ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་དཔོན་སྟག་གཟིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​གཅུང་བསྟན་བཟང་།   སྤེལ་དུས། : 2020-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉི་ཟེར་སྐྱ་བོ་ཞིག་སྐར་ཁུང་ནས་འཛུལ་ཏེ་ཐབ་གོང་དུ་མག་མོག་ངང་བབས་ཤིང་། གོ་ཁའི་ཐལ་རྡུལ་མང་པོ་ཞིག་ཟེར་རྒྱའི་བརྐྱངས་ཟམ་དེར་སྐྱ་ཡམ་ཡམ་འཁྱམ་བཞིན་འདུག ཞི་མི་གཟི་མིག་གིས་ཕོར་ཁྲིའི་ཁར་ཕོར་པ་རེ་རེ་འགོམ་བཞིན་ཇ་ལྷག་བདའ། སྡོམ་ཐག་སྦོམ་པོ་འགའ་གྲལ་ཕྱམ་ནས་ཆད་ཅིང་ནག་ཐར་རེར་གོ་ཁར་ཐོར། དུ་དྲེག་གིས་ཞལ་ཞལ་བྱས་པའི་ལྕམ་གསེང་ནས་ཙག་ཙིག་གི་སྒྲ་སྐབས་སྐབས་སུ་ཐོས་འོངས། སྟག་གཟིག་དེ་རིང་འདེམ་ཤོག་གིས་མགོ་ཡུ་འཁོར་ཞིང་ཟས་ལ་ཡི་ག་མེད་པར་ཡ་ཁང་གི་འབོལ་གདན་སྟེང་དབུགས་རིང་གཏོང་ཞིང་། སེན་མོས་བར་མཚམས་མེད་པར་ཁ་སྤུ་འཐོག་བཞིན་མིག་སྣ་མགོར་ཕབ་ནས་བསྡད། མིག་སྔུན་དུ་ལྟས་ངན་གསར་བརྗེ་ཨོང་ཙུག་གི་ཁ་སྤུ་ཚང་མར་ཞོ་བསྐུས་པ་ལྟར་སྐྱ་སུད་སུད་ངང་དགོད་བཞིན་འདུག་པ་དྲན་ཞིང་། བྱང་ཁོག་སྟོད་དུ་དུ་བ་མེད་པའི་མེ་ལྕེ་ཞིག་འབར་བྱུང་། ཁོ་དང་ངེད་གཉིས་འདེམ་ཤོག་གྲངས་མང་ཉུང་དེ་ལྟར་ཤོར་འགྲོ་བ་བསམ་པའི་ཡུལ་དུ་ཡང་དྲན་མེད། ནག་པང་གོང་དུ་དྲུང་ཡིག་གིས་འདེམ་ཤོག་རེ་རེ་བཞིན་ཐིག་རེ་བཏོད་ཅིང་འདེམ་ཤོག་ལྔ་རེའི་མཚོན་བྱེད་དུ་རྒྱ་ཡིག་གྲུ་བཞི་ཞིག་བྲིས་སོང་། སྟག་གཟིག་ཅེས་ངའི་མིང་གི་གཤམ་དུ་གྲུ་བཞི་གསུམ་མ་གཏོགས་མེད་ཅིང་ཨོང་ཙུག་གི་མིང་གཤམ་དུ་རྒྱ་ཡིག་གྲུ་བཞི་བཅུ་ཕྲག་ལྷག་བྲིས་ཤིང་། “གསར་བརྗེ་ཨོང་ཙུག་ལ་འདེམ་ཤོག་ང་ལྔ་དང་། སྟག་གཟིག་ལ་འདེམ་ཤོག་བཅོ་ལྔ་འདུག ཚང་མས་ཨོང་ཙུག་ལ་དགའ་བསུ་ཞུ།” སྡེ་དཔོན་མཆུ་རྡོ་དེས་འུག་པའི་ཧུམ་སྒྲ་ལྟ་བུའི་སྐད་ངན་དེ་དང་མང་ཚོགས་རྣམས་ཀྱི་སྐྱ་ཀས་ཀོ་གྱོང་བཏོག་པ་ལྟ་བུའི་ཐལ་མོའི་རྡེབ་སྒྲ་དེས་རྣ་བ་གས་སོང་། ང་རང་སྐབས་དེར་ངོ་གདོང་སྦལ་ཀོ་ལས་མཐུག་པར་གྱུར་ཀྱང་བཙན་གྱིས་འཛུམ་པའི་ངང་ཐལ་མོ་བརྡབས་པ་དྲན། ང་དེ་ལྟར་ཕམ་ཡང་ད་དུང་ཐལ་མོ་རྡེབ་དགོས་པ་ཅི་ཡིན་ནམ། སེར་དྲག་བརྒྱབ་པ་ལྟ་བུའི་ཐལ་སྒྲ་དེས་ང་ལ་ཁྲེལ་དགོད་བྱས་པ་མ་ཡིན་ནམ། སྐབས་དེར་ཐལ་མོ་ཤུགས་དྲག་ཏུ་རྡེབ་མཁན་ཁོའི་བུ་རྒྱུད་རྣམས་ལོས་ཡིན། ང་རང་གིས་སྐབས་དེར་ཐལ་མོ་ཤུགས་དྲག་པོ་བརྡབས་པ་ཡིན་ནམ་ལག་མཐིལ་ད་དུང་ཚ་ལམ་ལམ་བྱེད། ལྟས་ངན་ཨོང་ཙུག་ཚང་གི་ཕག་ཕྲུག་དེ་ཚོ་སྐྲ་གསེང་དུ་སྲོ་མ་བརྒྱབ་པ་ལྟར་དེ་འདྲའི་མང་ལ། མང་ཚོགས་ཀྱི་གསེང་དུ་ཚང་མ་ཁོའི་བུ་རྒྱུད་དང་ཚ་བོ་ཚ་མོ་རྣམས་ཀྱིས་ཁེངས་ཤིང་ཁ་སྣ་མིག་གསུམ་རེ་རེ་བཞིན་མིག་ལམ་དུ་མགལ་མེ་བསྐོར་བ་ལྟར་འཆར་ཡོང་བས་མགོ་ཡུ་ཨ་ལོང་ལྟར་འཁོར་བྱུང་། ང་རང་ཁྱིམ་དུ་གོམ་པ་ཇི་ལྟར་སྤོས་པ་མ་ཚོར།

ཞི་མི་གཟི་མིག་གིས་ཅི་ཞིག་ཚོར་བ་ལྟར་ས་ཁར་བབས་ནས་སྦྱིན་བདག་མཐོང་སར་གཏོར་བཤིག་གཏོང་གི་མེད་པའི་ཟོལ་གྱིས་ཐབ་ལྟག་ཏུ་ཨ་ལོང་སྐོར་རེ་ཉལ་བྱུང་། སྒྲོལ་མ་ལྷ་མོས་དབུགས་ཧལ་ཧལ་ངང་ལྕི་བ་སླེ་བོ་གང་ཁུར་ཞིང་ཁྱིམ་སྨད་ལྕི་རའི་ནང་དུ་ཤགས་སེ་བྱོས། སེལ་ལུང་གི་རྗེས་ཤུལ་གྱིས་སྐེ་ལ་དམར་ཤུར་རེ་བཟོས་པ་སྣང་མེད་ངང་སྟག་གཟིག་གི་ལ་ཕོར་ནང་དུ་ཇ་ཞག་ཁར་སྤབས་ཉུང་ཙམ་བསྣན་ཅིང་མར་དང་རྩམ་པ་བླུགས།དེའི་གོང་དུ་ཕྱུར་བ་སྤར་གང་བཏབ་ཅིང་སྟག་གཟིག་གི་མདུན་དུ་བཞག དཀར་ཡོལ་འབྲུག་རིས་ནང་དུ་ཞོ་ཕོར་པ་གང་བླུགས་ཤིང་ཕོར་པ་གཉིས་མ་འཕྲད་ཙམ་བཞག་ཅིང་། སྟག་གཟིག་ཁོང་ཁྲོ་ལངས་པ་མཐོང་ནས་དེ་རིང་འདེམ་ཤོག་ཕམ་སོང་བ་ཐག་ཆོད་བསམས་ཤིང་ཁ་ཅི་ཡང་གྲགས་མ་ཕོད་པར་ག་ལེར་འུར་ཐག་གློ་ལ་དྲངས། མགོ་དཀྲིས་གློ་ཁ་དེ་ལག་ཁྱེར་བྱས་ནས་ནོར་རྫི་ལ་བུད་སོང་།

