཉིས་དང་རྩེད་འཇོར་གཡེང་བའི་རྡོ་འབུམ་སོགས་ཀྱི་སྣང་བརྙན་གཅིག་འཕྲོར་གཅིག་ཤར་བྱུང་། དེ་དུས། ཚེ་རིང་རྡོ་རྗེས་སྦྱག་མའི་ཡུ་བ་ཞིག་ལ་བརྟེན་ཏེ་མིག་མཐར་མཆི་མ་འཁྱིལ་བཞིན་མོ་དང་གོམ་པ་ལྔ་དྲུག་གི་མཚམས་སུ་ཀེ་རེར་ལངས་པ་མཐོང་དུས། བདེ་སྐྱིད་ཀྱི་རྐང་པ་གཉིས་ནི་གློ་བུར་དུ་ཤེད་ཤུགས་ཟད་པ་ལྟར་ས་ལ་ཙོག་པུར་བསྡད་དེ་སྐད་ངན་ཆེན་པོས་ངུས་བྱུང་།

ཚེ་རིང་རྡོ་རྗེའི་དྲན་པ་སླར་སོས་པ་རྒན་མོ་འབྲུག་མོའི་ཁ་བརྒྱུད་དེ། སྡེ་འདབས་ཀྱི་སྒོ་བྱང་ལ“མར་ནང་སྡེ་བའི་སྤྲོ་སྐྱིད་གླིང”ཞེས་པའི་འཛུགས་སྐྲུན་རྒྱ་བསྐྱེད་ཀྱི་ལས་ལ་བྲེལ་བཞིན་པའི་སྡེ་དཔོན་དང་རུ་ཁག་རེ་རེའི་མགོ་དཔོན་རྣམས་ཀྱིས་ཐོས་རྗེས། སྡེ་དཔོན་གྱིས་མྱུར་མོར་རྡོ་འབུམ་ཧྲུའུ་ཅི་ལ་ཁ་པར་བཏང་བྱུང་། ཚེ་རིང་རྡོ་རྗེའི་དྲན་པ་སླར་སོས་འདུག་ཅེས་པའི་སྐད་དེ་ཐོས་མ་ཐག་རྡོ་འབུམ་ཡུད་ཙམ་ལ་རང་གི་རྣ་བར་ཡིད་ཆེས་དཀའ་ཞིང་འཁྲིས་ཀྱི་དྲུང་ཡིག་གིས་རེ་ཞིག་བོས་ཀྱང་མ་གོ་བར་ལུས། རིམ་བཞིན་དབུགས་ཧལ་ཧལ་གྱིས་གཞུང་ལས་ཁང་གི་ལྡེ་མིག་དྲུང་ཡིག་ལ་གཡུགས་རྗེས་གོམ་སྟབས་མྱུར་མོས་རྡོ་སྐས་ལས་མ་བབས་པར་རྐང་གཉིས་འདྲེད་བརྡབ་ཤོར་ཏེ་ས་ལ་བསྒྱེལ། ལམ་བར་དུ་ཁོའི་སྣང་ངོར་བུ་མོ་ཆོས་སྒྲོན་དང་ལྷ་མོ་གཉིས་ཀྱིས་རླངས་འཁོར་གྱི་གཞུག་སྟེགས་སུ“ཨ་ཕ”ཞེས་ཁོའི་མགོ་བོར་རེག་རེག་བྱེད་པ་དང་། ཆུང་མ་བདེ་སྐྱིད་ཀྱིས་ཅུང་ཁྲོ་བའི་ཉམས་ཀྱིས“ཨ་ཕས་རླངས་འཁོར་སྐོར་དུས། རེག་རེག་མ་བྱེད”ཟེར་བ་དང་། མཚན་མོ་རེ་རེར་བཟའ་མི་བཞི་པོས་མཉམ་གཅིག་ཏུ་གནའ་གཏམ་འཆད་པའི་སྣང་བརྙན་སོགས་གཅིག་འཕྲོར་གཅིག་ཤར་ཡང་ཚེ་རིང་རྡོ་རྗེ་སླར་སོས་པ་དྲན་ཚེ་ཁ་ནས་དབང་མེད་དུ“ཤི་རྒྱུ་མེད་པ་གན”ཞེས་སྡུག་སྐད་ཅིག་ཕྱུང་བས་རང་ཁ་ནས་སྐད་ཆ་དེ་འདྲ་ཞིག་བྱུང་བར་ངོ་གནོང་དགོས་སོང་།

