ཀྲུང་གོ་བོད་ཀྱི་དྲ་བ།

སློབ་རའི་མེ་ཏོག་རྙིད་སོང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​དགེ་རྩེ་བློ་བཟང་།   སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་རུབ་ལ་ཉེ། དབྱིག་གཞོང་རྩྭ་ཐང་གི་གནམ་སའི་འབྲེལ་མཚམས་ཤིག་ཏུ་ནག་ཡོར་ཡོར་ཅི་ཞུག་འགུལ་བཞིན་འདུག དེ་ནི་དཔལ་གཡང་རེད། མོས་མཚམས་སྤྲིན་ལ་ལྟ་ཐེངས་རེ་རེར་ཡིད་སེམས་གྲང་ཤུར་ཤུར་དུ་འགྱུར་མོད། ནངས་དགོང་གི་མཚམས་སྤྲིན་ལ་ལྟ་བ་ནི་མོའི་གོམས་གཤིས་ཤིག་ཏུ་ཆགས་ཡོད།

ས་སྲོད་དེར་དཔལ་གཡང་དབྱིག་གཞོང་སློབ་ཆུང་གི་རྒྱབ་རིའི་སྟེང་དུ་འགྲེངས་ནས་མཁའ་མཐའི་མཚམས་སྤྲིན་ལ་བལྟས། ཁ་དོག་དམར་སེར་དང་དབྱིབས་སྣ་ཚོགས་སུ་མངོན་པའི་མཚམས་སྤྲིན་དབྱིག་གཞོང་རྩྭ་ཐང་གི་མཚོ་དང་མཚེའུར་འཆར་བ་དང་། དབྱིག་གཞོང་རྩྭ་ཐང་གི་སྦྲ་གུར་དག་ལས་དུ་བ་དགུང་དུ་མཆེད་པ་ཉི་འོད་དང་མཚམས་སྤྲིན་ལ་འཐིམ་པས་གནམ་ས་གཉིས་གཞི་གཅིག་ཏུ་འབྲེལ་བའི་ཚོར་བ་བྱིན། སྐབས་དེར་གནས་དེའི་འབྲོག་ཁྱིམ་དག་གིས་རྟ་ནོར་ལུག་གསུམ་ལྷས་སུ་སྡུད་བཞིན་ཡོད་པ་དང་དབྱིག་གཞོང་སློབ་ཆུང་ནས་མཆེད་པའི་དཔེ་ཀློག་གི་དབྱངས་རྟ་སྙན་མོ་ཞིག་རྣ་བར་ལྷུང་ཡོང་།

དཔལ་གཡང་དབྱིག་གཞོང་རྩྭ་ཐང་ནས་འཚར་ལོངས་བྱུང་བ་མིན་ཡང་།མོ་ཡང་རྩྭ་ཐང་གི་འབྲོག་ཁྱིམ་ཕལ་བ་ཞིག་ནས་འཚར་ལོངས་བྱུང་བ་ཡིན་པས།མོས་རྩྭ་ཐང་ནས་བྱུར་བའི་ཆུང་དུས་ཀྱི་འདས་དོན་ཞིག་ཡིད་ལ་ཤར།

ལོ་དེའི་ཉིན་དེའི་ཕྱི་དྲོ་དེར་དཔལ་གཡང་དང་དཔལ་བཟང་། སྐར་མ་བཅས་གཡུ་ལུང་སུམ་མདོ་ནས་རྩེད་མོར་གཡེང་སྐབས་ཡུལ་ཕྱོགས་ནས་ཀི་བཏབ་ཅིང་ཁྱི་ཟུག ཁོ་ཚོས་མ་འགྲིག་ཐལ་སྙམ་མུར་གཡུ་ལུང་ཉིན་ངོས་སུ་བལྟས་པ་ན་སྤྱང་ཀི་འགས་ལུག་ཁྱུ་དུམ་བུ་འགར་བཅད་ནས་ཡར་བདའ་མར་བདའ་བྱེད་བཞིན་པ་མཐོང་། ཁོ་ཚོ་སྐྲག་ནས་ཀིའང་འདེབས་མ་ཐུབ་པར་རེ་ཞིག་ཧད་ནས་ལུས།