སྟག་གཟིག་གི་སྣ་ལམ་དུ་རྩམ་དྲི་ཞིམ་པོ་ཞིག་འཛུལ་བ་དང་དེ་རིང་ཟ་མ་ཟོས་མེད་པ་ཚོར་ཞིང་རྩམ་པ་རྫི་གྲབས་བྱས། ཕྱུར་བ་འདི་ལས་ཨོང་ཙུག་གི་ཕག་ཕྲུག་རྣམས་མང་འདུག་དྲན། ཨོང་ཙུག་གི་བུ་རྒྱུད་རེ་རེ་བཞིན་ཐལ་མོ་རྡེབ་བཞིན་མིག་ལམ་དུ་འཆར་ཡོང་བས་ཁོག་པ་ལྒང་བུར་ཕུ་བརྒྱབ་པ་ལྟར་ཕོ་བ་དབུགས་ཀྱིས་རྒྱགས་སོང་བས་རྩམ་པ་དེ་ཕར་བཞག ཁ་སྤྲི་སེར་ལྟེམ་མེར་ཡོད་པའི་ཞོ་ཕོར་དེས་ཨོང་ཙུག་གི་ཁ་སྤུ་སད་སུད་དེ་དྲན་ཚོར་བསླངས་ཡོང་བས་ལྟས་ངན་ཁོ་དང་ངེད་གཉིས་བསྡུར་བ་ཅི་ལ་ཡོད་དྲན་ཞིང་སྒོ་ཁར་ཐོན།

ལ་ལས་ཟེར་ན་ཨོང་ཙུག་མགོ་བདེ་དྲན་འཕྲུལ་རེད་ཟེར། ལ་ལས་ཟེར་ན་ཨོང་ཙུག་ཀླད་གསར་བྱུར་མགོ་རེད་ཟེར། ཡང་འགའ་རེས་ཨོང་ཙུག་རྐུབ་རིན་འཁོར་སྦུབ་རེད་ཟེར། འགའ་རེས་ཨོང་ཙུག་ཁ་ཡངས་བློ་གསལ་རེད་ཟེར། ཨོང་ཙུག་ཟེར་བ་མིང་འདྲ་བྱུང་བས་ངས་ཁོ་རང་གསར་བརྗེ་ལོར་སྐྱེས་པས་གསར་བརྗེ་ཨོང་ཙུག་བཏགས་པ་ནོར་འདུག མགོ་བདེ་ཨོང་ཙུག་བཏགས་བཞག་ན་ཏག་ཏག་ཡིན་པ་དྲན། དེ་སྔོན་རྡོ་གོར་མོ་ལ་འདན་ཆེན་བཅོ་བརྒྱད་ཡོད་པ་བཞིན་ཨོང་ཙུག་ཀུན་ལ་འགྲོགས་ཤིང་ཀུན་དང་མཐུན་པ་ཁོའི་གཤིས་ཀ་ཡིན་ཡང་། དེ་རིང་འདེམ་ཤོག་འགྲན་སློང་དུ་ལངས་པའི་གསར་བརྗེ་ཨོང་ཙུག་ནི་སྲིན་པོ་མགོ་དགུ་ལས་ངམ་གནག་པ་དྲན་ཞིང་ལྷས་ནག་སྡེ་བར་བལྟས་འདུག

ཨོང་ཙུག་ཚང་གི་ནག་གུ་སེ་རུལ་དེའི་གོང་ཁ་ནས་དུད་པ་སྐྱ་ཕྱུར་ཕྱུར་གཏོང་བ་མཐོང་། ཁོ་རང་དེ་རིང་གྲོང་དཔོན་དུ་འདེམ་ཤོག་བབས་པ་དགའ་དྲགས་ནས་ཤ་བཙོ་རྒྱུ་གཡོ་བྱེད་བཞིན་མེད་དམ། ལྟས་ངན་གསར་བརྗེ་ཨོང་ཙུག་གི་ཆུང་མ་ཕག་མ་འདྲ་བ་དེས་ཕག་ཕྲུག་དེ་ཙམ་བླུགས་པ་མ་ཟད་ད་དུང་ཨོང་ཙུག་རྐུབ་རློན་མདུན་ནས་གུས་གུས་ཞུམ་ཞུམ་སྐྱོད་བཞིན་མེད་དམ་སྙམ་ནས་ཞེ་སྡང་ལྡིང་ཚ་དགུ་ལས་འབར་ཞིང་ཅི་བྱེད་མ་ཚོར་བར་ཤུ་རིང་ཞིག་ཤུགས་ཀྱིས་བཏང་ནས་ཁྱིམ་ལ་ལོག

ངེད་སྟག་གཟིག་ཚང་ནི་སྲིད་གསར་རྙིང་གཉིས་ཀྱི་རིང་ལ་དཔོན་རྒན་ཆད་མེད་ཁུར་མྱོང་བར་མ་ཟད། ང་སྲིད་པ་ཆགས་པའི་གངས་རྒན་དང་། ཁོ་མདང་སུམ་ཆགས་ཀྱི་བ་མོ་གཉིས་ཅི་འདྲ། ཁོང་ཚང་སྲིད་ཇུས་རྙིང་པའི་སྐབས་སུ་ཁྲལ་རྟ་སྟན་ཙམ་དང་ས་རྟ་སྒ་ཙམ་ག་བར་ཡོད། རང་ཁྱིམ་ཡིན་ཟེར་བའི་སྦྲ་ཨ་དིང་སེ་རུལ་འཇོར་རུས་བཀར་མ་མྱོང་ལ། རྡོ་གོར་མོ་གསུམ་ལ་སྒྱེད་པུ་བཙུགས་མ་མྱོང་། འཛམ་ཕྲུག་ཁོ་ངེད་ཚང་གི་རྟ་གཡོག་ཁྱི་རྫི་ཉར་བ་མ་གཏོགས་རང་ས་མ་མོའི་ལག་མཐིལ་ཙམ་དང་རང་རྒྱུ་ཨ་བྲའི་རིལ་མ་ཙམ་ཁོ་ལ་བསྟན་རྒྱུ་མེད། ངའི་གོས་ཀྱི་ཐུ་འོག་དང་སའི་གས་སྲུབས་ལ་བསྡད་པ་མ་གཏོགས་ཁོ་དབང་ཡོད་ཀྱིས་འཕྲོག་ཅིང་རྒྱུ་ཡོད་ཀྱིས་ཉོས་བཞག་པ་ནི་མེད། ཁོ་རང་གུས་ཡངས་པ་དང་ལག་གཙང་བ་དེས་གཡོག་པོ་རུ་ཉར་བ་མ་གཏོགས་ངས་སྔ་ས་ནས་བདའ་ཚར་བ་རེད་མོད། ཁོ་ལ་ཡོད་པ་ཡར་གྱི་ཅོ་ཐོ་སྤར་གང་དེ་དང་མར་གྱི་རྗུད་པ་འཆང་གང་དེ་མིན་ཅི་ཞིག་ཁྱེར་རྒྱུ་ཡོད། ངའི་སྟོང་སྐུད་ཚར་ལོ་རྙིང་པ་ཁོ་ལ་བྱིན་པ་མ་གཏོགས་ཁོའི་ལྟག་ཕུད་ཙི་ཙིའི་རྔ་མ་འདྲ་དེ་རླུང་གིས་བཅད་ཚར་ཡོད་རྒྱུ་རེད། ཡར་དཀོན་མཆོག་ལ་མཆོད་པ་ཁོས་མི་འབུལ། མར་ངན་སློང་ལ་སྦྱིན་པ་ཁོས་མི་གཏོང་། འོ། ངས་ཀྱང་ཡར་དཀོན་མཆོག་ལ་མཆོད་པ་འཁོར་བ་སྦུབ་མྱོང་ཡང་མར་ངན་སློང་ལ་སྦྱིན་པ་དེ་ཙམ་མ་ཐོན་ཟིག་སྙམ་ནས་ཕྱིར་འདང་ཞིག་ཤོར། ཁོ་དང་ངེད་གཉིས་ཕྱི་མའི་ལམ་ཁ་སོ་སོ་དང་ད་འོང་གནས་བབ་གནམ་ས་ཡིན། དེ་རིང་འདེམ་ཤོག་དེས་མི་མང་ནང་དུ་དམའ་ཕབ། བྱ་མང་ནང་ནས་སྤུ་བཏོགས། འདེམ་ཤོག་ཁོ་ལ་མང་ཡང་བདེན་པ་ང་ལ་ཡོད། ཁོ་ཨ་ཀྲད་ཡར་འཕར་ནས་འབུམ་དུམ་པའི་དཔེ་ཐག་བྱས། ང་གླེགས་ཤིང་མར་རྒས་ནས་གོ་ཁའི་དབྱུག་པར་གྱུར་དོན་ཅི་ལ་ཡོད་དྲན་བཞིན་སྐབས་དེར་སྟག་གཟིག་སྒོ་ཁར་ཐོན་ཏེ་རུམ་ལག་བཅུག་ཅིང་ཉྭ་ལུག་ཏུ་ཐལ་སྤུངས་སྒང་ཙོག་འདུག

