ཀྲུང་གོ་བོད་ཀྱི་དྲ་བ།

ལབ་ཙེ་བསྟོད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀ་རྒྱའི་འཕགས་པ་ཚེ་རིང་།   སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐག་རིང་ན་སྨུག་པ་གྱ་གྱུ། སྨུག་པའི་གསེང་ན་ཨ་མྱེས་དངུལ་ཆེན།

འདི་ནས་ནུབ་བྱང་ཕྱོགས་སུ་སྤྲིན་དཀར་གྱི་རྒྱལ་མཚན་བཏགས་པའི་གནས་རི་ཆེན་པོ་ཞིག་མཐོང་ཡོང་བ་ལ་ཡུལ་སྡེ་འདི་གཉིས་ཀྱིས་སྐྱེས་ལྷ་དངུལ་ཆེན་ཟེར་རོ། །

ལོ་འདི་དག་གི་རིང་ལ། ལབ་ཙེ་བསྟོད་དུ་ཕེབས་པའི་རྟ་པ་དེ་དག་གར་སོང་ཆ་མེད་དུ་གྱུར་པ་ལྟར། མོ་ཊའི་སྐད་ཀྱིས་བཀང་བའི་ལུང་པ་འདིར་རྟ་པ་རེ་གཉིས་དང་རྩེ་རྒྱ་བསྣམས་པའི་སྐྱ་མི་རེ་མཐོང་ཡོང་བ་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ལ་ཨང་།

ཨ་མྱེས་བློ་བརྟན་ལོ་ན་གཞོན་དུས་སུ། ལུང་པ་འདིར་མཁན་དཀར་དང་མེ་ཏོག་སེར་ཆེན། མོ་ནུ་དཀར་སེར། ཨུཏྤལ་སྔོན་པོ་དང་ལུག་རུ་སེར་པོ། རི་ཤོ་རམ་བུ་དང་ཙི་གུ་སི་སོགས་ལུང་པའི་ཕྲ་རྒྱན་ལྟར་སྤུད་ཅིང་དྲི་ངད་བསིལ་རླུང་གིས་སྣ་ལ་འདྲེན་པར་བྱེད།

ནོར་ལུག་ལ་འདྲེས་ཤིང་ལུག་སྤྲིན་ལ་འདྲེས་པའི་དབྱར་གཞུང་རེ་རེར། ཁོས་གསེར་རྭ་སྡེ་བའི་བུ་མོ་ཚོ་ལ“ཨུཏྤལ་སྔོན་པོ་བླ་མའི་དྲིལ་བུ་འདྲ། །མེ་ཏོག་སེར་ཆེན་བུ་མོ་ཁྱེད་དང་འདྲ། །”ཞེས་ཚིག་སྙན་མོའི་བདུད་རྩི་སེམས་ལ་མཆོད་ནས་བུ་མོ་རེ་གཉིས་ཀྱི་སེམས་པ་རང་སེམས་ཀྱི་ཀྱོ་བས་འཛིན་པའི་དངོས་གྲུབ་ལ་རེ་བ་བྱེད། ཡང་སྐབས་སྐབས་སུ་སྨུག་པའི་ནང་གྲགས་ཡོང་བའི་ཀ་ལ་པིང་ཀ་ལྟ་བུའི་གསེར་རྭའི་བུ་མོ་ཚོའི་ལ་སྐད་ཚིག་གསུམ་གོ་ཡོང་ན་སྙམ།

དངུལ་ལུང་སྡེ་བའི་བླ་མ་ཐུབ་བསྟན་རྣམ་རྒྱལ་ལགས་རེ་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་ཅིང་། ཕྱི་ལོར་ཨ་མྱེས་བློ་བརྟན་ཡང་ཕྱི་མའི་ཡུལ་དུ་སྐར་མདའ་ལྷུང་བ་ལྟར་ཆོས་ཉིད་ཀྱི་ཕྱོགས་སུ་ཆས་སོང་། དེ་ནི་ཨ་མྱེས་བློ་བརྟན་གྱིས་ཚ་བོ་དབང་ཆེན་ལ་སྐར་མདའ་རེ་ལྷུང་བ་ནི་མི་རེ་འདས་པ་ཡིན་ཟེར་བའི་གནའ་གཏམ་ཐུང་ཐུང་རེ་བཤད་པ་དེ་ལ་དྲན་གསོས་པ་དང་མཚུངས།