ཁོ་ཚོའི་ཁྱིམ་གྱི་སྐྱེས་པ་དང་བུད་མེད་དག་འཕྲོ་རིམ་འཕྲོར་ཀི་འདེབས་བཞིན་གཡུ་ལུང་ཉིན་ངོས་སུ་བརྒྱུགས། མཚམས་ཤིག་ནས་སྤྱང་ཀི་དག་གིས་ལུག་བདའ་མཚམས་བཞག་ནས་འབྲོ་མགོ་བརྩམས་ཀྱང་གཡུ་ལུང་ཉིན་ངོས་སུ་དཀར་ཐེར་ཐེར་དུ་བཏང་འདུག དེ་དག་ལས་དབུགས་རྔ་མ་ཆད་པར་འཕག་འཚག་བྱེད་པའི་ལུག་ཀྱང་རེ་གཉིས་འདུག

དཔལ་གཡང་དང་དཔལ་བཟང་། སྐར་མ་གསུམ་སྐྲག་ཐག་ཆོད་དེ་གཡུ་ལུང་སྲིབ་ངོས་སུ་བྲོས། ཁོ་ཚོའི་ཁྱིམ་བདག་དག་གིས་ཁོ་ཚོར་རྒྱང་ནས་གཤེ་གཤེ་གཏོང་གིན་ཁོ་ཚོ་ཕྱིར་ཁྱིམ་ལ་ཡོང་ས་མེད་ཟེར་བཞིན་ལུག་རོ་དང་ལུག་རྨས་མ་དག་དྲུད་མ་ཁུར་གྱིས་ཕྱིར་ལོག

ཁོ་ཚོ་གཡུ་ལུང་སྲིབ་ངོས་ཀྱི་རི་རྩེར་ཐོན་པ་ན་ད་ཅིའི་དམར་སེར་འདྲེས་མའི་མཚམས་སྤྲིན་དག་ཆར་སྤྲིན་དུ་གྱུར་ནས་གློག་འཁྱུག་ཅིང་འབྲུག་ལྡིར་ནས་སེར་བ་བབས་པས་ཁོ་ཚོ་གད་ཁུང་ཞིག་ཏུ་ཡིབས་ནས་བསྡད། སེར་བ་འབབ་མཚམས་བཞག་མ་ཐག་ཏུ་ས་རུབ། ཁོ་ཚོ་གྲང་ནས་འདར་སིག་སིག་བྱེད་བཞིན་ཁྱིམ་བདག་དག་ཁོ་ཚོར་འཚོལ་དུ་ཡོང་མིན་ལ་ཚོད་དཔག་བྱེད་སྐབས།ཁོ་ཚོའི་ཁ་གཏད་དུ་སྤྱང་ཀིས་ངུ་ཟུག་བྱས་པས་ཁོ་ཚོ་སྐྲག་ནས་ཉྭ་ཞུམ་པར་གྱུར།

ས་རུབ་སོང་། དབྱིག་གཞོང་སློབ་ཆུང་གི་རྒྱབ་རིའི་སྟེང་དུ་འགྲེང་བའི་དཔལ་གཡང་གི་ཡིད་ལ་འདས་དོན་དེ་ཤར་བས་གྲང་འདར་དང་སྐྲག་འདར་གང་ཡིན་མ་ཤེས་པར་འདར་སིག་ཅིག་བྱེད་དགོས་བྱུང་།