ལྷས་ནག་སྡེ་བ་སྔར་དང་མི་འདྲ་བར་ཁང་གསར་ཕུབ་པ་བརྒྱ་ལྷག་ཏུ་འཕར་བ་དེ་རིང་མ་གཏོགས་སྟག་གཟིག་གི་ཡིད་ལ་མ་འཁོར། གནའ་སྔ་མོ་ངེད་སྟག་གཟིག་ཚང་མ་གཏོགས་ལྷས་ནག་སྡེ་བ་ཞེས་པ་གང་ན་ཡོད། གསར་བརྗེ་ཨོང་ཙུག་ལྟས་ངན་ཁོའི་རིགས་རྒྱུད་ལས་གྱེས་པ་དུད་ཀ་ལྔ་བཅུ་ཡན་ལ་བུད་པ་བློ་ཡི་ཡུལ་ལ་མ་འཁོར། གསར་བརྗེ་ཨོང་ཙུག་གི་བུ་རྒྱུད་མིང་སྲིང་བཅོ་ལྔའི་ཆེ་བ་མོ་ཐོ་ལ་བུ་དགུ་དང་བུ་མོ་གསུམ། མོ་ཐོའི་བུ་ཆེ་བ་མེ་འཁོར་ལ་བུ་ལྔ་དང་བུ་མོ་དགུ། ཁོའི་བྱི་ཕྲུག་མི་རབས་གསུམ་ལ་ཉིས་བརྒྱ་ལྷག་གྱུར་འདུག ཨ་ཡོ། སྤྲང་ཕྲུག་དེ་ཚོ་རྩིས་གྲངས་བརྒྱབ་པས་ཅི་ཕན་འདེམ་ཤོག་ནི་ཕམ་ཚར་སོང་། ཕག་ཕྲུག་དེ་ཚོ་དང་ངེད་སྟག་གཟིག་ཚང་གཉིས་ས་དབང་ཡུལ་ཐོབ་འགྲན་ཟླ་ཅི་ལ་ཡོད། ཁོ་ཚང་ལ་ཡོད་པ་ནི་བྱི་ཕྲུག་ཐང་གང་དེ་ཡིན། མི་ལ་རིགས་རྒྱུད་དང་རྟ་ལ་འགྲོས་རྒྱུད་ཅི་ཡང་མེད། ང་གཅན་གཟན་རྒྱལ་པོའི་རུས་རྒྱུད་སྟག་གཅིག་ལ་སྟག་ཕྲུག་གཅིག་རང་ཡིན། ཁོ་ཁྱི་ཕག་བོང་བུའི་རིགས་རྒྱུད་ཕག་གཅིག་ལ་ཕག་ཕྲུག་བཅོ་བརྒྱད་སྐྱེས་པ་དེ་མཚང་མ་གཏོགས་དགེ་ཅི་ཞིག་ཡོད་བསམས་ཤིང་། མགོ་གཅུད་ཚར་ལོ་དེ་དཀྲི་སྐྱོར་ཞིག་བྱས་ནས་ལུ་ཐུང་དང་བཅས་མཆིལ་མ་ཡང་ཡང་འཕེན། ཚར་རྩག་གི་ཐུ་བ་གཡས་པ་ཡར་བཀྱགས་ཤིང་པགས་པའི་དོར་ཁ་ཕྱེ་ནས་གཅིན་པ་ཉུང་ངུ་རེ་བཏང་། གཅིན་པ་རྫིང་ཐོ་ལྐོག་ཏུ་མ་ཐོན་པར་ཇེ་ཉེ་ནས་ཇེ་ཉེར་ཤུགས་ཟད་པའི་ཝ་ཆུ་ལྟར་ལྷམ་མགོ་ནས་པགས་པུས་བར་ཐིགས་པ་རེ་རེ་བཞིན་རློན་ཆིལ་ཆིལ་ཐིགས་སོང་ཡང་མིག་གིས་ལྷས་ནག་སྡེ་བ་དང་ཁ་མི་བྲལ་བར་བལྟས་འདུག

ལྷས་ནག་སྡེ་བའི་རྫི་བོ་རྣམས་ཀྱིས་ཤིང་བྲུལ་དང་ལྕི་བ་རྒྱབ་ཏུ་ཁུར་ཞིང་གདོང་པ་མི་མཐོང་བའི་རས་ཀྱིས་བཏུམས་ནས་ནོར་ལུག་རྣམས་ཚོ་དང་ཚོ་བྱས་ཏེ་དེད་འོང་། ད་ལོའི་གཤེད་གནམ་འདི་འབབ་རྒྱུ་ཆེ་བས་རི་རྩེ་རྣམས་ལྕགས་རྨོག་བཏུམས་པ་ལྟར་ཁ་བས་གཡོགས་ཚར་བར་མ་ཟད། གླང་མ་དང་སུ་རུ་རྣམས་སྒྱུག་མོས་ཕྱིང་གཞུ་གྱོན་པ་ལྟར་ཁ་བ་ལེབ་མོ་རེས་མནན་འདུག སྲིབ་ལུང་སྒལ་དང་། ཨབ་ཐང་སྐྱ་མོ་ཀླད་ཀུན་ཞོ་བསྐུས་པ་ལྟར་སྐྱ་ཞར་རེར་ཆགས་པའི་སྟེང་སྡོམ་རྒྱ་འཐེན་པ་ལྟ་བུའི་ཆུ་ལམ་ནོར་ལམ་རྣམས་ལྷག་ཏུ་མངོན། ངེད་ཚང་གི་མཚེར་ཁ་སྐོར་དུ་རྒྱལ་ཐོ་ལྟར་འགྲེང་བའི་ལྕི་རྩིག་དང་དར་ཤིང་། སྒོ་ཐོད་དུ་རྩིག་པའི་རྭ་རྩིག་རྣམས་ཀྱིས་ཞྭ་མོ་དཀར་པོ་རེ་གྱོན་པ་མ་གཏོགས་བྱིའུ་ཁྱུ་བབས་ཤུལ་ཕོ་ཁའི་རེའུ་མིག་ལྟར་ནག་ཁྲ་ཁྲོལ་ལེར་མངོན། ལྕི་ལྷས་ནས་ཨ་བྲས་རྩྭ་རྐང་རེ་རེ་བཞིན་དམུར་དམུར་ངང་གཅོད་ཅིང་ཁུང་བུའི་ནང་དབོར་བཞིན་འདུག ཕོ་རོག་ལྟོགས་པ་ཆ་རེ་དོ་རེ་ཀ་རའི་གོང་དང་དར་ཤིང་ཟད་ཏོའི་སྟེང་འབབ་པ་ལས་འཕུར་ལྡིང་ཉུང་། སྐྱ་ཀས“ཚག་ཚག”ཟེར་ནས་ཇེ་དམའ་རུ་འཕུར་བ་ནི་བྱ་འདུ་གྲོལ་ཞིང་ཚང་སྙེག་པ་ལྟར་སྣང་།

སྟག་གཟིག་རྫིང་ཐོ་ཁར་ཐུ་བ་གཟེད་བཞིན་སྡོད་པ་དང་ནོར་རྣམས་བསྣོམས་སྣ་རེ་བྱེད་བཞིན་ལ་ལས་སྟག་གཟིག་གི་གཅིན་གཏོང་ཤུལ་ལྡག་ཅིང་ལ་ལས་ཡ་མཆུ་ལྕེ་ལྡག་བྱེད་བཞིན་འཚང་ཁ་ཤིག་ཤིག་ངང་ཉེ་བར་བཅར། སྟག་གཟིག་ཁོང་ཁྲོ་ལངས་ཤིང“བདག་བརླག་ག་ཐོ་མ”ཟེར་ཞིང་རྡོག་ཐོ་ཞིག་གཡུགས་པས། མི་ཆེན་གྱི་ཚུགས་ཀ་ངོམ་ཞིང་ལྷམ་སྒྲོག་བཅིངས་མེད་པས་ལྷམ་ཡ་འབྲི་མོ་ག་ཐོ་མའི་སྒྱིད་ཁུག་ཏུ་ཞུད་སོང་། “གཤེད་ཤུ”ཟེར་ཞིང་རྐང་ཡའི་སྟེང་ཞ་རྒྱུག་བྱས་ནས་ལྷམ་ཡ་བསྒྲུགས་སོང་།