རྡོ་འབུམ་ནི་ཕོ་ལོ་སུམ་ཅུའི་ནང་ཚུད་པའི་མི་དར་མ་ཞིག་ཡིན་ཡང་སྐུ་ཤ་རྒྱགས་པོར་ཆགས་ཤིང་ཞལ་ངོར་གཉེར་མ་ཤར་ཤུར་དུ་བབས་པས། ན་གཞོན་སྐོར་ཞིག་གིས་ཁོ་རང་རྒན་པ་ཞིག་ལ་རྩི་བཞིན་ཡོད། ལྷག་ཏུ་ཁོ་ནི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན་པས་སྡེ་དཔོན་ལྟ་བུའི་མི་རྒན་པ་ཚོས་ཀྱང་ཁོ་རང་མཐོང་འཕྲལ་ཞྭ་མོ་ཕུད་དེ་གུས་གུས་ཞུམ་ཞུམ་གྱིས་འཚམས་འདྲི་བྱེད་པ་རེད། རྡོ་འབུམ་ཁྱིམ་ནང་དུ་འཛུལ་མ་ཐག དེར་ཚོགས་པའི་སྡེ་མི་རྣམས་མཉམ་གཅིག་ཏུ་ཡར་ལངས་ཤིང་རྒན་པ་ཚོས་ཞྭ་མོ་ཕུད་དེ་ཁྱེད་རང་ཕེབས་བྱུང་ངམ་ཟེར་བའི་ཁམས་འདྲི་སྣ་ཚོགས་བྱས། ཚེ་རིང་རྡོ་རྗེས་ཀྱང་ཚུལ་དེ་མཐོང་འཕྲལ་ཡར་ལངས་ཙམ་བྱས་པར། རྡོ་འབུམ་གྱིས་མྱུར་མོར་ཁོ་སྐྱོར་བཞིན“ཁྱོད་བཞུགས། ཁྱོད་བཞུགས”ཞེས་ངུ་མ་དགོད་ཀྱི་རྣམ་འགྱུར་ཞིག་བསྟན། རྡོ་འབུམ་གྱི་གློ་བུར་བའི་མིག་མདངས་དང“བཞུགས”ཟེར་བའི་ཞེ་ཚིག་དེས་ཚེ་རིང་རྡོ་རྗེ་ཅུང་ཟད་མི་བདེ་བར་བཟོས་ཏེ་མིག་གཉིས་ཕྱོགས་གཞན་དུ་བསྒྱུར་དགོས་སོང་།

ས་སྲོད་ཀྱི་དུས་ལ། འཚམས་འདྲིར་ཡོང་བའི་སྡེ་མི་རྣམས་རེ་རེ་བཞིན་རང་ཁྱིམ་དུ་ལོག ཤུལ་དུ་ཚེ་རིང་རྡོ་རྗེ་དང་རྡོ་འབུམ། བདེ་སྐྱིད་གསུམ་ལས་མེད་པས་རེ་ཞིག་ལ་ཁང་ཁྱིམ་ནང་འཇམ་ཅག་གེར་གྱུར། ཡུད་ཙམ་སོང་རྗེས་རྡོ་འབུམ་གྱིས“བདེ་སྐྱིད། ནུབ་ཚ་བསྐོལ་རན་འདུག ཁྱོད་ཀྱིས་ཕྱེས་བརྡོལ་དང་ངས་ཤ་གཙབ་ཡོང”ཟེར་ཞོར་ཡར་ལངས་ཏེ་སོང་བར་ཆུང་མ་བདེ་སྐྱིད་ཀྱང་རྗེས་སུ་བསྙེགས། ཤུལ་དུ་ལུས་པའི་ཚེ་རིང་རྡོ་རྗེས་ཁྱིམ་ནང་གི་ལས་ཀར་བྱང་ཆ་ལྡན་པའི་རྡོ་འབུམ་གྱི་ངང་ཚུལ་དེ་མཐོང་དུས། རང་ཉིད་ནི་ཁྱིམ་ཚང་འདིའི་མགྲོན་པོ་ཞིག་ཡིན་པའི་ཚོར་སྣང་སྐྱེས་ཡོང་། ནུབ་ཚ་འཐུངས་རྗེས་བདེ་སྐྱིད་ཀྱིས་ཅི་ཡང་མི་སྨྲ་བར་རང་ཉིད་ཀྱི་མལ་སར་ལོག རྡོ་འབུམ་དང་ཚེ་རིང་རྡོ་རྗེ་གཉིས་ཀྱང་མེ་ཐབ་ཀྱི་གཡས་གཡོན་ནས་རེ་ཞིག་བསྡད་རྗེས། ཚེ་རིང་རྡོ་རྗེས་གཞི་ནས་ཁ་གྲག་བྱུང“རྡོ་འབུམ། ད་ཁྱོད་ཉོལ་ཅིག ང་ཡང་གཉིད་འདོད། སང་ཉིན་ཁོམ་པ་འདྲ་ཡོད་ན་ངས་བུ་མོ་གཉིས་ལ་སྐོར་ཞིག་བརྒྱག་འདོད”ཅེས་བཤད་མ་ཐག རྡོ་འབུམ་གྱིས་ཡང་བསྐྱར་ངུ་མ་དགོད་ཀྱི་རྣམ་འགྱུར་ཅིག་བསྟན་ཏེ“ཁོམ་པ་ལོས་ཡོད། ཁོམ་པ་ལོས་ཡོད”ཟེར་བཞིན་ཚེ་རིང་རྡོ་རྗེ་སྐྱོར་ཙམ་བྱས་ཏེ་ཁང་མིག་ཏུ་ཕྱིན།

གཉིད་མི་ཁུགས་པའི་མཚན་མོ་རེ་རེར་གཉིད་མི་ཁུགས་པའི་རྒྱུ་རྐྱེན་རེ་ཡོད།

ཚེ་རིང་རྡོ་རྗེའི་མིག་མཐར་མཆི་མ་འཁྱིལ་བཞིན་ལན་རེར་འདས་པའི་ཨ་མའི་ཞལ་ངོ་དང་ལན་རེར་ཁ་ངོ་ཐུག་མེད་པའི་བུ་མོ་གཉིས་ཀྱི་བཞིན་རས། ཡང་རང་གི་ཆུང་མ་བདེ་སྐྱིད་རྡོ་འབུམ་དང་མལ་གདན་གཅིག་ཏུ་གཉིད་བཞིན་པ་དང་། ལྷག་པར་མོས་དེ་རིང་རང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པ་དྲན་ཚེ་ད་ནི་ཁྱིམ་ཚང་འདིར་རང་ཉིད་གནས་སྡོད་བྱེད་ཆོག་པའི་རྒྱུ་མཚན་གང་ཡང་མེད་བསམས།