དཔལ་གཡང་ནི་དབྱིག་གཞོང་སློབ་ཆུང་གི་སྐད་ཡིག་དགེ་རྒན་ཞིག་ཡིན། མོས་མི་ལོ་ཉི་ཤུ་ལྷག་ལ་སློབ་ཆུང་དེ་ནས་དགེ་རྒན་བྱས་པས་གནས་དེའི་རྒན་དར་གཞོན་གསུམ་གྱིས་མོ་ལ་དགེ་རྒན་དཔལ་གཡང་ཞེས་འབོད་བཞིན་ཡོད། མོ་རང་ཕྱིར་སློབ་རར་ལོག་དུས་ཁོ་ཚོའི་སློབ་གྲྭའི་དགེ་སློབ་དག་མལ་དུ་ཉལ་ནས་འཇམ་ཐིང་ཐིང་དུ་འདུག མོ་རང་ཚང་མས“དགེ་རྒན་དཔལ་གཡང་ཚང”ཞེས་འབོད་པའི་ས་ཁང་ཆུང་ངུ་དེར་འཛུལ་ནས་གློག་བསྒྲོན་པ་ན་དཔེ་ཆ་དང་གཟི་བརྗིད་དཔང་ཡིག སློབ་ཁྲིད་འཆར་ཟིན་གྱི་འབྲི་དེབ། ལས་བྱ་འབྲི་དེབ། རྩོམ་ཡིག་འབྲི་དེབ། ལྷན་ཐབས། སློབ་ཁྲིད་དཔྱད་གཞིའི་རྒྱུ་ཆ། དེ་མིན་དཔེ་ཆ་སྣ་ཚོགས་ཀྱིས་གང་བའི་ཁང་མིག་ཆུང་ངུ་དེར་དྲོད་ཅིག་འཁྱིལ་འདུག་པའི་སྣང་བ་སྐྱེས། ཡིན་ནའང་། མོ་ཁང་མིག་དེར་འཛུལ་མ་ཐག་རང་དབང་མེད་པར་གྲང་འདར་ཞིག་བརྒྱབ་བྱུང་།

དཔལ་གཡང་གནས་དེར་ཐོག་མར་དགེ་རྒན་དུ་ཡོང་སྐབས་ཀུན་གྱིས་འགྲམ་ཆུ་ལྡང་བའི་བུ་མོ་ཞིག་ཡིན། དེ་བས་མོ་རང་མེ་ཏོག་ཅིག་ཡིན་པའི་དབང་དུ་བཏང་ན་མེ་ཏོག་དེའི་ཟེའུ་འབྲུ་ལོངས་སུ་སྤྱད་ན་འདོད་པའི་སྐྱེས་པ་སྐྱག་སྦྲང་དང་འདྲ་བ་གང་མང་མོ་ལ་འཁོར་མྱོང་ཡང་། མོས་མེ་ཏོག་གི་ཟེའུ་འབྲུ་ཐོག་མར་བྱིན་མྱོང་བའི་གཡུ་སྦྲང་གཞོན་ནུ་དེ་མ་གཏོགས་གཞན་སུ་ལའང་ཆགས་པའི་ཟུར་མིག་ཙམ་ཡང་འཕངས་མ་མྱོང་། དཔལ་གཡང་དབྱིག་གཞོང་སློབ་ཆུང་དུ་ཡོང་ནས་ལོ་གཅིག་མ་འགོར་བར་མོའི་ཡིད་ཀྱི་གཡུ་སྦྲང་གཞོན་ནུ་དེ་མོ་ལས་མཛེས་སྡུག་ཡི་གར་འོང་བའི་མེ་ཏོག་གཞན་ཞིག་གི་བདག་པོར་གྱུར།

དཔལ་གཡང་སྔས་འགྲམ་གྱི་ཅོག་ཙེ་ཆུང་ངུ་དེའི་མདུན་གྱི་རྐུབ་སྟེགས་སུ་བསྡད་ནས་དེ་རིང་བྲིས་མ་ཚར་བའི་སློབ་ཁྲིད་འཆར་ཟིན་གྱི་འཕྲོ་བསྐྱངས། མོས་ཁྲིད་ཟིན་པའི་སློབ་ཁྲིད་དེའི་བྱེད་ཐབས་ལ་བསམ་གཞིག་གཏོང་བཞིན་ཐེངས་སྔོན་མར་ཁྲིད་པའི་སློབ་ཁྲིད་ཀྱི་གནད་དོན་མང་པོ་ཞིག་འཕྲོ་རིམ་འཕྲོར་ཀླད་པའི་ནང་ཤར། མོས་འཆར་ཟིན་འབྲི་མཚམས་བཞག་སྟེ་དཔྲལ་བར་གཉེར་མདུད་ཅིག་རྒྱག་གིན་བསམ་གཞིག་བཏང་། མཚམས་ཤིག་ནས་མོའི་གདོང་ལ་འཛུམ་མདངས་ཤིག་མངོན་ནས་སྨྱུ་གུ་བཟུང་སྟེ་ཡང་བསྐྱར་སློབ་ཁྲིད་འཆར་ཟིན་གྱི་འཕྲོ་བསྐྱངས།