གསར་བརྗེ་ཨོང་ཙུག་ཆུང་དུས་སྟག་གཟིག་ཚང་གི་གཡོག་པོ་ཡིན་ཞིང་། གསར་བུའི་དུས་སུ་ཚྭ་ཚོང་འཁོར་ལོ་སྐོར་སྐོར་བྱས་པར་མ་ཟད་ཕོ་ལས་མོ་ལས་གཉིས་ཀར་ལག་བྱང་ཡོད། ཕོ་ལོ་བཅོ་ལྔ་ནས་བྱི་ཕོ་འགྲོ་ཞིང་སྤྱང་ཀིས་ལུག་གསོད་པ་བཞིན་ད་རྙེད་དུ་རྙེད་བྱས། ལོ་གཅིག་ལ་བུ་མོ་གསུམ་ལ་བྱིས་པ་རེ་སྐྱེས་པས་ཕ་སྐལ་འཇལ་རྒྱུ་མ་རྙེད་པས། བུ་མོ་བཅིངས་འགྲོལ་སྒྲོལ་མ་མནའ་མར་བླངས་ནས་ཁྱིམ་གསར་བཅོས། སྐབས་དེར་བུ་བཙའི་སྲིད་ཇུས་ལག་བསྟར་བྱེད་སྒང་དུ་ཁེལ་ཡང་གསར་བརྗེ་ཨོང་ཙུག་གྲོང་དཔོན་གྱི་ཧེལ་གེ་མཉེད་རོགས་དང་རྫོང་དཔོན་གྱི་ཕྱིང་པ་རླིང་རོགས་བྱས་པས་བུ་བཙའི་སྲིད་ཇུས་ལག་བསྟར་བྱེད་དགོས་མ་བྱུང་། ལོ་དགུའི་རིང་བཅིངས་འགྲོལ་སྒྲོལ་མ་ལ་མིང་སྲིང་བཅོ་ལྔ་སྐྱེས། བཅིངས་འགྲོལ་སྒྲོལ་མ་ནི་དྭ་ཕྲུག་ཡིན་ཡང་མཚེ་མ་ནས་སྐྱེས་པར་གྲགས་པས་དེའི་རྒྱུད་ཁྲིད་པ་ཡིན་ནམ་ཟེར་ཡང་མིང་སྲིང་མང་ཆེ་བ་མཚེ་མ་སྐྱེས། གཡང་ལུག་ར་བ་སྒོ་བཞི་ལྟར་མོ་རང་ལོ་མཉམ་དུ་ཨ་ཉོག་གསུམ་རེ་སྐྱེས་མྱོང་། འོང་ཀྱང་མོ་ལ་གཡང་ར་བ་སྒོ་བཞི་ལྟར་གཡང་འགུགས་བྱེད་མཁན་ག་བར་ཡོད། ཕག་གཅིག་ལ་ཕག་ཕྲུག་བཅོ་བརྒྱད་སྐྱེ་མཁན་དེའི་གྲས་ཡིན་པ་ངས་མོ་ལ་ཁྲེལ་སྨད་བྱས་མྱོང་བ་དྲན། ད་དུང་གསར་བརྗེ་ཨོང་ཙུག་ཕུ་ལ་ཁ་གསུམ་གྱི་ལ་གཡོག་དང་། མདའ་ཆུ་ཁ་གསུམ་གྱི་ཆུ་གཡོག་ཏུ་སོང་བས་ནལ་ཕྲུག་རིལ་མ་གཏོང་གཏོང་བྱས་པས་ཕ་སྐལ་སྙོགས་མཁན་ཇེ་མང་བྱུང་། སྐབས་དེར་འབྲོག་ཁུལ་ཡོངས་ལ་བུ་བཙའི་སྲིད་ཇུས་ཛ་དྲག་ཏུ་སོང་བས་གསར་བརྗེ་ཨོང་ཙུག་ཁྲིམས་ཀྱི་ར་བར་ཚུད། ང་དེ་དུས་སྡེ་དཔོན་ཡིན་ཞིང་ངས་མཛུབ་མོ་རེ་རེ་བགྲང་བཞིན“ཁྱོད་ཅི་འདྲའི་བསོད་ཟད་ཅིག ལན་ཆགས་མང་བ་ལ། ནལ་ཕྲུག་བཅུ་རེད་གདའ། བཅུ་ཏག་ཏག་རེད་གདའ།”ཞེས་ཁོ་ལ་སྡིག་དམོད་བྱས་པ་དྲན། ཁོ་བྱེས་ལ་སོང་དུས་བཏག་ཡོག་དྲུད་མཁན་ཡིན་པ་ཐོས་མྱོང་བས་དེ་འདྲ་མིན་ན་ཅི་འདྲ་ཡིན་སྙམ།

ཡུལ་ཚོའི་དབུ་ཁྲིད་གསར་པ་བུ་རྡོ་རྗེས་གསར་བརྗེ་ཨོང་ཙུག་ལ་དོ་དམ་ནན་མོ་བྱས་ཤིང“གཡས་ལ་བསྒྱུར།” “གཡོན་ལ་བསྒྱུར།” “མདུན་ལ་བསྐོར།” “གོམ་གང་མདུན་ལ་སྤོས།” དེ་ལྟར་སློབ་སྦྱོང་ཉིན་གསུམ་ལ་བྱས་ནས་མངགས། ཨོང་ཙུག་ཁྱིམ་དུ་སླེབས་པ་དང་བཅིངས་འགྲོལ་སྒྲོལ་མས་འོ་ཇ་དཀར་ཡོལ་གང་བསྲིངས་ཤིང་མིག་མཐའ་འཛུམ་ཁྱུག་ཁྱུག་ངང་། ཁ་ཤའི་གོང་འོག་ནས་གཡོ་འགུལ་ཆུང་ཆུང་ཞིག་འཐེན་ཞིང“ཕ་དྲིན་ཆེན། ཉིན་མང་པོ་དེ་འདྲ་བཀག་ཐལ། ཆད་པ་ག་ཚོད་ཤོར་སོང”ཟེར་ནས་དྲིས། ཨོང་ཙུག་འོ་ཇ་རྔུབ་འཇངས་ཚར་བ་དང་། “འཕངས་ཚར་བའི་མདའ་དང་སྐྱེས་ཚར་བའི་བུ་ལ་ཕྱིར་ལོག་ནི་མེད། སོ་སོས་བཟོས་པའི་ཆང་དེ་ཞིམ་པོ་མེད་ཀྱང་བཏུང་རྒྱུ་རེད། ནལ་བུ་རེ་ལ་ཆད་པ་མ་འབྲི་ར་གསུམ་རེ་བཤད་ལོང་གཏམ་ལོང་མེད་པར་འཇལ་དགོས་ཁེལ་སོང”ཟེར་ཞིང་ངོ་གདོང་སྨད་ནས་བསྡད། བྱིས་པ་རྣམས་ཀྱིས“ཨ་ཕ་འབབ།” “ཨ་ཕ་བྱེ་རིལ”ཟེར་བཞིན་པུས་མོའི་གཡས་གཡོན་ནས་འཐམས་ཤིང་ཁོང་གཉིས་ཀྱི་སྐད་ཆའི་རྒྱུན་བཅད་སོང་། དེ་ལྟར་ནལ་བུ་རེ་ལ་སྲོལ་རྒྱུན་ལྟར་ཕ་སྐལ་མ་འབྲི་ར་གསུམ་རེ་ཤོར་བས་ལོ་ཤས་རིང་སྦྲ་ཕྱེད་ནང་བསྡད་པ་དྲན་ཞིང་བྱ་བྱེད་མང་ན་བྱིའུ་རྐང་རྡོ་ལ་ཐོགས་ཤིང་ཡོང་རྒྱུ་དེ་ག་རེད་སྙམ།

“གསར་བརྗེ་ཨོང་ཙུག་དཀའ་ཨེ་ཐལ།” “མ་ཐལ།” སྒྲོལ་མ་ལྷ་མོ་དང་གསར་བརྗེ་ཨོང་ཙུག་ལབ་སྒྲ་ཤིག་གེར་སྒོ་ཕྱེ་བྱུང་། གསར་བརྗེ་ཨོང་ཙུག་མིག་མཐའ་སྔོན་པོར་གྱུར་པར་མ་ཟད་མིག་ལྕིབས་ཆུ་བསགས་ནས་སྦོམ་པོར་གྱུར་ཅིང་བུའི་མོ་རྣམས་ཀྱི་ཡིད་སེམས་རྐུ་བའི་ཤྭ་མིག་ལྟ་བུ་དེ་མིག་ཀོང་དུ་དིམ་འདུག་ལ། ཕོ་རོག་སྒྲོ་ཤད་ཤད་བྱེད་པའི་ལྟག་ཕུད་དེ་ཞི་རྐུན་རྔ་མ་བཅད་པ་ལྟར་མི་སྣང་། ན་ནིང་སྦྲུམ་འགོག་ལག་རྩལ་པ་ཡིན་པར་གྲགས་པའི་རྒྱ་མོ་ཉ་གསོད་དེའི་ཅོ་ཐོ་ལྟར་བཟོས་ཤིང་། ཆུང་དུས་ལྟར་གུས་གུས་ཞུམ་ཞུམ་མི་བྱེད་པར་སྟག་གཟིག་ཚང་ལ་ཐོན་ཡོང་། སྐབས་དེར་ངས་དཀོན་མཆོག་མཁྱེན། བུ་བཙའི་སྲིད་ཇུས་ལེགས་ཀྱང་བུ་ལ་སྦྲུམ་འགོག་མེད། ཐུག་རེ་ལྟར་བྱ་གཅོད་རྒྱུ་ཡོད་ན་ཁྱོད་གཅོད་སྟངས་དགོས་ཨ། ད་སྦྲ་ཕྱེད་དེ་ཤོར་ལེ་ཡོད། བུ་རྒྱུད་སྡིག་པ་ཕ་མའི་གཉའ་ལ་ཡོད། བུ་རྒྱུད་གསུམ་གྱི་ཕ་མ་སྐྱེ་བ་རྗེས་མ་མི་ལུས་མི་འཐོབ་ཟེར་ལེ་རེད། ཨ་ཤུ་རེ་ཁོ། འགྲོ་ས་དམྱལ་བ་རེད་བཤད་ཅིང་རྒྱུ་ཤེ་དང་ཟོ་ཤེ། མར་གྲོད་ཤེ་རྣམས་སྦྱིན། སྐབས་དེར་ཁོས“མིས་རྒྱུ་བསོག་པ་ལས་རྒྱུས་མི་བསོག རྒྱུ་མེད་ཀྱང་བུ་སྤུན་ཐང་གང་ཡོད”ཟེར་ནས་ཤིག་ཤིག་བགད་པ་དྲན།