ཆུང་མ་བདེ་སྐྱིད་ཀྱི་སེམས་སུ“འཇིག་རྟེན་འདིར་དོན་དག་འདི་འདྲ་ཞིག་ཅིའི་ཕྱིར་ངའི་མགོར་ལྷུང་དགོས། ངའི་སྐྱེ་བ་སྔོན་མར་མི་དགེ་བའི་ལས་ཅི་ཞིག་བསགས་སོང་། ཚེ་རིང་རྡོ་རྗེ་ཡ་ཚེ་རིང་རྡོ་རྗེ། ཁྱོད་སྔ་མོ་ནས་སད་ཡོད་ཚེ་དོན་དག་ཡོད་ཚད་འདི་འདྲའི་རྙོག་འཛིང་ཞིག་ཏུ་འགྱུར་ག་ལ་དགོས”ཞེས་མིག་མཐའི་མཆི་མ་ནི་རྡོག་པོ་རྡོག་པོ་བྱས་ཏེ་འགྲམ་སྟེང་ལས་རྣ་རྩར་བཞུར་བཞིན་འདུག

རྡོ་འབུམ་གྱི་སེམས་སུ“ངོ་མ་ལས་དབང་ཟེར་བ་འདི་ཡ་མཚན་ཞིག་རེད། གལ་སྲིད་ལོ་ངོ་བཅུ་བཞིའི་སྔོན་དུ་ངའི་གཉེན་སྒྲིག་འདི་ལ་ཁས་ལེན་མ་བྱས་ཚེ། ཡང་ན་བུ་མོ་གཉིས་ཀྱིས་ང་ལ་ཨ་ཕ་ཞེས་མ་བོས་ན། གང་ལྟར་ད་ནི་ངའི་ཚེ་འདིའི་ཞེན་ས་ཐོགས་ས་ཞིག་ཡོད་པའང་འདིར་ཡོད་པས……”ཞེས་དངན་པ་རིང་མོ་ཞིག་འཐེན་བྱུང་།

ཉིན་གཉིས་པ།

སྐྱ་རེངས་དང་མཉམ་དུ་ཁང་མིག་ཁྲོད་ཀྱི་བཀོད་པ་དག་རིམ་བཞིན་གསལ་པོར་སོང་ལ། སྒེའུ་ཁུང་ཕྱི་རོལ་ཏུ་ཡུལ་བྱེའུ་འགས་ཅ་ཅོ་སྒྲོག་བཞིན་ཡར་འཕུར་མར་འཕུར་བྱས་པས་མདང་ནུབ་ཞག་གང་པོར་གཉིད་མ་ཁུགས་པའི་ཚེ་རིང་རྡོ་རྗེ་མལ་ལས་ལངས་ཤིང་ངོ་ལ་ཆུ་འཁྱག་ཙམ་བརྒྱབ་རྗེས་མྱུར་མོར་སྒོ་ཕྱིར་བུད་པ་ན། དྲ་མིག་ཁྲོད་ན་ཤར་རེར་ལྟ་བཞིན་པའི་ཆུང་མ་བདེ་སྐྱིད་ཀྱི་སེམས་སུ“འདི་སྔ་མོ་ཞིག་ནས་གང་དུ་འགྲོ་བསམ་པ་ཡིན་ནམ”ཞེས་འཚུབ་པོར་གྱུར་ཏེ་གོན་པ་གཡང་ལུགས་ཀྱིས་རྗེས་སུ་བསྙེགས། སྒོ་ཆེན་ཕྱེས་མ་ཐག ཚེ་རིང་རྡོ་རྗེ་ཕྱིར་ལོག་པ་དང་གདོང་འཕྲད་བྱུང་བས་ཁོ་གཉིས་སྐད་ཅིག་ཉིད་ལ་ཅི་ཡིན་འདི་ཡིན་མེད་པར་གྱུར། ཚེ་རིང་རྡོ་རྗེས“ཁྱོད་གང་དུ་འགྲོ་བསམ”ཞེས་དྲིས་པར། རྡོ་འབུམ་གྱིས་ཐོས་ཤིང་དྲ་མིག་ལས་མིག་གཉིས་འབུར་ཚུགས་སུ་ཁོ་གཉིས་ལ་བལྟས་འདུག བདེ་སྐྱིད་ཀྱིས་ཅི་ཡང་མི་སྨྲ་བར་ཕྱིར་སོང་སྟེ་འབུད་ཤིང་དང་ལྕི་བ་འགའ་ཁྱེར་ནས་མེ་ཐབ་གསོས།

ནངས་ཇ་འཐུངས་རྗེས། རྡོ་འབུམ་གྱིས“ཁྱེད་གཉིས་གཞུང་ལམ་འགྲམ་དུ་ཤོག ང་ཚོ་བུ་མོ་གཉིས་ལ་བལྟ་རུ་འགྲོ”ཞེས་བཤད་བཞིན་སྒོར་འབུད་རྩིས་བྱས་པར། བདེ་སྐྱིད་ཀྱིས“ཁྱེད་གཉིས་སོང་། ང་མི་འགྲོ”ཞེས་བཤད་མ་ཐག་རྡོ་འབུམ་ཅུང་ཁྲོས་པ་འདྲ་སྟེ། “ཆོས་སྒྲོན་ལ་ཉིན་གཉིས་ཀྱི་སྔོན་ནས་ནད་ལྕི་མོ་ཞིག་ཕོག་འདུག སྨན་པས་བཤད་ན་མོ་ནད་ཚན་ཁག་ཏུ་སྟོན་ཟེར། ཁྱོད་མི་འགྲོ་ན་ངེད་སྐྱེས་པ་གཉིས་སོང་ནས་ཅི་བྱ”ཟེར་བར། བདེ་སྐྱིད་ཀྱིས་ཅི་ཡང་མི་སྨྲ་བར་དངོས་པོ་བསྡུ་གསོག་བྱས།