དཔལ་གཡང་ལ་མཚམས་ཤིག་ནས་གཅིན་པ་གཏོང་རྒྱུ་ཡོང་བས་སྒོར་བུད་པ་ན་སློབ་རའི་མཁའ་དབྱིངས་སྐར་ཚོགས་ཀྱིས་གང་འདུག མོ་སྤྱོད་ཁང་དུ་སོང་ནས་ཕྱིར་མ་ལོག་པར་སློབ་རའི་ལུས་རྩལ་ཐང་དུ་སོང་ནས་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་བལྟས། མོས་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་བལྟས་ཀྱིན་བལྟས་ཀྱིན་སྐར་ཚོགས་དེ་དག་ནི་མོས་དབྱིག་གཞོང་སློབ་ཆུང་ནས་བསྐྱངས་ཟིན་པ་དང་སྐྱོང་བཞིན་པ། བསྐྱང་བར་འགྱུར་བའི་སློབ་བུ་རེ་རེའི་ངོ་གདོང་དུ་གྱུར་པ་དང་ངོ་གདོང་དེ་དག་ལས་དྭངས་གཙང་གི་མིག་ཟུང་རེ་རེས་མོ་ལ་ཅེར། དྭངས་གཙང་གི་མིག་ཟུང་རེ་རེའི་ནང་དུ་སེམས་ཁུར་དང་བཀའ་དྲིན་ཞུ་བའི་མདངས་ཤིག་མངོན། མཚམས་ཤིག་ནས་དཔལ་གཡང་གི་མཁུར་ཚོས་གཡས་གཡོན་གཉིས་ལས་གྲང་ཤུར་ཤུར་གྱི་མིག་ཆུ་རྡོག་པོ་འགའ་མར་འགྲིལ་བཞིན་པའི་སྒང་ལ། མོས་མོ་རང་ལ་ཅེར་བའི་མཁའ་དབྱིངས་ཀྱི་སྐར་ཚོགས་དེ་དག་གློ་བུར་བའི་སྤྲིན་ནག་ཅིག་གིས་སྒྲིབ་བཞིན་པ་ཚོར་བས་མོས་ཤུགས་རིང་ཞིག་འཐེན་བཞིན་ཕྱིར་མལ་ཁང་དུ་ལོག

མོ་ཡང་བསྐྱར་སྔས་འགྲམ་དུ་བསྡད་ནས་དེ་རིང་ཡར་སྤྲད་པའི་རྩོམ་ཡིག་འབྲི་དེབ་ཀྱི་ཁ་ཕྱེས་ནས་རྩོམ་ཡིག་དག་བཅོས་བྱེད་མགོ་བརྩམས། མོས་སློབ་བུ་རེ་རེའི་རྩོམ་ཡིག་གི་ཚིག་སྐྱོན་དང་ཡིག་སྐྱོན། དོན་སྐྱོན་བཅས་ལ་དྲི་རྟགས་རེ་བཀོད་པ་དང་རྩོམ་ཡིག་རེ་རེའི་མཇུག་ཏུ་རྩོམ་ཡིག་རེ་རེའི་ལེགས་འགྲུབ་ཀྱི་ཆ་དང་རྗེས་སོར་མཉམ་གཞག་བྱའི་ཆ་བཅས་གནད་དུ་བཟུང་ནས་དཔྱད་བརྗོད་ཐུང་ངུ་རེ་བྲིས། མོས་སློབ་བུ་དཔལ་ལྡན་གྱི་རྩོམ་ཡིག་ལ་ཐེངས་འགར་བལྟས་རྗེས“སློབ་བུ་ལགས། ཁྱོད་ཀྱིས་འཆར་ཡན་གྱི་གཤོག་པ་རིང་དུ་བརྐྱངས་ནས་མཁའ་དབྱིངས་སུ་འཕུར་བའི་གཤོག་རྩལ་ལ་ཁྱོད་ཀྱི་སློབ་གྲོགས་དག་ལྟ་ཅི་སྨོས། དགེ་རྒན་ང་ཡང་ངོ་མཚར་ཡོད། ཡིད་སྨོན་ཤོར་ཡོད། མུ་ནས་མུ་རུ་བརྩོན་པ་གྱིས་དང་། མ་འོངས་པ་ན་མིང་དུ་གྲགས་པའི་རྩོམ་པ་པོ་ཞིག་ཏུ་འགྱུར་བའི་ཡིད་ཆེས་བརྟན་པོ་ཡོད། འདུན་པ་དྲག་པོ་ཡོད། དགེ་རྒན་ང་ལ་རེ་བ་ཞིག་ཡོད་པ་ནི་རྩོམ་ཡིག་འདིར་ཡིག་སྐྱོན་དང་དོན་སྐྱོན་རེ་གཉིས་འདུག་པས་ཁྱོད་ཀྱིས་མུ་མཐུད་དུ་བསླབ་ཕྱིའི་དཔེ་ཀློག་ལ་ཤུགས་སྣོན་ཨེན་ཙམ་བརྒྱག་རྒྱུ་དེ་ཡིན། དེ་ལྟར་བྱས་ན་ཡག་ཐོག་ཡག་བརྩེགས་ཡིན་པས་དེ་ལུགས་ཡིད་ལ་འཇགས་པར་ཞུ”ཞེས་སློབ་བུ་དཔལ་ལྡན་གྱིས་གསར་དུ་བྲིས་པའི་རྩོམ་ཡིག་གི་མཇུག་ཏུ་དེ་ལྟར་དཔྱད་འཇོག་ཅིག་བྲིས།