ཉིན་ཞིག་ཁོ་ཚང་གི་བྱིས་པ་ཞིག་དབུགས་ཆད་ལ་ཁད་ན་ཡོད་པ་སྒྲོལ་མ་ལྷ་མོས་སེམས་ཁུར་བྱས་པས། ངས་ལམ་སང་རྐྱང་ཆུང་སྒ་སྟོད་གློ་བསྡམས་དུས་གཅིག་བྱས་ཏེ་ལྷ་རྗེ་སྔོ་ཐོ་གདན་དྲངས་ནས་སྦྲ་སྒོར་ཐོན། བཅིངས་འགྲོལ་སྒྲོལ་མ་ངུ་ཤར་ཉིལ་ལེར་བྱིས་པའི་དྲུང་དུ་བསྡད་ཅིང་བྱིས་པ་གཞན་གཉིས་ལ་ནུ་མ་སྣུན་བཞིན་འདུག ལམ་སང“ཕྱག་ཕེབས། ཕྱག་ཕེབས།” མགོ་བོ་དུད་ནས་ལངས་བྱུང་། མ་ནེ་གཉིས་རྩེག་གྱུར་ཅིང་ལག་ངར་བྱིས་རློན་ལྟར་སྦོམ་ཞིང་ནེམ་པ་མཐོང་སྟེ་རིགས་ངན་བུ་མོ་ཡིན་པ་མ་གཏོགས་ཚོ་ཞིང་མེར་བ་སྒྲོལ་མ་ལྷ་མོ་ལས་མཛེས་འདུག་དྲན། ལྷ་རྗེས་བྱིས་པའི་ལག་མགོར་བཅངས་པ་དང་མིག་ལྕིབས་དང་རྣ་བ། ཁ་སྦུག་བཅས་ལ་བལྟས་སོང་། འདི་ལ་ན་ཚ་གཞན་ཅི་ཡང་མི་འདུག་ཤིག་གིས་གསོད་གྲབས་བྱས་འདུག་ཟེར་ནས་རེའུ་རྩག་དེ་མར་ཕུད་པ་དང་ཤིག་གྲོ་ཉི་ལིར་ཁུལ་འགྱུར་ལྷོག་འགྱུར་གསེད་བཞིན་ཤིག་རྒན་རྣམས་ཚག་རག་རིལ་མ་ལྟར་སྒྲིལ་བཞིན་འདུག མོས་ལན་ཆགས་བུ་ལོན་ཡིན་ནམ་ཅི་ཙམ་བསད་ན་དེ་ཙམ་མང་ཡོང་གི་འདུག་ཟེར་ཞིང་གདོང་གཤིས་འགྱུར་སོང་།

ངས་གོ་ཁར་ཤིག་རྒན་འགའ་ཡམ་བཞིན་མེད་དམ་སྙམ་ནས་རྐང་པ་ཟ་ཕྲུག་ལངས་བྱུང་བས་གོམ་པ་སྤོ་སྐྱོར་བྱས། ཁོ་ཚང་གི་ཕོར་སྟེགས་དེ་རྡོ་གཡམ་ལེབ་མོ་ཞིག་ཕུར་པ་གསུམ་བརྡབས་པའི་སྟེང་དུ་བཞག་འདུག་ལ། གཡག་གི་རྭ་ཅོ་བྲེགས་པའི་ཕོར་པ་དང་རྨིག་ཏི་ཕུད་པའི་ཕོར་པ་འགའ་དེའི་སྟེང་བཞག་པ་མཐོང་། ཨོ་ཁེ་མཚར་མི་དྲན་དགུ་དྲན་རྭ་ཅོ་དང་རྨིག་ཏིའི་ཕོར་པ་གོ་ཆོད་པ་སྙམ། ཁྱིམ་ཁུད་དུ་རྡོ་དང་སྤོ་ཐོ་བརྩིགས་པའི་ས་སྟེགས་གོར་གོར་ཞིག་གི་སྟེང་དུ་གོས་སྟན་ལྷམ་གསུམ་ཁེངས་འདུག་པས། སྐྱུར་དྲི་ངབ་ངབ་དེ་འདི་ནས་མཆེད་མི་ཡོང་ངམ་སྙམ་ཞིང་ངས་སྨན་ཁུག་དེ་གར་འཇོག་མ་རྙེད་པར་པང་དུ་བཏབ་ནས་ལངས་བསྡད། ལྷ་རྗེས་བཞར་གྲི་ཞིག་སྨན་ཁུག་ནས་བླངས་ཤིང་བྱིས་པའི་ཅོ་ཐོ་ག་ལེར་ཧྲུག་པ་དང་། ཤིག་རྒན་འགའ་མཉམ་དུ་སོ་དབར་འཚང་ཡོང་བས་བཞར་གྲིའི་སོ་ཁ་ཁྲག་གིས་ཚོས། “མགོ་བཞར་ཐལ་ལྕག་མར་དཀར་སྤུ་ལུ”ཟེར་བ་བཞིན་མར་ཙིག་གེ་ཟིག་ཁྱེར་ཤོག་ཟེར་བ་དང་བཅིངས་འགྲོལ་སྒྲོལ་མས་རུས་ལྦུ་མཉེད་སྐུད་ཟིག་ཡོད་ཟེར་ནས་ཅུང་ཙམ་ཁྱེར་ཡོང་བས་མགོ་ལ་སྣུམ་ཆི་ལེར་ཕུར་སོང་། རེའུ་རྩག་དེ་སྒོ་ཁར་ཆོན་ཐག་སྟེང་སད་ལ་འཕངས། ཁོད་གདན་སྟེང་ནས་རྩམ་པ་ཅུང་ཙམ་བླངས་ཏེ་ཤིག་གིས་ཨི་ཁུང་ཕིགས་པའི་ལུས་པོར་བྱུགས་སོང་། བཅིངས་འགྲོལ་སྒྲོལ་མས་ཉིན་ཞིག་སྒྲོལ་མ་ལྷ་མོ་ལ་བྱིས་པ་སྐྱེ་སའི་ཚང་སྟན་དུ་ལྷམ་མུ་ནིས་གཡོག་རྙིང་པ་དང་ཁལ་སྒའི་ཡག་སྡེབ་རྙིང་པ་སློང་དུ་བྱུང་ཞིང་། སྒྲོལ་མ་ལྷ་མོས་ལྷམ་མུ་ནིས་གཡོག་དང་ཡག་སྡེབ། རེ་རྙིང་དུམ་བུ་འགའ་བྱིན་པས་མོས་མཆན་ཁུག་ཏུ་བཅུག་ནས་ཆུ་བཤལ་ཡང་ཡང་བྱས་ཏེ་ཁྱེར་སོང་བ་དྲན་ཞིང་བྱིས་པ་མང་པོ་འདི་འདྲ་སྐྱེ་སའི་ཚང་སྟན་གང་ནས་རྙེད་སྙམ་ནས་སེམས་བློང་བློང་དུ་གྱུར།ཁྱིམ་ཕྱི་ནང་མེད་པར་ཕག་ཕྲུག་ལས་མང་བའི་བྱིས་པ་དམར་འབྱར་མཛུབ་སྐེ་ཧྲུག་པ་འདྲ་བ་དེ་དག་མཐོང་བ་དང་སྟག་གཟིག་ཞེན་པ་གཏིང་ནས་ལོག་སྟེ། ངས་གསར་བརྗེ་ཨོང་ཙུག་བཏགས་པ་ནོར་འདུག རྐུབ་རློན་ཨོང་ཙུག་བཏགས་བཞག་ན་ཏག་ཏག་ཡིན་དྲན། ཨོང་ཙུག་རྐུབ་རློན་གྱིས་ཕག་ཕྲུག་འདི་འདྲའི་མང་བ་བླུགས་འདུག་དཀོན་མཆོག་མཁྱེན་ངོ་མ་འཁོར་བའི་འདམ་དུ་བྱིངས་འདུག་ཅེས་དྲན། རྐུབ་རློན་དེ་ཡང་རྫོང་དཔོན་གྱི་རྐུབ་གཡོག་འགྲོ་ཞོར་བྱི་འཁྱམ་བདའ་བཞིན་མེད་དམ་སྙམ་ཞིང་ཨོང་ཙུག་སྟེང་ཚིག་པ་ཟོས། ལྷ་རྗེ་སྔོ་ཐོས་ཨ་ཉོག་འདིའི་མིང་ལ་ཅི་ཟེར་དྲིས། བཅིངས་འགྲོལ་སྒྲོལ་མས་བུ་ཆུང་མ་གཏོགས་མིང་གཞན་མེད་ལབ་པ་དང་། བུ་ཆུང་བ་ད་དུང་མང་པོ་འདུག་པས་འདི་ལ་ཤིག་རྩེད་གྲོ་ཡུ་ཐོགས་ཟེར་ནས་གད་མོ་ཤིག་ཤིག་ངང་བུད་སོང་བ་དྲན།

