ཚེ་རིང་མཚོ།

ང་རང་སློབ་གྲྭར་མ་སོང་བའི་ཡར་སྔོན་གྱི་ལོ་ངོ་ལྔ་དྲུག་རིང་ལ་ལུག་རྫི་བྱས་ཏེ་མི་ཚེ་བསྐྱལ་བ་ཡིན། ངེད་ཚང་གི་སྒོ་ཐད་ཀྱི་རྫ་རི་མཐོན་པོ་གནམ་ལ་ཟུག་པ་ལྟ་བུ་དེའི་མིང་ལ་རྨ་ཁྲ་རིང་ཟེར་ཞིང་། དེ་ནི་ངེད་ཚང་གི་ཕ་མེས་ཡང་མེས་ཀྱི་རིང་ནས་གནས་རི་འགངས་ཆེན་ཞིག་ཏུ་རྩི་བཞིན་ཡོད། རི་བོ་དེ་ནི་སྤྱིར་བཏང་གི་རི་ཞིག་མ་ཡིན་པར་བཙན་རི་གདུག་རྩུབ་ཅན་ཞིག་ཏུ་ངོས་འཛིན་པས་རྒྱུན་པར་རི་དེར་སུས་ཀྱང་གནོད་དོགས་དགྲ་དོགས་བྱེད་དགོས། ལོ་རེའི་སྡེ་བའི་སྤྱི་རིམ་སྐབས་བླ་མ་རིན་པོ་ཆེ་རི་བོ་དེར་གདན་དྲངས་ཏེ་གསས་མཁར་བསྐྱར་བཞེངས་དང་ལྷ་གསོལ་ལྷ་འགུག་གི་ཆོ་ག་རབ་དང་རིམ་པར་སྤེལ།

རྫ་གསེབ་དེ་ནི་གནའ་ནས་ལུག་ས་བཟང་ཟེར་སྲོལ་ཡོད་ཅིང་། ཨ་ཕས་རྟག་ཏུ་ང་ལུག་ཁྱུ་དེད་དེ་དེར་གཟན་དུ་མངགས་པར་བྱེད། དེ་བས་ངས་ཉིན་ལྟར་ལུག་ཁྱུ་དེད་དེ་སྒོ་ཐད་ཀྱི་ཕ་གིའི་རྫ་གསེབ་ཏུ་སོང་། ད་ལྟ་ལུག་ཁྱུ་ཡང་རང་གོམས་སུ་གྱུར་ཏེ་ཞོགས་པར་ལྷས་རའི་སྒོ་ཕྱེ་བ་དང་ཆབས་ཅིག ར་མ་འགས་སྣེ་ཁྲིད་དེ་ཐད་ཀར་སྒོ་ཐད་ཀྱི་ཕར་ཀའི་རྫ་གསེབ་ཏུ་བུད་འགྲོ།

