ཞེད།

ཁོ་རང་དངོས་གནས་ཞེད་ཀྱིན་འདུག མུན་པ་སྟུག་པོས་ཡོངས་སུ་ཁྱུར་མིད་དུ་བཏང་བའི་སྨག་ནག་གི་མཚན་མོ་འདིར། སྡོང་པོ་དེ་དག་དང་དེ་དག་གི་ཡལ་ག་ནི་འཇིགས་སུ་རུང་བའི་སྲིན་པོ་གང་ཞིག་དང་འདྲ་བར་ཁོ་ལ་ཕུར་ཚུགས་སུ་ཅེར་འདུག་པ་འདྲ། སྨག་ནག་དེའི་ནང་དུ་ཅི་ཞིག་གློ་བུར་དུ་ཁོའི་མདུན་ནས་འབུད་པའམ་རྒྱབ་ནས་ལངས་ཡོང་བའི་ཞེད་སྣང་ཞིག་གིས་ཁོ་རང་ཡོངས་སུ་ཁ་ལོ་བསྒྱུར་འདུག་པས་ཁོས་གོམ་པ་འགའ་སྤོས་རྗེས་མྱུར་བ་མྱུར་དུ་ཁ་ཕྱིར་འཁོར་ནས་ལག་སྒྲོན་བཀར། ཁོ་དེ་ལྟར་ཞེད་སྣང་གིས་ཡོངས་སུ་བཟུང་ནས་སྤྱོད་ཁང་དུ་སླེབས། འདི་ནི་ནམ་གུང་གི་ཆུ་ཚོད་གཉིས་པའི་སྐབས་ཡིན། སྤྱོད་ཁང་ནི་ནག་དོང་ཆེན་པོ་ཞིག་དང་འདྲ་བར་ཧ་ཅང་ལྷིང་ཞིང་འཇགས། ཧ་ཅང་ལྷིང་འཇགས་ཡིན་པ་དེས་ཁོ་ལ་སྔར་ལས་ལྷག་པའི་འཇིགས་དངངས་སྐྱེས་བྱུང་། ཁོས་ལྷིང་འཇགས་དེ་ཅིས་ཀྱང་བཟོད་མ་ཐུབ་པར་གཅིན་པ་གཏོང་ཞོར་སྣ་གླུ་ཞིག་ལེན་ཁུལ་བྱས།“ཤག་ཤག་ཤག”སྤྱོད་ཁང་དུ་གློ་བུར་སྒྲ་དེ་འདྲ་ཞིག་གྲགས་པས་ཁོའི་སྙིང་མིད་པའི་ཁར་ཐོན་ཏེ་སྐྲ་རྣམས་ཀྱང་ཞོགས་སོང་། ཁོས་གཅིན་གཏོང་འཕྲོ་བྱས་ཏེ་ཕྱིར་ལྟ་ཙམ་ཡང་མ་བྱས་པར་ཉལ་ཁང་དུ་བརྒྱུགས། ཁོ་རང་དབུགས་ཧལ་ཧལ་དུ་ཉལ་ཁང་དུ་སླེབས་མ་ཐག་སྒོ་གཏན།

ཉལ་ཁང་དུ་སླེབས་པ་ནི་འཆི་བདག་གི་ཁ་ནས་ཐེངས་ཤིག་ཐར་བ་དང་འདྲ་བར་ཁོའི་ཡིད་ལ་བདེ་སྣང་ཞིག་གིས་ཡོངས་སུ་ཁེངས། ཁོ་རང་མལ་ཁྲིའི་ཐོག་ཉལ་རྗེས་བསམ་བློ་འདྲ་མིན་བཏང་། སྤྱོད་ཁང་དུ་དངོས་གནས་འདྲེ་ཡོད་པ་ཡིན་ནམ། སྒྲ་དེ་ནི་གདོན་འདྲེ་གང་ཞིག་ཚུར་ཡོང་བའི་རྡོག་སྒྲ་ཡིན་ནམ། ཁོ་རང་དངོས་གནས་ཞེད་ཀྱིན་འདུག