ཤིག་རྩེད་གྲོ་ཡུས་རྫོང་མཁར་དུ་སློབ་གྲྭའི་དགེ་རྒན་གྱི་ལས་བྱ་རག་པར་མ་ཟད། ཞོ་ཀྲང་ཤིས་ལགས་ཟེར་ནས་བསྟོད་པའི་མཐེ་བོང་སྒྲེང་ས་བྱེད་པ་དྲན་ནས་མེ་ཆ་བརྡབས་པ་ལྟར་ཞེ་སྡང་དེ་བས་ཆེ་བ་ཞིག་ལངས། ཤིག་རྩེད་གྲོ་ཡུའི་བུ་དགུའི་ཆེ་བ་གནམ་གྲུ་སློབ་ཆེན་ནས་མཐར་ཕྱིན་ཞིང་ན་ནིང་བྲག་དཀར་ཞང་གི་ལས་བྱེད་དུ་འབྱོར་ཅིང་། འཛམ་སྐོར་གྲོང་བའི་ནང་དུ་རུ་ཉུལ་བ་དང་ལོ་གསར་ཉིན་བཅོ་ལྔ་འགོར་བ་དྲན་ཞིང་རྐུབ་རློན་གྱིས་སྡིག་པའི་ས་བོན་ངོ་མ་བཏབ་འདུག འཛམ་སྐོར་རུ་བའི་ཤེལ་ཁྲ་ལས་གློག་འོད་ཆེམ་ཆེམ་འཕྲོ་བ་ལ་ལྟ་བཞིན་ཁྱིམ་ལ་སྲུང་བཞི་མ་ཚང་ཁར་ཡ་མ་ཁང་བསྣོལ། མེ་རྒྱ་ཨ་མྱེས་བྲག་དཀར་ལ་ཕོག་ཡོད་སྙམ་ཞིང་ཞེ་སྡང་དང་རྣམ་རྟོག་འདྲེས་མ་ཞིག་ལངས་བྱུང་བས་ཁྱིམ་དུ་ལོག་འདོད་སྐྱེས།

འཛམ་སྐོར་རུ་བ་ནི་སྲིབ་ལུང་སྒལ་དང་། ཨབ་ཐང་སྐྱ་མོ། དྲེད་ལུང་ཡ་ཁའི་འཇུ་དོང་གང་སར་ཆགས་ཤིང་ས་ཁང་སྐྱ་ལེབ་རེ་ལ་ར་སྐོར་སྣེ་ལ་སྣེ་མཐུད་དུ་བརྩིགས་འདུག་པས་སྲང་ལམ་མ་གཏོགས་ས་ལྷག་ཐུ་བ་ཙམ་ཡང་མི་འདུག དེ་རིང་འཛམ་སྐོར་རུ་བ་ནས་འདེམ་མང་དབང་ཆ་ཡོད་པ་ཐེམ་དུད་དྲུག་ཅུ་ལྷག་བུད་བྱུང་། དུད་ནག་ལྟ་བུའི་བུ་སྤུན་མང་པོ་མཉམ་དུ་མནའ་མ་རེ་ནི་ཁོ་ཚོས་མི་ལེན། རང་སྣང་གང་ཤར་མི་རེ་ངོ་རེ་ཁྱི་ཤིག་སྤར་གང་ཐོར་བས་རྩྭ་སྐྱ་མེས་ཚིག་པ་ལྟར་འཆམ་པོ་ཡུག་པོ་དེ་ཚོ་འཕེལ་ཁ་མགྱོགས། མང་ཁ་འཛོམས་ན་འབྲོང་ཁྱིས་གསོད་ཟེར་བ་བཞིན་ད་ནི་འདེམ་ཤོག་ལ་རེ་སྒུག་མེད་པ་གཏན་ཁེལ་སྙམ་ནས་ར་རོག་པོས་དུག་ཟོས་པ་བཞིན་ལུས་རྒྱ་ཞིག་ཅིང་སྙིང་དྲག་ཏུ་ལྡིང་བའི་སྒྲ་རྣ་བར་ཝང་ཝང་ཐོས་བྱུང་། རྐང་པར་ཞ་ཉེ་བླུགས་པ་ལྟར་སྒོ་ཐེམ་ཁར་སྤོ་དཀའ་བར་གྱུར་པས་སྒོ་རུ་འཆང་ཞིང་ངལ་གསོ་དགོས་བྱུང་།

རྩིག་པའི་གསེང་དུ་རྩྭ་འབོལ་ཚམ་ཚོམ་སྐྱེས་ཤིང་རྩིག་ངོས་ཡོངས་རྡོ་རྩིའི་རི་མོས་ཁེངས་འདུག རི་མོ་ལ་ལ་ནི་ཁྱིའི་རྗེས་ལྟ་བུ་ཚོམ་བུ་དང་རྟ་རྗེས་ལྟ་བུ་ཟླུམ་པོ་ཡང་འདུག འགའ་རེ་དེ་རིང་གི་འདེམ་ཤོག་ལྔ་གྲངས་ཀྱི་རྒྱ་ཡིག་ལྟ་བུ་གྲུ་བཞི་རུ་སྣང་བས་རིམ་བཞིན་ལྟ་འདོད་མ་བྱུང་། སྒོ་རུའི་མ་ཐེམ་དེ་ཉིད་འགབ་མ་དང་ཨ་ཀྲད་ཀྱིས་ཕྱིད་བདར་བྱས་དྲགས་པས་ཡོངས་སུ་ཟད་ཅིང་ཆད་ལ་ཁད་ཡོད་པ་དང་། སྒོ་གླེགས་ལ་སྐོར་བའི་ལྕགས་ལྷུའི་འདྲེད་ཤུར་ཨ་ལོང་སྐོར་རེ་རྗེས་དོད་ཅིང་སྒོ་གླེགས་ཨི་ཁུང་བརྟོལ་ནས་འབྲོས་ལ་ཉེ་བ་མཐོང་ནས་ཨོ་མི་རབས་ཕྲེང་བ་བགྲངས་པ་བཞིན་འདི་ནས་བསྐྱོད་ཀྱང་། དེ་དག་གི་རིང་ལ་དཔོན་འགན་གྱི་དབང་ཆ་ཤོར་མ་མྱོང་། དེ་རིང་ངའི་དུས་སུ་ཤོར་བ་དྲན་ཞིང་ཡིད་སེམས་རྒུད་ནས་བཞུར་སྒྲ་མེད་པའི་མིག་ཆུ་ནག་པོ་ཞིག་བྱང་ཁོག་ཏུ་འཁྱིལ་བྱུང་།

སྒྲོལ་མ་ལྷ་མོས་ཕུ་རུང་གཡས་པ་ཕུད་ཅིང་ཐུ་བ་གཡས་པ་ཕྱིར་སློག་བྱས་པའི་ཐུ་སྣེ་སྐ་རགས་འོག་ཏུ་དྲངས་ཤིང་། ལག་ཆུ་བཀྲུས་པའི་ཐིགས་པ་རྣམས་མཛུབ་རྩེ་ནས་ཐིག་བཞིན་བཞོ་ཟོ་ཁྱེར་ཏེ་འོ་མ་བཞོ་རུ་འགྲོ་བཞིན་འདུག སྟག་གཟིག་རྡོ་ཕོག་པའི་བྱིའུ་ལྟར་གྱུར་འདུག་པས་གླ་སྤུའི་འབོལ་གདན་སྟེང་བབ་མ་ལྷུང་བསྡད་པ་དང་དེ་རིང་ཉིན་གང་ཟ་མ་ཟོས་མེད་པ་ཚོར། རྩམ་པ་དང་ཞོ་ཕོར་ཞི་མིས་ལ་གཏོར་ལུང་གཏོར་བྱས་འདུག་པས་དེ་བས་ཟ་འདོད་མེད་པར་གྱུར། “འདྲེ་ཞི་མ”ཞེས་ཐབ་ལྟག་ཏུ་ཉལ་བའི་ཞི་མིར་ཕུ་རུང་གིས་འགྲམ་ལྕག་ཚ་ཐག་པ་ཞིག་གཞུས། ཞི་མི་དེ་འཕག་འཚག་ངང་འདོམ་རྒྱང་གང་ཙམ་བྲོས་ཤིང་ཁ་ཕྱིར་འཁོར་ཏེ“ཨའོ”ཟེར་ཞིང་བྱ་རྨྱང་ཞིག་བྱེད་བཞིན་རྔ་མ་གྱེན་དུ་བསླངས་ནས་སྟག་གཟིག་ལ་བལྟས་བྱུང་།