ཚ་བོ་དབང་ཆེན་ཡང་མོ་ཊའི་འཕོངས་ལ་བསྡད་ནས་སྐྱེས་ལྷ་དངུལ་ཆེན་བསྟོད་དུ་འགྲོ་བཞིན་ཡོད། སྐྱེས་ལྷ་དངུལ་ཆེན་ནི་བོད་ཁམས་གཞི་བདག་གི་སྤྱི་མེས་འོ་དེ་གུང་རྒྱལ་གྱི་སྲས་དྲུག་པ་ཡིན་ལ། དངུལ་ལུང་དང་གསེར་རྭ་སྡེ་བས་མཉམ་དུ་ལོ་རེའི་ལྔ་པའི་བཅོ་ལྔར་ལབ་ཙེ་འདི་བསྟད་ནས་མི་རབས་ག་ཙམ་སོང་བ་ཨ་མྱེས་བློ་བརྟན་གྱིས་ཀྱང་བཤད་མ་མྱོང་། ཡུན་རིང་གི་འདམ་རྫོབ་དང་ནེའུ་གསིང་དཀྱིལ་གྱི་ས་ལམ་ནག་ཅིང་ཕྲ་བ་དེ་དེད་ནས་ད་ནི་དངུལ་ཆེན་ལབ་ཙེ་ཡི་ཐོང་རྩར་འབྱོར་སོང་། ཚ་བོ་དབང་ཆེན་གྱིས་སྐ་རགས་བསྐྱར་བཅིངས་ཤིག་བྱས་རྗེས་བསང་རྫས་དང་རླུང་རྟ།མཆོད་ཆང་ཁུར་ནས་ལབ་ཙེ་ཁ་རུ་འགོ་བཞིན་འདུག

རྣམ་ཐར་གྱིས་རྟ་ལ་བསང་རྩི་བཀལ་ཅིང་ཡོབ་རྡུང་བྱེད་བཞིན་གསར་བུ་དུམ་བུ་ཞིག་གིས་དེའུ་འབུར་སྟེང་ན་ངལ་གསོས་འདུག་པའི་ཁྲོད་སླེབས་བྱུང་། རྔུལ་ནག་ཁྲོམ་ཁྲོམ་གྱིས་རྟ་ནག་ལ་སྣུམ་བསྐུས་པ་ལྟར་སྣང་བའི་ཐོག་ན་རིན་ཆེན་ལྒང་ལི་ཚོ་ཞིང་བརྗིད་པར་འདུག་ལ་རྟའི་ཁ་རླངས་སྣ་རླངས་འཚུབ་པའི་ཐོག་ལྕག་གིས་བྲབས་ནས་ཐོན་བྱུང་། ཁ་ལ་སྒོ་ལྕག་མེད་པའི་བློ་བཟང་གིས།“ཨ་རོག ཁྱེད་ཚེ་ཕྱི་མར་འགྲོ་རྒྱུ་མ་རེད་པཱ”ཞེས་སོ་རྒན་གཉིས་ཀྱི་བར་ནས་གཏམ་དེ་འདྲ་ཞིག་ལྷུང་སོང་།རིན་ཆེན་ལྒང་ལི་ཅུང་ཁྲོས་ཉམས་ཀྱིས“ཁྱེད་ལ་བབས་མི་འདུག”ཟེར།དེ་ལ་ཁ་བདེ་ཞིང་བློ་འཛོམས་པའི་རྣམ་ཐར་གྱིས“རིན་ཆེན་ཕྱི་མར་འགྲོ་དུས་ཁྱེད་ཀྱི་སོ་རྒན་གཉིས་ཀྱི་བར་ནས་འགྲོ་རྒྱུ་རེད།”ཅེས་བཤད་པར་ཚང་མ་ཧབ་ཆ་དིར་རེ་སོང་། ཡང་རྣམ་ཐར་གྱིས“ཆུད་སོང་ན་ད་དུང་རྟར་བཞོན་ནས་འགྲོ་རྒྱུ་རེད”ཅེས་པར་ཡང་ཚང་མ་ཧབ་ཆ་དིར་རེ་སོང་།