འཇིག་རྟེན་དུ་དངོས་གནས་འདྲེ་ཟེར་བ་དེ་ཡོད་དམ། ཡོད་ན་དེ་ནི་ག་འདྲ་ཞིག་ཡིན་ནམ། ཕ་ཡུལ་གྱི་རྒན་པ་ཚོས་བཤད་པའི་སློག་པ་ཧྲལ་ཧྲུལ་གྱོན་ཞིང་མགོ་སྐྲ་ཡོངས་སུ་གཟེངས་པའི་ལྕགས་ཀྱི་མཆུ་ཏོ་ཅན་གྱི་ཨ་ཡེ་རྒན་མོ་ལྟ་བུ་ཞིག་ཡིན་ནམ། ཡང་ན། བརྙན་འཕྲིན་ནང་གི་བུ་མོ་མཛེས་མར་བརྫུས་ཤིང་མི་རྣམས་མཛེས་སྡུག་དང་སྒེག་ཉམས་ཀྱིས་གཡོ་འགུག་བྱས་རྗེས་ཤ་ཟ་ཁྲག་འཐུང་བྱེད་པའི་བུ་མོ་མཛེས་མ་དེ་འདྲ་ཞིག་ཡིན། ཁོ་རང་སོམ་ཉིའི་རྒྱ་རུ་ཚུད་སོང་། ཁོའི་སེམས་སུ་དོན་དག་འདྲ་མིན་སྣ་ཚོགས་ཤིག་ཤར་བྱུང་།

བདེ་སྐྱིད་ཚེ་རིང་ཟེར་བ་དེ་སློབ་གླིང་དུ་གར་སོང་ཆ་མེད་དུ་གྱུར་པ་ནི་དངོས་གནས་དགོང་མོ་འདྲེ་ཡིས་ཁྲིད་སོང་བ་ཡིན་ནམ། འོ་ན་དེ་སུས་མཐོང་ངམ། དོ་དགོང་ཁོ་ལ་གཉིད་མི་ཡོང་བ་འདྲ། མལ་གྲོགས་དག་གཉིད་མཐུག་པོ་ཞིག་གིས་ཡོངས་སུ་བཟུང་ནས་སྔུར་བ་འཐེན་གྱིན་འདུག དོ་ནུབ་ནི་གཟའ་སྤེན་པའི་དགོང་མོ་ཡིན་པས་ཕྱི་དྲོ་ཞིག་ནས་སློབ་མ་རྣམས་ལ་ཁ་པར་བྱིན་ཟིན་པས་ཁོས་ཕྱི་དྲོ་ནས་ཁ་པར་བརྩེས་ཏེ་ནམ་གུང་གི་དུས་ཚོད་གཉིས་པ་བར་དུ་ལུས། སྐོམ་ཆུ་མང་པོ་འཐུངས་བས་སྤྱོད་ཁང་དུ་འགྲོ་དགོས་བྱུང་། སློབ་གྲྭ་འདི་ནི་སློབ་གྲྭ་གཞན་དང་མི་འདྲ་བར་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་པས་སློབ་གྲྭའི་ཆ་རྐྱེན་དེ་ཙམ་བཟང་རྒྱུ་མེད། དེ་བས་ཉལ་ཁང་ཡང་ཉིས་ཐོག་ཅིག་ལས་མེད་ལ། སྤྱོད་ཁང་ཡང་ཉལ་ཁང་གི་ཁང་བརྩེགས་དེའི་ནང་མེད་པར་སྡོང་པོ་མང་པོ་སྐྱེས་ཡོད་སའི་ཐང་དེར་གཅིག་པུར་ཡོད་པས། ས་རུབ་ནས་མུན་པ་འཐིབས་རྗེས་གཅིག་པུར་སྤྱོད་ཁང་དུ་འགྲོ་ཐུབ་མཁན་མང་པོ་མེད།