ད་ནངས་ཞོགས་པར་བསང་གཏོང་ཞིང་ཨ་མྱེས་བྲག་དཀར་ལ་གསོལ་མཆོད་ཕུལ་ཡང་དེ་རིང་འདེམ་ཤོག་ཉུང་བ་དེ་སྡུག་ཞི་འདིས་བསང་རྫས་འཁན་ཤུག་རྣམས་ལ་གཅིན་བརྒྱབ་མེད་དམ་སྙམ་ཞིང་ཞི་མིའི་སྟེང་སྡང་མིག་བགྲད་འདུག ཁ་སང་ལྷ་མོ་དགོན་དུ་དུང་ཁ་མདོ་སྒྲུབ་དང་མགོན་ཁང་དུ་གསོལ་ཁ་བརྒྱབ་ཡོད་ཀྱང་གསར་བརྗེ་ཨོང་ཙུག་ལ་འདེམ་ཤོག་དེ་འདྲའི་མང་བ་ཅི་ཡིན་ནམ་སྙམ་ཞིང་ཐེ་ཚོམ་ཟོས། སྐབས་དེར་རང་གི་བུ་གཅིག་པུ་བརྒྱ་བྱིན་ཡིད་ལ་འཁོར་ཡོང་། བརྒྱ་བྱིན་ཚང་ངུ་དར་བཏགས་བྱས་ཤིང་སྐྲ་ཕུད་སྤྲུལ་སྐུ་དམ་ཆོས་རྒྱ་མཚོར་ཕུལ་བ་མ་ཟད་ད་ལྟ་བྲག་དཀར་དགོན་གྱི་དབུ་མཛད་ཡིན། ལོ་རེར་ལོ་གསར་སྐབས་མ་གཏོགས་ཁྱིམ་ལ་ཕེབས་མ་མྱོང་། ད་ལྟ་ཡོད་ན་སྡུག་ནད་འདི་ཁོང་ལ་མི་ཞུ་སུ་ལ་ཞུ་སྙམ་ཞིང་འཁྲེང་བ་ཞིག་བྱུང་བས་སྣ་ཁུང་ནས་གཤེར་ཁུ་སྐྱུར་མོ་ཞིག་བབས་བྱུང་། བུ་སྤུན་གཉིས་འགྲུས་དགྲ་ཡི་ཐོ་བ། རྒོ་མ་གཉིས་འགྲུས་ཕྱུག་གི་རུ་མ་ཟེར་བ་ཡིན་མོད་ད་དུང་བུ་ཞིག་སྐྱེས་ན་ཅི་མ་རུང་། ཨེ་མ་རེད། བུ་མང་ལམ་མི་འགྲོ། འཕྱི་མང་ཁུང་མི་གཤོང་། བུ་ཚར་ན་རེ་རེས་ཆོག ངེད་གཉིས་རུས་མགོ་མཐོ་བས་བུ་སྐྱེ་དཀའ་རྒྱུ་རེད་སྙམ་ཞིང་མེས་པོར་རིགས་འདེད་བྱས།

“གསར་བརྗེ་ཨོང་ཙུག་ལ་འདེམ་ཤོག55། སྟག་གཟིག་ལ་འདེམ་ཤོག15ཚང་མས་ཨོང་ཙུག་ལ་དགའ་བསུ་ཞུ”སྐད་སྒྲ་དང་ཐལ་མོ་རྡེབ་སྒྲ་རག་དུང་བུས་པ་ལྟར་ཡང་བསྐྱར་ཐོས་མ་ཐག་རྣ་དབང་ཡོངས་སུ་འགག་ཚར་ཞིང་ཉི་འོད་མག་མོག་ཏུ་གྱུར་པ་དང་། སྐད་ཆ་ལྷག་མ་རྣམས་དགུན་གྱི་ཉི་ཟེར་འབོད་པའི་ཨ་བྲའི་སྐད་ལས་ཉམ་ཆུང་འདུག སྐབས་དེར་གསར་བརྗེ་ཨོང་ཙུག་གི་ཁ་སྤུ་སྐྱ་ཕྱུར་ཕྱུར་དེ་བྲང་ཁར་གཡོ་བ་ཡིད་ལ་འཁོར་ཞིང་གདན་ནས་ལངས་ཤིང་སྒོ་ཁར་འགྲོ་བསམས། མུན་པ་ཡོངས་སུ་རུབ་ཟིན་པ་ཚོར་ཞིང་འཛམ་སྐོར་རུ་བར་བལྟས་ཀྱང་མི་མཐོང་སྙམ་ཞིང་ཐབ་ལྟག་ནས་ཁ་ཕྱིར་འཁོར་ཏེ་འགྲེང་འདུག གསར་བརྗེ་ཨོང་ཙུག་འཛམ་ཕྲུག་ངེད་གཉིས་ཅི་ལ་འདྲ། ཁོ་བཟའ་ཚོ་གཉིས་ཀྱིས་འགན་གཙང་བླངས་པའི་ནོར་ལུག་ཡ་ཟུང་དེ་ནལ་བུའི་ཕ་སྐལ་ཤོར་ནས་ཤ་མར་རྩམ་གསུམ་ཐག་རུལ་ཆད་པ་བཞིན་སོང་སྐབས། ཁོ་བཟའ་ཚོ་གཉིས་ཚ་དྲོ་དུས་གསུམ་ངེད་ཚང་གིས་བླུད་པ་དང་གསར་བརྗེ་ཨོང་ཙུག་གིས་རྐང་རྗེན་མར་ཕྱིང་བ་རླིང་བས་ལག་ངར་དང་རྐང་ངར་ཚང་མ་སྐྱ་ཤག་གེར་གྱུར་འདུག བཅིངས་འགྲོལ་སྒྲོལ་མས་ཁུལ་རྩིད་རྣམས་རྡེབ་ཐུར་གྱིས་རྡེབ་བཞིན་ལྭ་བ་གྱོན་མ་མྱོང་བའི་སྟོད་ཧྲེང་མར་ལྷ་རྗེ་སྔོ་ཐོའི་སྨན་ཁུག་ལྟ་བུའི་ནུ་མ་གཉིས་མདུན་དུ་གཡུག་བཞིན་ཉི་ཚན་མར་རྔུལ་ནག་རླངས་པ་འཕྱུར་བཞིན་ལུས་པ་དྲན། “ཁོ་རེ་གསར་བརྗེ་དབང་ཙུག ཨ་ཉོག་རྣམས་རིག་རིག་ལ་མུ་གེས་འཆི་རུ་མ་འཇུག འགའ་རེ་བྲག་དཀར་དགོན་དུ་གྲྭ་པ་བསྒྲུབ་ན་ངས་རོགས་བྱེད། ཁྱེད་རྒན་གོག་གཉིས་ཤི་དུས་ཞེ་དགུའི་ཨ་མཆོད་ཡོད་རེད་པ། མ་གཞི་ཁྱོའི་རྐུབ་འདི་མདའ་རྒྱག་རྒྱག་མདེའུ་བླུག་བླུག་རེད་འདུག་པས་ཁ་མི་སོས་སེམས་ཐག་རེད།”