ང་རྒྱུན་པར་ལུག་རྫིར་འགྲོ་རྒྱུར་དེ་ཙམ་སུན་པོ་མེད་ཐོག མ་གིའི་སྡེ་བའི་བུ་མོ་ཚེ་རིང་མཚོ་ནི་ཉིན་ལྟར་ངའི་རྫི་རོགས་ཡིན་པས། ང་ལ་ལྷག་ཏུ་ལུག་རྫིའི་སྐྱིད་ཅིག་མེད་པའི་སྣང་བ་སྟེར་མྱོང་། ཚེ་རིང་མཚོ་ད་ལོ་མོ་ལོ་བཅོ་བརྒྱད་ཡིན། ང་ལས་ལོ་བཞིས་ཆེ། ཁོ་མོ་ལ་མི་གཤིས་ཤིག་ཡོད། གཞན་ལ་འགྲིག་མཐུན་ཨ་མཐུན་ལ་དགའ་བའི་མི་གཤིས་ཤིག་ཡོད། མི་གཤིས་དེས་ངའི་ལུག་རྫིའི་འཚོ་བ་དྲིན་གྱིས་བསྐྱངས། ཚེ་རིང་མཚོའི་ཡག་མོ་སྒོ་ནི་དགུ་བཅུའི་གྲས་སུ་མ་ཚུད་ཀྱང་བརྒྱད་ཅུའི་གྲས་སུ་འགྲོ་བ་ཞིག་ཡིན། མིག་ཟུང་ཁྲ་ཞིང་ཆེ་ལ་དེའི་ཐོག་གི་ཆ་ག་ཉིས་བརྩེགས་དེ་དམིགས་ཀྱིས་མཛེས་ཤིང་། ནམ་རྒྱུན་སྐད་ཆ་བཤད་ཚེ་མིག་ཟུང་འཛུམ་ཆེམ་ཆེམ་འཕྲོ་བས། ཅིས་ཀྱང་ཡིད་དུ་འོང་བའི་རྣམ་པས་ཁེངས་ཀྱང་། སྐྱེས་ཡག་མར་སྐྱོན་ཞིག་ནི་ཆུང་དུས་ཉར་མི་ལེགས་པས་མ་མཆུའི་པདྨའི་ཐོག་ཏུ་རྨ་ཤུལ་མི་ཆུང་བ་ཞིག་ཤུར་རེར་ལུས་ཡོད། མོས་རྟག་པར་རྨ་ཤུལ་དེ་གཞན་གྱིས་མཐོང་བར་དོགས་ནས་མགོ་དཀྲིས་དམར་པོ་ཞིག་སྐེ་ལ་དཀྲིས་ཏེ་ཕུད་སྲོལ་མེད། ཁོ་མོ་ང་ལས་ལོ་བཞི་ལས་ཆེ་བས་རྟག་པར་ང་ལ་ཨ་ཅེ་ལྟ་བུས་གཅེས་སྐྱོང་བྱེད་པ་དང་། ངའི་ལུག་ཁྱུ་འཚོ་སྟངས་མི་འགྲིག་པར་ཁ་ཏ་དང་གནས་ལུགས་མང་པོ་ཞིག་གིས་ལམ་སྟོན་བྱེད།

མ་གིའི་སྡེ་བ་དང་ངེད་ཚང་བར་ལམ་ཐག་དེ་ཙམ་མི་རིང་ཞིང་། ངེད་ཚང་གི་སྒོ་ཁ་ནས་མར་བལྟས་ཚེ་ཏག་ཏག་མར་ནང་ཁང་ཀླད་ཀྱི་དུ་བ་འཕྱུར་བ་མཐོང་ཐུབ་ཅིང་། དཔྱིད་ཀར་ངེད་ཚང་གི་ཕྱོགས་སུ་ཁ་བ་བབས་ཏེ་ས་གཞི་ཡོངས་སུ་དཀར་བོང་བོང་བཟོས་ཏེ་དགུན་ཁའི་རྣམ་པ་ཡལ་མེད་ཅིང་། མ་གིའི་སྡེ་བ་ནི་དེ་ལས་ལྡོག་སྟེ། ཁ་བ་འབབ་རིམ་བཞིན་དྲོད་རླུང་གིས་ཞི་སྟེ་སྨུག་རླུང་ལྡང་བས་དཔྱིད་ཀའི་རྣམ་པ་ཀུན་ནས་མངོན། མ་གིའི་སྡེ་བ་དེར་དུད་ཚང་གསུམ་ཡོད་ཀྱང་། ཚེ་རིང་མཚོ་ཚང་ནི་དུད་ཁྱིམ་གསུམ་གྱི་ཡར་སྣེ་རུ་ཡོད་པས་རྒྱུན་པར་ངེད་ཚང་གི་ནོར་ལུག་གི་བཟའ་རྩྭའི་གཟན་ས་གཅིག་ཏུ་ཁེལ་ཡོད། ལྷག་ཏུ་ཚེ་རིང་མཚོ་ཚང་གིས་ཀྱང་ཕ་གིའི་རྫ་གསེབ་དེར་ལུག་ས་བཟང་པོ་ཡོད་པ་ཤེས་ཏེ་རྟག་པར་ཚེ་རིང་མཚོ་ལ་ལུག་ཁྱུ་དེད་དེ་དེར་གཟན་དུ་འཇུག དེ་བས་ཚེ་རིང་མཚོ་ངེད་གཉིས་ནི་ཕ་གིའི་རྫ་གསེབ་ཀྱི་ལུག་ཁྱུའི་བདག་པོ་ཡིན་ལ། ཉིན་ལྟར་ལུག་ཁྱུ་འདྲེས་ནས་གཟན་ས་གཅིག་ལ་འཁོད་པས། ཕར་བལྟས་ཚོད་ལ་དེ་ནི་དུད་ཚང་གཅིག་གི་ལུག་ཁྱུ་ལས་གཉིས་ཡོད་པ་མི་ཤེས།