ཁོ་ལ་དངོས་གནས་གཉིད་མ་ཡོང་། ཁོས་སྔར་བཞིན་སྤྱོད་ཁང་ནང་ནས་གྲགས་པའི་སྒྲ་དེ་ཅི་ཡིན་ལ་བསམ་བློ་བཏང་། སྒྲ་དེ་འདྲ་ཞིག་གྲགས་པ་ནི་ཁོ་ལ་འཁྲུལ་སྣང་བྱུང་བ་མིན་པ་གསལ་པོར་ཤེས། ཡིན་ནའང་སྤྱོད་ཁང་དུ་གློ་བུར་དུ་སྒྲ་དེ་འདྲ་ཞིག་གྲགས་དགོས་དོན་ག་རེ་ཡིན་ནམ། དེ་ནི་དངོས་གནས་གདོན་འདྲེ་དང་མི་མ་ཡིན་པ་གང་རུང་ཞིག་གི་ཆོ་འཕྲུལ་ཡིན་ནམ། འོ་ན་འབྲོ་བའི་བར་གླགས་དེར་ཁོས་ངའི་རྗེས་དེད་ཡོད་དམ། རྗེས་དེད་ནས་མལ་ཁང་ནང་དུ་ཡོང་སྲིད་དམ། ཁོ་ལ་གློ་བུར་བའི་ཞེད་སྣང་ཞིག་སྐྱེས་ནས་མལ་ཐུལ་ནང་དུ་འཛུལ་ནས་རྐང་ལག་འཁུམས་ནས་བསྡད། ཁོའི་སེམས་སུ་ད་དུང་མི་མ་ཡིན་དེ་གཟུགས་མེད་ཅིག་ཡིན་ནམ། གལ་ཏེ་གཟུགས་མེད་ཅིག་ཡིན་ན་སྒོ་དང་གྱང་སོགས་ལའང་ཐོགས་པ་མེད་པ་ཞིག་ཡིན་པས་སྒོ་གཏན་ཟིན་ཀྱང་ནང་དུ་ཡོང་མི་ཐུབ་པའི་ངེས་པ་ནི་ག་ལ་ཡོད་ཨང་། མལ་ཁང་དུ་ཐོན་ནས་ཀྱང་ངའི་སྔས་མགོ་ན་ང་ལ་ལྟ་བཞིན་ཡོད་དམ་སྙམ་པའི་ཚོར་བ་དྲག་པོ་ཞིག་བྱིན་པས་ཁ་ནས་ཁ་ཏོན་འདོན་ཞོར་མིག་བཙུམས་ནས་བསྡད། དངོས་གནས་ཞེད་པ་ལ་ཨང་། ད་ནི་གཉིད་ཅིག་བབས་ན་ཅི་མ་རུང་ངམ་བསམས། རེད་ཡ། དེ་སྔོན་མལ་གྲོགས་ཚོས་འདྲེའི་སྐོར་ནས་ཁ་བརྡ་བྱས་ཏེ་རྩོད་གླེང་བྱས། ཐོག་མར་བཤད་མཁན་ནི་མལ་གྲོགས་ཀ་པ་རེད། མལ་གྲོགས་ཚོས་ཡང་ཡང་རེ་བ་བརྒྱབ་པའི་མཐར་མལ་གྲོགས་ཀ་པས་འདྲེ་སྒྲུང་བཤད་རྒྱུ་ཁས་བླངས། མལ་གྲོགས་ཀ་པ་ན་རེ། “ངས་ཁྱོད་ཚོར་སློབ་གྲྭ་འདིའི་ནང་བྱུང་བའི་དངོས་བྱུང་གཏམ་རྒྱུད་ཅིག་བཤད། དེ་སྔོན་འུ་ཚོའི་སློབ་གླིང་འདིའི་ནང་གི་སློབ་མ་ཞིག་མཚན་མོ་སྤྱོད་ཁང་དུ་འགྲོ་བའི་ལམ་བར་ནས……”ཁོས་ཉན་མ་བསམ་པས་ཉན་ཆས་བླངས་ནས་རྣ་བར་བཅུག