དཔལ་གཡང་གིས་གློག་གཟིམས་ནས་མལ་དུ་ཉལ་ཡང་གཉིད་མ་ཡོང་བར་མུན་ནག་གིས་བཏུམས་པའི་ཁང་མིག་དེར་བལྟས།

མུན་ནག་ལས་དཔལ་བཟང་གི་ངོ་གདོང་སྣང་། ཁོའི་ངོ་གདོང་དུ་གནོང་འགྱོད་ཀྱི་ཉམས་ཤིག་ཤར་བ་དང་མིག་ཟུང་ལས་གུ་ཡངས་གཏོང་རོགས་ཞུ་བའི་མདངས་ཤིག་མངོན།

དཔལ་གཡང་གིས་འདི་ནི་འཁྲུལ་སྣང་ཡིན་སྙམ་ནས་མགོ་བོ་རུམ་དུ་བཏང་ཡང་མོའི་མིག་ལམ་དུ་དཔལ་བཟང་གི་ངོ་གདོང་དང་མིག་མདངས་དེ་སྔར་བཞིན་གསལ་ལྟིང་ངེར་ཤར་ཡོང་།

དཔལ་གཡང་གི་སྐྲ་གསེབ་ཏུ་སྐྲ་དཀར་མི་འདུག་པར་ནག་ཤིག་གེར་འདུག་པ་དང་ངོ་གདོང་དུ་རྒས་གཉེར་ཤུར་མོ་གཅིག་ཀྱང་མེད་པས་མོ་སློབ་ཆེན་སྐབས་སུ་ཀུན་གྱིས་སློབ་རའི་མེ་ཏོག་ཅེས་འབོད་སྐབས་ཀྱི་མཛེས་ཉམས་དེ་ཕྱིར་མངོན། མོ་དཔལ་བཟང་གི་དཔུང་བར་འཇུས་ནས་དབྱིག་གཞོང་སློབ་ཆུང་གི་ནུབ་རིའི་ངོས་ན་ས་སྲོད་ཀྱི་མཚམས་སྤྲིན་ལ་ལྟད་མོར་གཡེང་།