རྫ་གསེབ་ཀྱི་ལུག་ཁྱུ་བག་ཡངས་སུ་འཁོད་ཅིང་། ནམ་མཁའ་ན་ལྡིང་བའི་སྤྲིན་དཀར་གྱི་འདབ་མ་ལང་ལོང་དུ་རྒྱུ། མཐོ་སྒང་གི་གཡའ་དག་པའི་མཁའ་དབྱིངས་ནི་རྒོད་པོ་ཁོ་ན་ལ་དབང་ཞིང་། གཤོག་འགྱུར་ལ་བྲེལ་བའི་རྒོད་པོ་ཁེར་རྒྱུག་ཅིག་མཐོ་ས་ནས་དམའ་ས་དང་། དམའ་ས་ནས་མཐོ་ས། ཤར་ནས་ལྷོ་དང་། ལྷོ་ནས་བྱང་དུ་རང་དབང་གིས་ནམ་མཁའ་དྲས་ཏེ་འཕུར་ཞིང་བྲེལ། མཚམས་དེར་ངས་རྒོད་པོ་ལ་ཧད་ཀྱིས་ཅེར་ཏེ། “ལྟོས་དང་། རྒོད་པོའི་གཤོག་འགྱུར་ལ་ལྟོས་དང་། འདི་ནི་ངེད་གཉིས་ཀྱི་མ་འོངས་པའི་འཚོ་བ་རེད། ང་ཚོ་ལ་རྒོད་པོ་ལྟ་བུའི་སྤོབས་པ་དང་རྒོད་པོ་ལྟ་བུའི་མདུན་ལམ་ཡོད་དགོས”ཞེས་ངས་མཛུབ་མོ་ནམ་མཁའི་རྒོད་པོར་ཀེར་ཏེ་ངའི་འགྲམ་དུ་བསྡད་པའི་ཚེ་རིང་མཚོ་ལ་དེ་ལྟར་བཤད། ཚེ་རིང་མཚོས་ཅི་ཞིག་དྲན་པ་བཞིན“གལ་སྲིད་ང་ནི་ནམ་མཁའ་འདི་ཡིན་ན། ཁྱོད་ནི་ནམ་མཁའ་འདི་ལ་དབང་བའི་རང་དབང་གི་རྒོད་པོ་འདི་ཡིན་པའི་སྨོན་ལམ་ལྷ་དཀོན་མཆོག་ལ་སྔར་ནས་བཏབ་མྱོང་། ཡིན་ནའང་། ང་ལ་རྒོད་པོའི་གྲིབ་གཟུགས་ཙམ་མ་གཏོགས་རྒོད་པོའི་ཡོད་ཚད་ཅིག་དབང་བའི་བསོད་ནམས་གང་ན་ཡོད”ཅེས་སྐད་ཆུང་ངུའི་སྒོ་ནས་དེ་ལྟར་བཤད་བྱུང་། ངས་ཚེ་རིང་མཚོས་བཤད་པའི་སྐད་ཆའི་ནང་སྙིང་གསལ་པོར་མ་རྟོགས་ཀྱང་།“ལྟོས་དང་། རྒོད་པོའི་གཤོག་འགྱུ་ཁྱོད་ལ་ཕྱོགས་འདུག”ཅེས་སླར་ཡང་མཛུབ་མོ་རྒོད་པོའི་ཕྱོགས་ལ་ཀེར།