མཚམས་ཤིག་ལ་ཁོས་ཉན་ཆས་བླངས་པ་ན་མལ་གྲོགས་ཚོས་འུར་རྒྱག་གིན་འདུག ཁོ་ཚོས་འདྲེ་ཡོད་མེད་བརྩད་ནས་འགྲིག་གི་མི་འདུག མལ་གྲོགས་ཁ་པ་དང་ག་པ་གཉིས་ཀྱིས་འདྲེ་ཡོད་ན་ཡོད་པའི་རྟགས་དང་རྒྱུ་མཚན་སོགས་བཤད་རྒྱུ་ཨེ་ཡོད་ཅེས་བཤད། མལ་གྲོགས་ཀ་པ་དང་ང་པས་འདྲེ་མེད་ན་མེད་པའི་རྟགས་དང་རྒྱུ་མཚན། བདེན་དཔང་ཨེ་ཡོད་ཅེས་དྲིས། སློབ་གྲོགས་ཁ་པ་ན་རེ། འདྲེ་ཟེར་བ་སུ་ཞིག་གིས་མཐོང་མྱོང་། ཡང་ན་སུ་ཞིག་ཐུག་མྱོང་། འདྲེ་ཡོད་པ་སུ་ཞིག་གིས་ར་སྤྲད་མྱོང་། སློབ་གྲོགས་ཀ་པ་ན་རེ། འདྲེ་ཡོད་ན་མཐོང་དགོས་པས་མ་ཁྱབ་ལ། མ་མཐོང་ན་མེད་པས་ཀྱང་མ་ཁྱབ་བོ། ། ཞེས་ལ་སོགས་པའི་རིགས་ལམ་འདྲ་མིན་སྤྱད་ནས་མང་པོ་ཞིག་བཤད་ཀྱིན་འདུག་མོད། ཁོས་དེ་དག་ལ་དོ་སྣང་ཅི་ཡང་མ་བྱས། འོན་ཀྱང་ཁོ་ལ་ངང་ངམ་ཤུགས་ཀྱིས་འདྲེའི་སྐོར་ནས་དྲི་བ་རབ་དང་རིམ་པ་དང་འཆར་སྣང་སྣ་ཚོགས་ཤིག་ཡིད་ལ་ཤར་བྱུང་། ཁོ་ལ་གཉིད་མ་ཡོང་བར་འཆར་སྣང་སྣ་ཚོགས་ཤིག་སྐྱེ་བའི་སྐབས་དེར་གློ་བུར་དུ་སྒོ་ཁྲོག་གེར་ཕྱེས་བྱུང་། ཁོ་རང་ཤིན་ཏུ་ཞེད་ནས་དབུགས་ཀྱང་ལེན་མ་ཐུབ། མགོ་བོ་དགྱེས་ནས་ཡར་ལྟ་རྒྱུ་ནི་ཕར་ཞོག ཁོའི་སེམས་སུ་ད་ཐེངས་ནི་འདྲེ་ཐོན་པ་གདོན་མི་ཟའོ་སྙམ།

ཞོགས་པའི་ཉི་འོད་སྒེའུ་ཁུང་བརྒྱུད་ནས་ཁོའི་སྔས་མགོར་འཕྲོས་བྱུང་། ཁོ་རང་འགྲེ་ལྡོག་ཅིག་བརྒྱབ་ནས་གཉིད་ལས་སད་བྱུང་། སྐབས་དེར་མལ་གྲོགས་ཀ་པས་འཚབ་འཚུབ་ངང“ངའི་ཁ་པར་མི་འདུག ངའི་ཁ་པར་མི་འདུག ཁྱོད་ཚོས་ཨེ་རིག”ཅེས་དྲིས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།