བསིལ་རླུང་འཇམ་པོ་ཞིག་གིས་ཁོ་གཉིས་ཀྱིས་ངོ་གདོང་ལ་བྱིལ་བྱིལ་གཏོང་བ་དང་མེ་ཏོག་གི་དྲི་ངད་ཁོ་གཉིས་ཀྱི་སྣ་ལམ་དུ་ཐུལ་བར་བྱེད། མཁའ་མཐའི་སྤྲིན་པ་དག་གི་དབྱིབས་འགྱུར་བཞིན་ཁ་དོག་ཀྱང་འགྱུར་བཞིན་འདུག སྤྲིན་པ་དེ་དག་གི་དབྱིབས་ནི་འདུ་ཁང་དང་འདྲ་བར་གྱུར་པ་དང་། སྤྲིན་པ་དེ་དག་གི་ཁ་དོག་ཡང་འདུ་ཁང་ནང་གི་སེར་མོ་པ་ཚོའི་ན་བཟའ་དང་མཚུངས་པར་གྱུར། གློ་བུར་དུ་མཚམས་སྤྲིན་དེ་དག་གི་དབྱིབས་མདའ་མདུང་གྲི་སོགས་སུ་གྱུར་པ་དང་ཁ་དོག་ནག་པོར་གྱུར་ནས་རླུང་གཡུགས། རླུང་འཚུབ་ཆེན་མོ་ཞིག་གིས་དཔལ་གཡང་དང་དཔལ་བཟང་གཉིས་ཀྱི་ལག་རྡང་གཏོར་བར་བྱས་ནས་དཔལ་གཡང་གཅིག་པུ་གནས་དེར་ལུས་པ་ལས་དཔལ་བཟང་གར་སོང་ཆ་མེད་དུ་གྱུར། དཔལ་གཡང་དངངས་ཤིང་སྐྲག་ནས“ཨྰ། དཔལ་བཟང་། དཔལ་བཟང”ཞེས་འབོད་བཞིན་ཁ་ཕྱོགས་ངེས་མེད་དུ་བརྒྱུགས་པ་ན་དཔལ་གཡང་མལ་ཁྲི་ཆུང་ངུ་དེ་ལས་སར་ལྷུང་སྟེ་གཉིད་ལས་སད།

མོའི་ཡིད་ལ“རྨི་ལམ་བར་དོའི་འཁྲུལ་སྣང་། གཅིན་ས་ཐོག་བཏང་བ་བརླ་ཐོག་ས་ཐོག”ཟེར་བ་འདི་འདྲ་ཡིན་ས་རེད་སྙམ་བཞིན་ཡར་ལངས་ཏེ་ཕྱིར་མལ་དུ་ཉལ། དེ་ནས་མོ་གཉིད་གཏན་ནས་མ་ཡོང་བར་མགོ་བོ་ཡར་དགྱེ་སྟེ་གློག་བཀར། མོས་སྔས་འགྲམ་གྱི་མོ་རང་ཆེས་ལྟ་བར་དགའ་བའི་བུད་མེད་རྩོམ་པ་པོ་ཚེ་སྒྲོན་སྐྱིད་ཀྱི་སྒྲུང་རྩོམ《ང་ཡི་ཉི་མ་ནུབ་སོང》ཞེས་པ་དེར་བལྟས། མོས་སྒྲུང་རྩོམ་དེར་བལྟས་ཀྱིན་བལྟས་ཀྱིན་ཡང་བསྐྱར་མིག་ཆུ་བཞུར། མོས་མིག་ཆུ་བཞུར་བཞིན་དེབ་ཀྱི་ཁ་ཟུམ་ནས་ཨ་རིའི་སྒྲུང་རྩོམ་པ་ཧེ་མིང་ཝེ་ཡི《རྒན་པོ་དང་རྒྱ་མཚོ》ཞེས་པའི་རྒྱ་འགྱུར་གྱི་སྒྲུང་དེབ་དེའི་བར་ནས་སྙིང་དབྱིབས་སུ་བལྟེབས་པའི་འཕྲིན་ཡིག་ཅིག་བླངས། འཕྲིན་ཡིག་དེ་ནི་མོ་ལ་དཔལ་བཟང་གིས་ཆེས་ཐོག་མར་སྤྲིངས་པའི་འཕྲིན་ཡིག་ཅིག་ཡིན་ལ་ཆེས་མཇུག་མཐར་སྤྲིངས་པའི་འཕྲིན་ཡིག་ཀྱང་ཡིན།