ལྷ་བསང་འཁྱེར་བཞིན་པའི་སྡེ་དཔོན་རབ་བརྟན་གྱིས་རྡོ་འབུམ་ཧྲུའུ་ཅི་ཚུར་ཡོང་བ་མཐོང་འཕྲལ་རྒྱང་ནས་ཞྭ་མོ་ཕུད། གུས་གུས་ཞུམ་ཞུམ་གྱིས་གན་དུ་བཅར་ཏེ་ཁམས་འདྲི་བྱས། རྡོ་འབུམ་གྱིས་ཁོ་ལ་དུ་བ་རྐང་གཅིག་བྱིན་ཏེ་མེ་བསྒྲོན་པར་སྡེ་དཔོན་གྱིས“ཚེ་རིང་རྡོ་རྗེའི་དྲན་པ་སླར་སོས་པ་དེ་ངོ་མ་ཡ་མཚན་རེད། སྨན་པ་ཀྲང་གིས་བཤད་ན་ནད་འདིའི་རིགས་ལ་བཅོས་ཐབས་མེད་ཟེར་བ་ནི་རྫུན་གཏམ་ཁོ་ན་རེད། དེ་རིང་ངས་ཁོ་ལ་ངོ་མཚང་ཞིག་འབྲུ་དགོས”ཞེས་བཤད་མ་ཐག རྡོ་འབུམ་གྱིས་ཅི་མི་སྙམ་པའི་ཉམས་ཀྱིས“ཚེ་རིང་རྡོ་རྗེའི་དྲན་པ་སོས་པ་ཤིན་ཏུ་ལེགས། ངས་ལོ་ངོ་བཅུ་བཞིའི་རིང་དུ་ཁོའི་ཆུང་མ་དང་བུ་མོ་གཉིས་ལ་རང་གི་ནུས་ཚོད་ཀྱིས་བདག་སྐྱོང་བྱས་པ་ཡིན། ད་ལྟ་ཁོའི་དྲན་པ་སླར་སོས་ན་ངས་ཀྱང་ཁྱིམ་ཚང་འདི་ཁོ་ལ་ཕྱིར་སྤྲོད་རན་འདུག ང་ཡང་མི་འགྱང་བར་ཕྱིར་ཡར་ནང་སྡེ་བར་ལོག་འདོད”ཅེས་སེམས་སུ་དེ་ལྟར་མི་འདོད་ཀྱང་ཁ་ནས་སྐད་ཆ་དེ་འདྲ་ཞིག་བཤད་པར་སྡེ་དཔོན་རབ་བརྟན་གྱིས་ཐོས་རྗེས་གཏམ་ངན་ཞིག་ཐོས་པ་ཇི་བཞིན་ངོ་གདོང་ཡོངས་སུ་འགྱུར་སོང་།

ལོ་ངོ་བཅུ་དྲུག་ལ་བུ་མོ་གཉིས་ཀྱི་མདུན་དུ་བེམ་པོ་ལྟར་འཚོས་ཤིང་བྱམས་དང་བརྩེ་བ་ཅི་ཡང་བྱིན་མ་མྱོང་བའི་གནས་ཚུལ་འོག་ཐུག་འཕྲད་བྱ་དགོས་པ་ཚེ་རིང་རྡོ་རྗེའི་ཡིད་ངོར་ཤར་མ་མྱོང་ལ། རླངས་འཁོར་གྱི་ཤེལ་ངོས་ལས་རང་གི་འཛིངས་པར་སྐྱེས་པའི་སྐྲ་ལོ་དང་སོབ་སོབ་ཏུ་ཡོད་པའི་ཁ་སྤུ་དག་མཐོང་འཕྲལ་གློ་བུར་དུ་ཁོ་ལ་དངངས་སྐྲག་ཅིག་སྐྱེས་ཤིང་། མདང་ནུབ་བུ་མོ་གཉིས་དང་ཐུག་འཕྲད་བྱུང་ན་བཤད་དགོས་པའི་སྐད་ཆ་དང་ཡིད་ཆེས་ཀྱི་ཉམས་འགྱུར་དེ་དག་གང་དུ་བོར་བརླག་བྱུང་བའང་མ་ཤེས། དེ་དུས། སློབ་གྲྭའི་སྒོ་ཁ་རུ་མིག་ཟུང་བདེ་སྐྱིད་ཀྱི་མིག་དང་ཐོད་པའི་དབྱིབས་ནི་རང་གི་ཨ་མའི་ཐོད་པ་ལྟར་ཆགས་པའི་གཟུགས་ལ་རིང་ཐུང་མེད་པའི་བུ་མོ་གཉིས་དགའ་དགའ་སྤྲོ་སྤྲོའི་ངང་མདུན་དུ་བརྒྱུགས་ཡོང་དུས། ཚེ་རིང་རྡོ་རྗེས་དེ་གཉིས་ནི་རང་གི་བུ་མོ་གཉིས་ཡིན་པར་ཤེས་ཀྱང་། བུ་མོ་གཉིས་ཀྱིས་མཉམ་གཅིག་ཏུ“ཨ་ཕ”ཞེས་རྡོ་འབུམ་གྱི་གཡས་གཡོན་ནས་འཐམ་པས་ཚེ་རིང་རྡོ་རྗེ་སྐད་ཅིག་ཉིད་ལ་ཅི་བྱ་གཏོལ་མེད་དུ་གྱུར། རིམ་བཞིན་བུ་མོ་གཉིས་ཀྱིས་ཚེ་རིང་རྡོ་རྗེ་མཐོང་ཡང་སུས་ཀྱང་ཁོའི་མདུན་དུ་གོམ་གང་སྤོས་ཏེ་ཨ་ཕ་ཞེས་པའི་མིང་ཙམ་ཕར་ཞོག ཁོ་རང་གསོན་པོར་བཞུགས་པ་ནི་གདོན་འདྲེའི་སྤྲུལ་བ་ལྟར་རྒྱང་གྱེས་ནས་བསྡད། ཕྱི་དྲོའི་མཚམས་སུ་སླེབས་ཀྱང་བུ་མོ་གཉིས་ཀས་ཁོ་ལ་ཚིག་གཅིག་ཀྱང་མ་བཤད་པར་ཕྱིར་སློབ་གྲྭར་ལོག་པས་ཚེ་རིང་རྡོ་རྗེའི་སེམས་ངོར་ནམ་ཡང་བཅོས་ཐབས་མེད་པའི་རྨ་ཁ་ཞིག་བཞག་སོང་།