“ལགས་སོ། ལགས་སོ། སྡེ་དཔོན་དྲིན་ཆེན། སློབ་གྲྭ་ལ་གྲོ་འབྲས་དགའ་ཟིག་སྦྱིན་གྱི་ཟེར། བདེན་ན་བྲག་དཀར་ཞང་དུ་ཁྲིད་ནས་སློབ་གྲྭར་འཇོག་དྲན། རང་ལ་ཅི་མཁོ་རོགས་ལ་མཁོ་བས་གྲྭ་པ་བསྒྲུབ་མི་བྲ། མ་ཤི་ཟ་འཛག་ཁེ། ཤི་ན་རོ་བདག་བྱ”ཟེར་ཞིང་ཨོང་ཙུག་ཕྱིང་པ་རླིང་གིན་སེམས་ཁོང་གི་འཛུམ་ཀོང་ཞིག་གདོང་པར་འཕྱུར་ཞིང་མཆིལ་མ་སྐྱ་ལྟེམ་མེར་ཆགས་པའི་ལྕེ་ལེབ་ནར་མོར་བརྐྱངས་ཡོང་བ་དྲན། གསར་བརྗེ་ཨོང་ཙུག་དཀྱིལ་འཁོར་ཆོག་པའི་རྒོད་པོ་ཞིག་ཡིན་པས་ལངས་སྔ་ཉལ་ཕྱི་བྱས་ནས་རི་དྭགས་རྔོན་ཞིང་ཤ་པགས་ཀྱིས་ཁྱིམ་ཚང་ཚ་སོབ་སོབ་བྱས། ད་དུང་བུ་མོ་ཆེ་བ་སྒྲ་སྡུད་ནོར་རྫིར་ཉར་བ་མ་གཏོགས་ཨ་ཉོག་ཚང་མ་སློབ་གྲྭར་བསྐྱལ་བས་ཨོང་ཙུག་སློབ་ཁང་ཟེར་བ་བྱུང་། ལོ་འཁོར་དགུན་གནང་སྐབས་སུ་སློབ་གྲྭའི་འགན་ལེན་གྲོ་རས་ཕེ་བཅའ་བཅུ་དང་འབྲས་སྒྱེ་ཉི་ཤུ་ལྷག་ཐོབ་པས་གྲོ་འབྲས་གཉིས་འབེལ་འབེལ་ལྷུག་ལྷུག་བྱུང་། ཝ་པགས་རྣམས་ཞྭ་མོ་བཟོ་རྒྱུ་རྫོང་དཔོན་མན་ཆད་ལ་བཙོངས་མྱོང་བ་དང་སྟག་གཟིག་གི་ཝ་ཞྭ་དེ་ཡང་ཨོང་ཙུག་གིས་བསད་པའི་ཝ་དམར་ཁྲག་རློན་འདྲ་ཞིག་ཡིན། ཁོས་ཤ་ཁྱི་སྐུད་པ་འདྲ་བ་རེ་གློད་ནས་ཝ་མོ་ཁུང་དུ་འཛུལ་བཅུག་པ་དང་ཁུང་སྦུག་ཏུ་རྡོ་ལེབ་མོ་ཞིག་གིས་བཅད་ནས་དེའི་མཚམས་སུ་ལྕི་བ་མང་པོ་སྤུངས་ནས་མེ་ལ་བསྒོས་ཤིང་ཁུང་བུ་དུད་པས་བཀང་། ཕྱི་ཉིན་ཝ་སྣ་རྡོ་ལ་གཏུག་ནས་འཆི་འགྲོ་བས་དགུན་ཟླ་གསུམ་ལ་རྔོན་རྒྱག་ཏུ་འགྲོ། སྲམ་སྣ་མི་འགྲོ་ཟེར་ནས་གསོད་མཁན་མེད་ཀྱང་ཨོང་ཙུག་གིས་དགོང་མོ་འཁྱགས་དར་སྟེང་མདོང་མོའི་ནང་དུ་བཙོ་བླུགས་ནས་འཇོག་པས་སྲམ་མདོང་མོ་གང་རེ་རྙི་ལ་ཟིན་ཡོང་བས་སྲམ་པགས་མོད་པས་སྲམ་ཐུལ་བཟོས། རེད་ཁོང་ཚང་སྡིག་ཟ་སྡིག་ལས་མ་གཏོགས་ཁྱིམ་ཚང་དེར་རྔ་ལུང་གནམ་དུ་བཏགས་ཤིང་གཏོར་མ་ར་རྔ་ཙམ་བཅས་མ་མྱོང་བས་ནག་པོ་ཁ་དར་ཟེར་བ་ཅི་ལ་མིན་སྙམ། “ཁོ་རེ་བུ་འགའ་རེ་གྲྭ་པ་མི་སྒྲུབ་ཅི་ཡིན།” ཁོ་ལ་དྲིས་མྱོང་མོད། ཁོས “བླ་མ་མི་རེད་གཏོར་མ་སྤག་རེད། ངེད་བཟའ་ཚང་གཉིས་ཀྱི་རྒྱུད་ཁྲིད་ན་སྡོམ་པ་མི་ཐུབ་གཏན་ཁེལ། འཇོག་མ་བྲ་ནི་ཡིན་ཡ།” མགོ་བདེ་དྲན་འཕྲུལ་མ་གཏོགས་དགེ་སྡིག་ནི་ཁོས་མི་ཤེས། ཁོ་ཨ་གསར་ཆེ་བས་སྒྲ་སྡུད་ཐོག་མ་ཁོས་ཁྱེར། ལྕགས་རྟ་ཐོག་མ་ཁོ་ལ་ཡོད། སྦག་སྦག་དྲི་སྒྱེ་དེ་ཡང་ཐོག་མ་ཁོས་ཞོན་བྱུང་། ན་ནིང་ཤར་རླུང་རྟགས་ཅན་སྒ་སྒྲིལ་ཐོག་མ་ཁོས་དྲུད་བྱུང་། མི་བྱེད་དགུ་བྱེད་འདིས་བྱས་སོང་། མི་ཡོང་དགུ་ཡོང་འདི་ལ་ཡོང་ས་ཡོད་སྙམ་ཡང་། ལས་འབྲས་གོ་ལྡོག་མིན་ན་ནག་པོ་ཁ་དར་ཁོ་ནི་ཡར་ཡར་དར་སོང་། ངས་ཁོ་རང་གསར་བརྗེ་ཨོང་ཙུག་བཏགས་པ་ནོར་འདུག ལྟས་ངན་ཨོང་ཙུག་བཏགས་བཞག་ན་ཏག་ཏག་ཡིན་པ་དྲན།

གསར་བརྗེ་ཨོང་ཙུག་གཞོན་སྐབས་ཚགས་དཀྱིལ་འཁོར་ཆོག་པ་ཞིག་ཡོད་ཀྱང་ཁོ་ལ་རྒྱུ་ཟས་ཟོག་གསུམ་མེད། འཁོར་ནག་མའི་འདམ་དུ་ཟུག་པ་ནས་མེད་ལེན་ཆད་མཐུད་ངས་བྱས་པ་ཡིན་མོད། སྦྲ་གསར་ཕུབ་པ་ནས་ཨབ་ཐང་སྐྱ་མོ་རྗེས་ཀྱིས་བཀང་། དྲེད་ལུང་འཇུ་ཤུར་སྐྱག་པས་བརྫད། རྐང་འོག་གི་རྡེའུ་འཕར་ནས་མིག་བཅར་འགྲོ་བ་ཅི་ལ་ཤེས་དྲན་ནས་བློ་འགྱོད་ཀྱི་མུན་པ་སེམས་ཁོང་ནས་འཕྱུར་ཞིང་མིག་སྔུན་ཡོངས་རྫོགས་ནག་འཐོམ་འཐོམ་ཞིག་གིས་བསྒྲིབས། གསར་བརྗེ་ཨོང་ཙུག་ཚ་བུ་རྣམས་ཀྱིས་ཨབ་ཐང་སྐྱ་མོར་རྣོ་ལྕགས་དང་སྦུ་ལར་སའི་འདམ་པ་བསྲེས་པའི་ཁང་བསྟར་ཉིས་ཐོག་རྒྱག་བཞིན་པ་དང་། བུ་མོ་སྒྲ་སྡུད་ཀྱི་བུ་ཆེ་བ་སྦག་སྦག་ཉེན་རྟོག་པའི་ལྭ་བ་ཞིག་གྱོན་ནས་སྐར་གསུམ་རྟགས་ཅན་གྱི་རླངས་འཁོར་སྐོར་བཞིན་འཁོར་ཞག་སླེབས་པ་ཚོར་བས་སྒོ་ཁར་འགྲོ་དྲན།

སྒྲོལ་མ་ལྷ་མོས་ཁ་ཉིན་གསར་བརྗེ་ཨོང་ཙུག་ཚང་གི་རྒྱུ་འགྲུས་ཤ་འགྲུལ་ཁྱེར་བ་རྣམས་དོ་ནུབ་དྲོད་གསོས་ཡོད་པས། གཞོང་པའི་ནང་དུ་ཤ་རྒྱུ་རྣམས་རླངས་པ་ཕ་ལེར་ཕབ་ཅིང་སྟག་གཟིག་གི་མདུན་དུ་བཞག “དྲིན་ཆེན། ལྟོ་ཟོ། ལས་ཟིག་ཡོད་ན་ལམ་ཟིག་ལོས་ཡོད། སེམས་སྡུག་མ་བྱེད་ཨང་གེ”ཟེར་ནས་མོ་རང་གིས་རྒྱུ་སྣེ་ནས་ཁྲིག་པུ་ཞིག་བཅད་ནས་ཁར་བཞག “ཨོཾ་མ་ཎི་པདྨེ་ཧཱུཾ། སེམས་ཅན་སངས་རྒྱས། ད་ལོའི་བཤས་ལ་ཤེད་འདི་མོ་བཟང་གི”ཟེར་ཞིང་འོ་ཇ་བཏུང་བ་དང་གཡོང་ཆེ་བས་ཁ་ཟུར་ནས་ཐིགས་པ་ཟགས་ཤིིང་པང་གདན་སྟེང་ཁྲ་ཙེ་རེར་བབས་སོང་། ཞི་མི་གཟི་མིག་གཉིད་ལས་སད་པ་ལྟར་ས་སྟེགས་འཁྲིས་ནས“ཨའོ” “ཨའོ”ཟེར་ཞིང་སྔུར་བ་བགྲང་བྱུང་།

སྒོ་ཁྱི་ཝེར་ལྷང་ངེར་ཟུག་བྱུང་། ལུ་ཐུང་ཤིག་གེར་གསར་བརྗེ་ཨོང་ཙུག་གི་སྐད་དང་། ད་དུང་ཁོའི་ཚ་བུ་སྦག་སྦག་གི་སྐད་འདྲ་བ་གོ་མྱོང་མྱོང་ལབ་འགྲུལ་ཤིག་གེར་སྒོ་ཁར་ཐོན་པ་ཚོར། “ཨོ། གསར་བརྗེ་ཨོང་ཙུག་འཕྱི་པོ་འདི་འདྲ་ཅི་ཡིན་ནམ”ཟེར་ནས་སྒྲོལ་མ་ལྷ་མོ་སྒོ་དབྱེ་བར་ཕྱིན་སོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།