སྨུག་ལང་ལོང་། ཆར་ཟམ་ཟིམ། འདིས་དངུལ་ཆེན་ལབ་ཙེ་མེས་འཚིག་པའི་ལོ་དེ་དྲན་དུ་བཅུག་སོང་།སྟོན་ཁ་དེར་ལབ་ཙེ་བསྐྱར་བསྟོད་བྱེད་ཆེད་དུ་གསེར་རྭ་དང་དངུལ་ལུང་གཉིས་ཀྱི་གཞོན་དར་ཕོ་རྒོད་ཚོས་ལུང་པའི་ཕུ་མདའི་བར་དུ་མདའ་མང་པོ་ཕྲག་པར་བཞག་ནས་ཆར་བའི་ནང་ངོ་ལམ་འདི་བརྒྱུད་ནས་སྐྱེས་ལྷ་དངུལ་ཆེན་བསྟད་པ་རེད།དེ་དུས་ཨ་མྱེས་བློ་བརྟན་ཡང་དཀར་ངོགས་སུ་ཡོད་དུས་རེད།དེ་ནི་ལོ་ངོ་བཅུའི་སྔོན་གྱི་གཏམ་རྒྱུད་ཅིག་རེད།

དངུལ་ཆེན་ལབ་ཙེ་བསྐྱར་དུ་བསྟད་པའི་རྗེས་ནས་ལོ་རེ་རེ་བཞིན་གསེར་རྭ་དང་དངུལ་ལུང་སྡེ་བ་ནི་མི་མགོ་ནག་ལ་བདག་མེད་པ་ལྟར་གྱུར་པས་སྤྱི་བསང་ཕུད་ཐེངས་རེ་ལ་སྔོན་མས་རྗེས་མར་མི་བསྒུགས་ལ་རྗེས་མར་སྔོན་མ་མི་འཛོམས་པར་མ་ཟད། ཡུན་གྱིས་དུད་ཁྱིམ་རེ་འགའ་ནས་ལབ་བསྟོད་མི་མཐོང་བའི་ཡུལ་དུ་གྱུར།

འཕྱོར་ལྭ་གང་འཛོམས་གོན་ནས་ཡུལ་ལྷ་གཞི་བདག་ལ་མཆོད་པ་རྒྱས་པ་དང་རླུང་རྟའི་དར་ལྕོག་འཛུགས་པ།རླུང་རྟ་བར་སྣང་དུ་སྟོར་ནས་རླུང་རྟ་འཕེལ་ཞིང་གེགས་དང་བར་ཆད་ཟློག་པའི་སྨོན་ལམ་ལ་ཀྭི་བསོ་བསོ་ཡི་ལྷ་རྒྱལ་འཐེན་དུ་ཡོང་བའི་སྔོན་གྱི་ཟིལ་ཤུགས་དེ་ཙམ་མེད་པར་གྱུར་ལ། བསང་མཆོད་ཤེས་པའི་ན་གཞོན་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ལ།དགྲ་གནོན་རྒྱུ་མི་མང་པོས་བརྗེད་པར་གྱུར།བསང་རྩི་ལ་ཤུག་དྲི་མི་བྲོ་ཞིང་ཕུད་མཆོད་ཀྱི་ཆོ་ག་དང་ཇེ་རིང་དུ་སོང་ལ། གཞེས་ནིང་ལོར་བསང་རྩི་སྒང་ནས་བཞག་སྟེ་བསང་ཁྲིར་གཏུལ་རྒྱུ་བརྗེད་ཡོད་ཚུལ་ཡང་སྡེ་བའི་མིང་བཏགས་ཚོས་གད་སྙིགས་གཙང་སེལ་བྱ་དུས་ད་གཟོད་ཤེས་པ་རེད།རྨུ་ཐག་དང་རྩེ་རྒྱ།ཉ་ཕྲུག་སོགས་ཁྱེར་ཡོང་བའི་མི་ལྡབ་ཀྱིས་ཇེ་ཉུང་དུ་གྱུར་པར་མ་ཟད། ཐ་ན་དུང་འབུད་ཤེས་མཁན་དང་ཨ་མཆོད་ཚོར་ཆིབས་བསུར་འགྲོ་མཁན།ཐ་ན་སྒྱིད་ལུག་གི་ཚད་གཞི་དང་ཀུན་སློང་གིས་གཅིག་བལྟས་གཅིག་ལ་བྱས་ཏེ་དར་ཤིང་མགོར་འགོས་ཏེ་དར་ལྕོག་མཐུད་མཁན་ཡང་མེད་པར་གྱུར།དེ་ནི་ལོ་སྔོན་མའི་དོན་དག་རེད།