དུས་ཚོད་ནི་མི་སྣ་གཙོ་ཕལ་གཉིས་ཀར་དབང་བ་ཞིག་ཡིན།

ཚེ་རིང་རྡོ་རྗེ་སོགས་རྫོང་ཐོག་ཏུ་ཡོད་དུས་མར་ནང་སྡེ་བའི་ནང་དུ་སྡེ་དཔོན་རབ་བརྟན་གཙོ་བྱས་པའི་རུ་ཁག་རེ་རེའི་རུ་དཔོན་རྣམས་ཀྱིས་ཚོགས་འདུ་ཆུང་ཆུང་ཞིག་བསྡུས། “གལ་སྲིད་རྡོ་འབུམ་ཧྲུའུ་ཅི་ང་ཚོའི་སྡེ་བ་ནས་ཕྱིར་ཡར་ནང་སྡེ་བར་ལོག་ཚེ། ང་ཚོའི་ལོ་ཕྱེད་ཀྱི་རིང་དུ་འཛུགས་སྐྲུན་རྒྱ་བསྐྱེད་བྱས་པའི་སྤྲོ་སྐྱིད་གླིང་འདི་ཡང་ངལ་བ་འབྲས་མེད་དུ་འགྲོ་ཁོ་ཐག་རེད། སྤྱིར་ན་རྒྱལ་ཁབ་ཀྱིས་བྱིན་པའི་ལས་གཞི་ཞིག་རང་སྡེ་ཆུང་ཆུང་འདི་བརྒྱུད་པར་ཤིན་ཏུ་དཀའ་བ་དང་ད་རུང་རང་སྡེ་ལ་དབང་མིན་ཡང་གསལ་པོ་ཞིག་བཤད་དཀའ་ཡང་། སྡེ་གྲལ་དུ་རྫོང་རིམ་པའི་མགོ་པ་ཞིག་ཡོད་པས་ལས་གཞི་དེ་ལག་སོན་བྱུང་བ་དང་སྲིད་ཕྱོད་ཀྱང་དེ་བས་ཆེ། དེའི་རྐྱེན་ང་ཚོས་ངེས་པར་དུ་རྡོ་འབུམ་ཧྲུའུ་ཅི་རང་སྡེ་ནས་གཏན་སྡོད་བྱེད་དུ་འཇུག་དགོས།” “སྐད་ཆ་བཙོག་པ་དང་བྱ་བ་ངན་པ་སུས་ཀྱང་བསྒྲུབ་མི་འདོད་ཀྱང་། སྤྱིའི་ཁེ་ཕན་གྱི་མདུན་དུ་སྒེར་གྱི་ཁེ་ཕན་དེ་ཉག་ཕྲ་བ་ཞིག་ཡིན་པས་རྒད་པོ་ངའི་བསམ་ཚུལ་ནི་ཚེ་རིང་རྡོ་རྗེ་ལ་གྲོས་ཤིག་བྱ། རང་སྡེའི་སྔགས་ཁང་ནས་ཁོ་ལ་ཁང་ཆུང་ཞིག་གཡོར། སྔགས་ཁང་ལ་ལྟ་སྐྱོང་བྱེད་དུ་འཇུག་པ་དང་ལས་གཞི་དེ་ལག་སོན་བྱུང་ཞིང་སྡེ་བའི་སྤྲོ་སྐྱིད་གླིང་དངོས་སུ་སྒོ་ཕྱེ་དུས་ཁོ་ལ་ལོ་རེར་དངུལ་སྒོར་རེ་བྱིན་ན་རང་གཞན་གཉིས་ཀར་འགྲིག་འདུག་བསམས”ཞེས་སྡེ་དཔོན་རབ་བརྟེན་གྱིས་རྡོ་འབུམ་ཧྲུའུ་ཅུ་བསམས”ཞེས་སྡེ་དཔོན་རབ་བརྟན་གྱིས་རྡོ་འབུམ་ཧྲུའུ་ཅུ་ཕྱིར་ཡར་ནང་སྡེ་བར་ལོག་པའི་སྐད་ཆ་དང་ད་ནངས་སྔ་མོ་ནས་གྲ་སྒྲིག་བྱས་པའི་སྐད་ཆ་དག་ཆུ་བཞུར་བཞུང་དུ་བཤད་པར། འཁྲིས་ཀྱི་རུ་དཔོན་རྣམས་ཀྱིས་གྲོས་དེར་འཐད་པའི་མགོ་བོ་ལྡེམ་བཞིན་འདུག