མོའི་མཆི་མས་བརླན་པའི་མིག་ཟུང་གིས་འཕྲིན་ཡིག་དེར་བལྟས། མོས་འཕྲིན་ཡིག་དེར་བལྟས་ཀྱིན་བལྟས་ཀྱིན་མིག་ཟུང་རབ་རིབ་ཏུ་གྱུར། ཡིན་ནའང་། འཕྲིན་ཡིག་དེར་བྲིས་པའི་ཡིག་འབྲུ་རེ་རེ་བཞིན་མི་ལོ་བཅུ་ལྷག་གི་སྔོན་ལ་མོས་ཆེས་ཐོག་མར་དཔལ་བཟང་ལ་དྲན་རྟེན་དུ་བྱིན་པའི་དངུལ་གྱི་མཛུབ་དཀྲིས་ཟད་པོ་དེས་ངུ་སྐད་འདྲེས་བཞིན་ཀློག་འདོན་བྱེད་པའི་ཚོར་བ་སྐྱེས། མོས་དངུལ་མཛུབ་དཀྲིས་ཟད་པོ་དེས་འཕྲིན་ཡིག་དེའི་ཡིག་འབྲུ་རེ་རེ་བཞིན་ཀློག་པར་རྣ་བ་བླགས་ཏེ་ངུ་རྒྱུ་གཏིང་ནས་ཡོང་ཡང་མིག་ཆུ་ཁོག་ཏུ་བཞུར་བར་བཅུག དངུལ་གྱི་མཛུབ་དཀྲིས་ཟད་པོ་དེ་འཕྲིན་ཡིག་དེ་དང་ལྷན་དུ་མོ་ལ་དཔལ་བཟང་གིས་ཕྱིར་བསྐུར་བ་ཡིན་པས་མོས་ཨམ་གཙིགས་སྡོམ་བཞིན་དངུལ་གྱི་མཛུབ་དཀྲིས་ཟད་པོ་དེར་ཕུར་ཕུར་ལན་འགའ་བྱས་པ་ན་བལྟས་བལྟས་རིག་རིག་ལ་དངུལ་གྱི་མཛུབ་དཀྲིས་ཟད་པོ་དེ་སྔར་ལས་ཀྱང་ཇེ་ཕྲ་ནས་ཇེ་ཕྲ་དང་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར།

ནམ་ལངས་རྗེས་དཔལ་གཡང་ཡར་ལངས་ནས་ངོ་མ་བཀྲུས་ལ་སྐྲའང་མ་ཤད་པར་སྒོར་བུད། ཉིན་དེར་གཟའ་ཉི་མ་ཡིན་པས་སློབ་ར་ཡོངས་མདང་ནུབ་མོ་ཕྱིར་སློབ་རར་ལོག་དུས་དང་འདྲ་བར་འཇམ་ཐིང་ངེར་འདུག དཔལ་གཡང་སློབ་རའི་སྒོ་ཆེན་ལས་ཕྱིར་བུད་དེ་དབྱིག་གཞོང་སློབ་ཆུང་གི་མདུན་རིའི་ངོས་སུ་འགོས།

དཔལ་གཡང་དབྱིག་གཞོང་སློབ་ཆུང་གི་མདུན་རིའི་ངོར་འགོས་ནས་ཉི་མ་ཤར་བར་རེ་སྒུག་བྱས། ཡིན་ནའང་། ཉིན་དེར་ནམ་མཁར་སྤྲིན་པ་སྲབ་མོ་ཞིག་འཐིབ་པ་དེ་ཇེ་མཐུག་ནས་ཇེ་མཐུག་ཏུ་གྱུར་ནས་མཐར་གནམ་ངོ་ཧྲིལ་པོ་སློབ་གཙོ་དཀོན་པོའི་ངོ་གདོང་དང་འདྲ་བར་ཇེ་ནག་ནས་ཇེ་ནག་ཏུ་གྱུར།

དཔལ་གཡང་གིས་དེ་རིང་ཞོགས་པའི་མཚམས་སྤྲིན་ལ་ལྟ་བར་འདོད་པའི་རེ་ཐག་གཏིང་ནས་ཆད་ཀྱང་དབྱིག་གཞོང་སློབ་ཆུང་གི་མདུན་རིའི་ངོས་ན་ནག་ཡོར་རེར་ཁ་ཤར་ཕྱོགས་སུ་འཁོར་ནས་བལྟས་འདུག