ཚ་བོ་དབང་ཆེན་དང་བཅས་པ་ལབ་ཙེ་སྒང་ལ་ཐོན་དུས།བསོད་རྒྱམ་འདར་ཁ་དང་བཅས་པའི་དངུལ་ལུང་སྡེ་བའི་མི་འགས་བསང་རྩི་བཞག་རྗེས་ཕྱིར་དོན་དག་གལ་ཆེན་ཞིག་ཡོད་ཟེར་ནས་ཞོགས་སོང་།གསེར་དངུལ་ལུང་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་བཤེས་གྲགས་པ་རྒྱ་མཚོ་ཡང་ལོ་སྔོན་མ་ལྟར་ལབ་ཙེ་སྒང་ལ་ཐོན་ཡོད། ཁོང་གི་སྐུ་གཟན་ཆུས་བརྟོལ་འདུག་ལ།རྟ་ལས་བབས་མ་ཐག་ལྷ་སྡེ་གསེར་དངུལ་གཉིས་ལ་སྤྲུལ་སྐུའི་སྐུ་བཙལ་ཆོག་པའི་ཆོག་མཆན་ཡི་གེ་རེག་པའི་ཁ་བརྡ་མི་མང་པོས་བསྐོར་བའི་དཀྱིལ་ནས་གསུང་གིན་ཡོད། སྤྱིར་ན་གསེར་རྭ་སྡེ་བའི་རྒན་རབས་དག་བཞུད་ཤུལ་དུ་ཨ་ཕ་ཆོས་བཟང་སོགས་ལོ་ན་ཚོད་ཀྱིས་གོང་དུ་ཐོན་ཡོད་ནའང་ཁོ་ཚོ་ཚོགས་གྲལ་དུ་མི་ཡོང་བར་ན་མཉམ་འགའ་དང་མཉམ་དུ་ཁ་ནས་དུ་བ་སྔོ་ལྷོག་ལྷོག་བྱེད་བཞིན་ཧབ་ཆ་རྒྱག་བཞིན་པ་དལ་ཅག་གེར་དགེ་བཤེས་གྲགས་པ་རྒྱ་མཚོའི་གསུང་ལ་ཉན་བཞིན་པའི་མི་ཚང་མས་གོ་ཡོད་པར་སྲིད། ཆར་བ་ཟམ་ཟིམ་གྱིས་དུས་མ་ངེས་པའི་བསང་ཐལ་སྔོན་མ་ཡང་རློན་པར་བྱས་འདུག ལབ་ཙེ་སྒང་གི་རྩྭ་ལྗང་ཡོད་དོ་ཅོག་གིས་མིག་ཆུ་ལྟ་བུའི་ཟིལ་བ་ཁུར་འདུག དགེ་བཤེས་གྲགས་པ་རྒྱ་མཚོས་གསུང་གནང་ཚར་རྗེས་བསང་མེ་གསོ་འདོད་མོད། མ་གཞི་གསེར་དངུལ་ལུང་སྡེ་བའི་མི་ཚོས་ད་ལོ་ཨོང་བ་ཁྱེར་ཡོང་མེད་པ་ཤེས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།