ཕྱིར་རང་ཡུལ་དུ་ལོག་རྗེས་ཚེ་རིང་རྡོ་རྗེའི་ཞལ་ངོར་སྤྲོ་སྣང་བག་ཙམ་ཡང་མེད་པར་རང་ཉིད་ཉལ་སའི་ཁང་མིག་ཏུ་འཛུལ། ཆུང་མ་བདེ་སྐྱིད་ཀྱིས་ཁོའི་ཉམ་ཆུང་གི་རྒྱབ་གཟུགས་དེ་མཐོང་འཕྲལ་སེམས་སུ་འགོག་ཐབས་མེད་པའི་སྐྱོ་སྣང་ཞིག་བཙངས་ཡོང་ཞིང་མཐའ་མར་སྐྱོ་སྣང་དེ་མིག་མཐར་འཁྱིལ་བའི་མཆི་མར་བརྗེས་སོང་།

ནམ་དཀྱིལ་ལ་སླེབས་དུས་ཆར་བ་ཡང་བསྐྱར་བབས་བྱུང་། ཐེངས་འདིའི་ཆར་བའི་འབབ་སྟངས་དེ་སྔོན་མ་ལྟར་ཟམ་ཟིམ་དུ་མི་འབབ་པར། ཤག་ཤག་ནས་ཐག་ཐག་ཏུ་གྱུར་ཏེ་དྲག་ཆར་དུ་གྱུར་ཅིང་ཉན་ཚོད་ཀྱིས་ཚེ་རིང་རྡོ་རྗེ་ཉལ་སའི་ཁང་མིག་དེའང་གཏོར་སྙམ་བྱེད། རིམ་བཞིན་ཆར་ཆུ་དེ་དག་ཁང་ཀླད་ཀྱི་སྦུ་གུ་བརྒྱུད་དེ་ཤང་ཤང་དུ་བབས་ཤིང་གཉིད་མི་ཁུགས་པའི་མཚན་མོ་དེ་ལ་གསར་དུ་གཉིད་མི་ཁུགས་པའི་རྒྱུ་རྐྱེན་གཞན་ཞིག་གནང་རྐྱེན། གཉིད་མི་ཁུགས་པའི་མི་རེ་རེས་རང་ཉིད་ཀྱི་སེམས་དོན་དེ་དག་ལ་བསམ་བློ་གཏོང་དགོས་བྱུང་།

སྡེ་དཔོན་རབ་བརྟན་གྱི་སེམས་སུ“ཚེ་རིང་རྡོ་རྗེ་རང་གི་ཁྱིམ་ནས་ཕྱིར་གཏོང་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། འཇིག་རྟེན་འདིར་སུ་ཡང་མི་ངན་པ་ཞིག་བཅའ་འདོད་མེད་ཀྱང་གནས་ཚུལ་དེ་སུས་བཤད་ན་འགྲིག་གམ་ཞེས་རུ་དཔོན་རེ་རེར་དྲིས་ཀྱང་ཁོ་ཚོའི་ངག་ནས་ཚིག་གཅིག་ཀྱང་མི་ཡོང་བར་བལྟས་ན། སང་ཉིན་ངས་ཚེ་རིང་རྡོ་རྗེ་ལ་བཤད་དགོས་འདུག ཚེ་རིང་རྡོ་རྗེ་ཡ་ཚེ་རིང་རྡོ་རྗེ། ཁྱེད་ཀྱིས་རྒད་པོ་ང་རང་མི་ངན་པ་ཞིག་ཏུ་མི་བསམ་རོགས། ངོ་མ་སྤྱིའི་ཁེ་ཕན་གྱི་མདུན་དུ་སྒེར་གྱི་ཁེ་ཕན་དེ་ཤིན་ཏུ་ཉག་ཕྲ་བ་ཞིག་རེད”ཅེས་བསམ་བཞིན་སང་ཉིན་ནངས་མོར་ཚེ་རིང་རྡོ་རྗེ་དང་འཕྲད་སྐབས་གཏམ་གྱི་ཐོག་མ་ཅི་ཞིག་བཤད་དགོས་པར་གྲ་སྒྲིག་བྱེད་བཞིན་འདུག

རྡོ་འབུམ་གྱིས“དེ་རིང་བུ་མོ་གཉིས་ཀ་ཚེ་རིང་རྡོ་རྗེའི་འཁྲིས་སུ་འགྲོ་བ་ཕར་ཞོག་ཁ་ཡང་མི་གྲག་པ་ངོ་མ་བསམ་ཡུལ་ལས་འདས་སོང་། གནས་ཚུལ་འདི་འདྲ་སུའི་མགོར་ལྷུང་ཡང་བཟོད་དཀའ་བ་ཞིག་ཡིན་མོད།འོན་ཀྱང་ལས་དབང་ཟེར་བས་སྔ་མོ་ནས་འདི་ལྟར་བཀོད་སྒྲིག་བྱས་ཡོད་འདུག གང་ལྟར། ཁྱིམ་ཚང་གཅིག་ལ་བཟའ་དཔོན་གཅིག བུ་མོ་གཉིས་ཀྱི་རྣམ་འགྱུར་ལས་རང་ཉིད་ནི་ཁྱིམ་ཚང་འདིའི་མགོ་བདག་ཡིན་པ་ར་སྤྲོད་བྱས་ཡོད”ཅེས་བསམ་བཞིན་གཉིད་ཀྱི་རྟ་ཕོ་ལ་བཅིབས་སོང་།