དབྱིག་གཞོང་སློབ་ཆུང་གི་སློབ་མ་ཕལ་ཆེར་གཟའ་མཇུག་ཏུ་ཁྱིམ་བདག་ཚོས་བསུས་འགྲོ་མོད། འོན་ཀྱང་ཁྱིམ་བདག་བསུ་བར་མ་ཡོང་བའི་སློབ་མ་སྐོར་ཞིག་སློབ་གྲྭར་ཡོད་པ་དེ་དག་གིས་ནངས་ཇ་འཐུངས་ནས་འུར་ཀྱི་ལེར་ཕྱིར་མལ་ཁང་དུ་ཡོང་སྐབས་དགེ་རྒན་དཔལ་གཡང་སློབ་གྲྭའི་སྒོ་ཆེན་ནས་མངོན་པ་མཐོང་བས་སློབ་བུ་ཚོས་ངག་ནས“དགེ་རྒན་དཔལ་གཡང”ཞེས་འབོད་བཞིན་གོམ་ཁ་དགེ་རྒན་དཔལ་གཡང་གི་ཕྱོགས་སུ་བསྒྱུར་ནས་བརྒྱུགས། དགེ་རྒན་དཔལ་གཡང་གིས་མགྱོགས་པོར་མགོ་བོ་ཡར་དགྱེ་བཞིན་གདོང་ལ་འཛུམ་ཞིག་མངོན་བཞིན་སློབ་བུ་ཚོར་བསུ་བ་བྱས། སློབ་མ་དེ་དག་ཉིན་ཉིན་ཕྲད་པའི་དགེ་རྒན་དཔལ་གཡང་གི་ཕྱོགས་སུ་ཡུན་རིང་མ་ཕྲད་པའི་རང་རང་གི་ཨ་མའི་ཕྱོགས་སུ་བརྒྱུགས་འདྲའི་རྣམ་པ་དེར་མོ་རང་ཡིད་འགུལ་ཐེབས་ཏེ་མིག་མཐའ་མཆི་མས་བརླན།

སློབ་མ་དེ་དག་དཔལ་གཡང་གི་འཁྲིས་སུ་སླེབས་མ་ཐག་ཏུ་མོའི་མཐའ་བསྐོར་ནས་མིག་ཟུང་དྭངས་མོ་མང་པོ་ཞིག་གིས་དུས་གཅིག་ཏུ་མོའི་གདོང་ལ་བལྟས་པ་ན།མོ་རང་ཅུང་ཟད་དོགས་མི་བདེ་བར་གྱུར་ནས་མགོ་བོ་ཅུང་ཙམ་ཐུར་དུ་དུད་པར་གྱུར།

“དགེ་རྒན། ཁྱེད་རང་མི་བདེ་བ་ཡིན་ནམ”སློབ་ར་ཡོངས་ལ་པྲ་ཆལ་བྱས་ནས་མིང་དུ་གྲགས་པའི་སློབ་བུ་དཔལ་རྡོར་གྱིས་དེ་ལྟར་དྲིས། སློབ་བུ་གཞན་ཚོའི་གདོང་ལའང་སེམས་ཁུར་གྱི་མདངས་རེ་མངོན།

“སློབ་བུ་ཚོ། ང་ལ་མི་བདེ་བ་ཅི་ཡང་མི་འདུག ཅི་ཞིག་རེད” ཅེས་དཔལ་གཡང་གིས་སློབ་མ་ཚོར་དེ་ལྟར་དྲིས།

“དགེ་རྒན། ཁྱེད་ཀྱི་སྐྲ་གསེབ་ཀྱི་སྐྲ་དཀར་ཇེ་མང་དུ་སོང་འདུག” དགེ་རྒན་སུས་དྲི་བ་དྲིས་ཀྱང་དྲིས་ལན་མི་འདེབས་པའི་སློབ་བུ་བདེ་འཚོས་དེ་ལྟར་བཤད།

“དགེ་རྒན། ཁྱེད་ཀྱི་དཔྲལ་བའི་གཉེར་མའང་ཇེ་མང་དུ་སོང་འདུག”དགེ་རྒན་སུས་ཀྱང་གཅེས་སྐྱོང་བྱ་མི་འདོད་པའི་སློབ་བུ་ནག་རྡོས་ཀྱང་རྟིང་སྣོན་གྱི་ཚུལ་དུ་དེ་ལྟར་བཤད།

“……”

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།