བདེ་སྐྱིད་ཀྱིས“ངས་སྔ་མོ་ནས་དོན་དག་གི་བགྲོད་རིམ་འདི་འདྲ་ཡིན་པ་ཚོར་ཡོད། ཚེ་རིང་རྡོ་རྗེ་ལགས། བུ་མོ་གཉིས་ཀྱི་བྱ་སྤྱོད་ལ་བཟོད་གསོལ་ཞུ་རོགས། ལོ་ངོ་འདི་དག་གི་རིང་དུ་རྡོ་འབུམ་གྱི་བྱམས་དང་བརྩེ་བའི་འོག་བདག་སྐྱོང་གནང་བའི་བུ་མོ་འདི་གཉིས་ལ་བཟོད་གསོལ་ཡོད་པར་ཞུ། བུ་མོ་གཉིས་ལ་མཚོན་ན། ངག་ནས་ཚིག་ཐར་ཐོར་རེ་བཤད་ཤེས་པ་དང་གོམ་པ་གང་དོ་རེ་སྤོ་ཤེས་པ་ནས་བཟུང་རྡོ་འབུམ་ནི་ཡོད་ཚད་ཀྱི་བརྟེན་སར་གྱུར་ཡོད་པས་ཁྱོད་ཀྱིས་འདི་དག་ལ་བཟོད་གསོལ་ཡོད་པར་ཞུ”ཞེས་སེམས་ནས་དེ་ལྟར་དྲན་བཞིན། ལོ་ངོ་མང་པོ་ཞིག་གི་སྔོན་ལ་རང་ཉིད་ཀྱིས་ཀྱང་ཚེ་རིང་རྡོ་རྗེའི་དྲན་པ་སླར་སོས་མི་ཐུབ་པར་མོས་མཐུན་བྱུང་བར་ཡིད་འགྱོད་དྲག་པོ་སྐྱེས་པ་དང་། ཁོའི་ཉམ་ཆུང་གི་རྒྱབ་གཟུགས་དེ་མིག་ལམ་དུ་འཁོར་ཡོང་ཚེ། མོས་མིག་ཟུང་ཆེར་གདངས་ཏེ་མུན་ནག་གི་ཁང་མིག་དེའི་ཁྲོད་དངན་པ་རིང་མོ་ཞིག་འཐེན་བྱུང་།

གོ་ཐོས་སུ་སྔ་མོ་ནས་གཉིད་དུ་ཡུར་མཁན་ནི་སང་ཉིན་ལ་རེ་སྒུག་བྱེད་མཁན་དག་ཡིན་ཟེར།

ཕྱིར་ཚེ་རིང་རྡོ་རྗེའི་སེམས་ངོར་བརྒྱུད་བསམ་དུས།ཡིད་ལའང་མ་དྲན་པ་ནི་དྲག་ཆར་འབབ་པའི་མཚན་མོ་དེར་ཁོ་རང་སྔ་མོ་ནས་གཉིད་འདུག

ཉིན་གསུམ་པ།

“བདེ་སྐྱིད། ཁྱོད་ཀྱིས་ང་ལ་བྱིས་པ་ག་ཚོད་བཙས་སམ”ཞེས་ཚེ་རིང་རྡོ་རྗེས་ཆུང་མ་བདེ་སྐྱིད་ཀྱི་ལྟག་རྒྱབ་ནས་ཁོ་མོ་དམ་པོར་བསྡམས་ཏེ་བཤད། བདེ་སྐྱིད་ཀྱི་གདོང་དུ་འཛུམ་ཆུང་ཞིག་རྒྱས་བཞིན“གཉིས”ཞེས་བཤད་མ་ཐག ཁོ་གཉིས་ཉལ་སའི་ཁང་མིག་ནི་ཐང་ཆེན་ཞིག་ཏུ་གྱུར་ལ་ཚེ་རིང་རྡོ་རྗེ་ནི་བདེ་སྐྱིད་དང་བར་ཐག་ཤིན་ཏུ་རིང་བའི་མཚམས་ན་ཕྱི་མིག་མེད་པར་མདུན་དུ་སྐྱོད་བཞིན་འདུག བདེ་སྐྱིད་ཀྱིས་སྐད་ཤུགས་ཆེན་པོས་བོས་ཀྱང་ཚེ་རིང་རྡོ་རྗེར་སྣང་དོགས་ཅི་ཡང་མེད་པར་མདུན་དུ་སྐྱོད་བཞིན་ཉག་ཁ་ཞིག་ནས་མི་མཐོང་བར་གྱུར། མོས་གོམ་སྟབས་ཆེར་སྤོས་ཏེ་མདུན་དུ་བརྒྱུགས་པར་མིག་མདུན་དུ་སྒོ་ཆེན་ཞིག་མངོན་ཞིང་ཤུགས་ཀྱིས་ཕྱེ་བའི་ཚེ་ཡོད་ཚད་མུན་ནག་ཏུ་གྱུར་པས་མོ་རང་དངངས་སྐྲག་ཁྲོད་གཉིད་ལས་སད། འཁྲིས་སུ་རྡོ་འབུམ་གྱིས་མོ་རང་དམ་པོར་བསྡམས་ཏེ་སྔུར་བའི་དབྱངས་རྟ་མཐོ་དམན་མི་སྙོམས་པར་འཐེན་བཞིན་འདུག་པས་མོས་ད་གཟོད་དེ་ནི་རྨི་ལམ་ཞིག་ཡིན་པ་ཚོར།

ཡུད་ཙམ་འགོར་རྗེས། ཚེ་རིང་རྡོ་རྗེ་མལ་ལས་ལངས་བྱུང་། ཁོས་སྔོན་ལྟར་ཆུ་འཁྱག་གིས་གདོང་ཙམ་བཀྲུས་རྗེས་མཆོད་ཁང་ཕྱོགས་སུ་ཕྱག་གསུམ་འཚལ། བསང་ཞིག་ཕུད། ཁང་ཁྱིམ་གྱི་ཕྱོགས་བཞི་ལ་འཁྱུག་ཙམ་བལྟས་ཤིང་བདེ་སྐྱིད་ཉལ་སའི་ཁང་མིག་ལའང་ལན་གཅིག་བལྟས་རྗེས་སྒོ་ཆེན་ཕྱིར་བུད་པ་ན། དྲ་མིག་ཁྲོད་ན་ཤར་རེར་ལྟ་བཞིན་པའི་བདེ་སྐྱིད་ཀྱི་སེམས་པ་ཡང་བསྐྱར་འཚུབ་པོར་བཏང་། ཡང་ཁ་སང་ལྟར་ཚེ་རིང་རྡོ་རྗེ་ཕྱིར་ལོག་ཡོང་བའང་ཡིད་ཆེས་ཙམ་འདུག་མོད། འོན་ཀྱང་། ཐེངས་འདིར་བདེ་སྐྱིད་ཀྱིས་སྒེའུ་ཁུང་འགྲམ་དུ་རེ་ཞིག་བསྒུགས་ཀྱང་ཚེ་རིང་རྡོ་རྗེ་ཕྱིར་ལོག་མ་ཡོང་། ཏག་ཏག་སྐབས་དེར་བདེ་སྐྱིད་ཀྱིས་རྨི་ལམ་དེ་ཡིད་ལ་དྲན་པ་དང་བྲེལ་མྱུར་གྱིས་སྒོའི་ཕྱི་རོལ་ཏུ་བརྒྱུགས་པའི་ཚེ། རྡོ་འབུམ་ཡང་གཉིད་ལས་དཀྲོགས་ཤིང་རེ་ཞིག་ལ་ཅི་ཡིན་འདི་ཡིན་མ་ཚོར་ཡང་ཚེ་རིང་རྡོ་རྗེ་ཉལ་སའི་ཁང་མིག་གི་སྒོ་ཕྱེ་ཡོད་པ་དང་བདེ་སྐྱིད་མི་མཐོང་བ་ཚོར་རྗེས་དོན་ཅི་བྱུང་ངམ་སྙམ་སྟེ་སྒོ་ཆེན་གྱི་ཕྱི་རུ་བརྒྱུགས་པར་རྐང་གཉིས་ཡང་བསྐྱར་འདྲེད་བརྡབ་ཤོར་ཏེ་ས་ལ་འགྱེལ་སོང་།

མདང་ནུབ་ཀྱི་དྲག་ཆར་དེས་ས་གཞིའི་ཁྱོན་ཡོངས་བརླན་པར་བཟོས་ཤིང་སྨུག་རྒྱུན་མཐུག་པོ་ཞིག་གིས་སྡེ་ཁྱིམ་འདིའི་རི་ལུང་བར་མེད་དུ་གཡོགས་འདུག་པས་ཚེ་རིང་རྡོ་རྗེ་ཕྱོགས་གང་དུ་སོང་བ་ངོ་མ་བཤད་དཀའ་བ་ཞིག་རེད།

རིམ་བཞིན་ཤར་རིའི་ཕྱོགས་ནས་ཉི་མའི་འོད་ཟེར་འཕྲོས། སྨུག་རྒྱུན་རིམ་བཞིན་དྭངས་པར་གྱུར། ཡུལ་གྱི་བཀོད་པ་དག་གསལ་ལེར་སོང་ཡང་ཚེ་རིང་རྡོ་རྗེའི་གྲིབ་གཟུགས་ཙམ་ཡང་མིག་གི་མཐོང་ལམ་དུ་སྣང་མ་ཐུབ། དེ་ནི་ཆར་བའི་འབབ་མཚམས་ཆད་པའི་ཉིན་དེར་ཁོའི་གློ་བུར་དུ་དྲན་པ་སོས་པ་ལྟར་ཆར་རྗེས་ཀྱི་སྨུག་རྒྱུན་འདིའི་ཁྲོད་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར། ཆུང་མ་བདེ་སྐྱིད་ཀྱིས་ཉིན་འདི་གསུམ་ལ་ཚེ་རིང་རྡོ་རྗེར་སྐད་ཆ་ཚིག་གཅིག་མ་བཤད་པར་བློ་འགྱོད་ཀྱི་མིག་ཆུ་དང་སྡུག་སྐད་ཤབ་ཤུབ་འདོན་བཞིན་ཡོད་ལ། རྡོ་འབུམ་གྱིས་མོ་ལ་སེམས་གསོའི་ཚུལ་གྱིས་མོའི་ཕྲག་རྒྱབ་ལ་བྱིལ་བྱིལ་བྱེད་བཞིན་ཡོད། དེ་ལས་གོམ་པ་བརྒྱ་ཕྲག་གི་མཚམས་སུ་སྡེ་དཔོན་རབ་བརྟན་གྱིས་རུ་གཙོ་རྣམས་ཁྲིད་དེ་ཚུར་ཡོང་བཞིན་འདུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།