ཉི་མ་གནམ་དཀྱིལ་དུ་སླེབས་དུས། ཚེ་རིང་མཚོ་ངེད་གཉིས་ཀྱི་ལུག་ཁྱུ་རྫ་གསེབ་ཏུ་ཅི་དགར་བཀྲམ་ཞིང་། གཡང་ལུག་ཡོད་ཚད་ཀྱིས་གཟན་རྩྭ་ལ་གཡེངས་པས་ཐ་ན་ངེད་ཀྱིས་ཀི་བཏབ་པའང་གོ་ཚོར་མི་འདུག དེ་དུས་ཚེ་རིང་མཚོ་ངེད་གཉིས་ཀྱང་དྲོས་ཇ་འཐུང་བའི་དུས་ལ་ཐུག་པས། ངས་ཞོགས་པར་ཁྱིམ་གྱིས་གྲ་སྒྲིག་བྱས་པའི་རྫི་ཁུག་དེ་རུམ་ཁོང་ནས་བླངས་ཏེ་ཚེ་རིང་མཚོའི་མདུན་དུ་གཡུགས། ངེད་རྫི་བོ་ཚོའི་རྒྱུན་ཟས་ནི་རྩམ་པ་ཡིན་ལ། རྫི་ཁུག་ནང་དུ་རྩམ་པ་དང་མར། ཕྱུར་བ་གསུམ་མ་གཏོགས་མེད་ཅིང་སྐལ་བ་བཟང་ན་སྐབས་འགར་ཀ་ར་ཕྱེ་མ་ཅུང་ཙམ་ཡོད། ཀ་ར་ཕྱེ་མ་ཡོད་པའི་རྫི་བྲོ་ནི་ཕལ་ཆེར་ལོ་གསར་སྐབས་མ་གཏོགས་ཡོད་པར་དཀའ། ངས་རྫི་ཁུག་དེ་ཚེ་རིང་མཚོའི་མདུན་དུ་གཡུགས་དོན་ནི། རྫི་ཁུག་ནང་གི་མར་རྩམ་དེ་ཡུན་རིང་དུ་འཕུར་ནས་ཕྱེ་སྣུམ་དུ་གྱུར་རྗེས་ད་གཟོད་བཟའ་དགོས། ཚེ་རིང་མཚོས་ངས་གཡུགས་པའི་རྫི་ཁུག་དེ་ལག་ཏུ་བླངས་ཏེ་མཚམས་རེར་ལག་ཟུང་བར་དུ་བཅིངས་ནས་འཕུར་བ་དང་། མཚམས་རེར་རྫི་ཁུག་སྤང་ཐོག་ཏུ་བཞག་སྟེ་གྲུ་མོས་ཕར་འཕུར་ཚུར་འཕུར་བྱས། རྫི་ཁུག་ནང་གི་རྩམ་པར་སྣུམ་གྱིས་ཟིན་པའི་ཚོད་ལ། ཚེ་རིང་མཚོས་རྫི་ཁུག་གི་ཁ་ཕྱེ་སྟེ་ངའི་སྔུན་དུ་བཞག་པ་དང་ཆབས་ཅིག་མཆུ་ཏོ་འབུར་འབུར་བྱས་ཏེ་ཟོ་ཞེས་པའི་བརྡ་ཞིག་སྟོན། ཚེ་རིང་མཚོའི་མཆུ་ཏོ་འབུར་འབུར་གྱི་རྣམ་པ་དེ་ནི་ང་ལ་འོ་བྱེད་གྲབས་དང་ཀུན་ནས་མཚུངས་པས། ཅུང་ངོ་ཚ་བའི་ཉམས་ཀྱིས་རྫི་ཁུག་ནང་དུ་རྩམ་པ་སྤར་གང་བླངས་ཏེ་ཁ་ལ་འགམ།

ང་དེ་འདྲའི་ངོ་ཚ་དོན་ནི་ཚེ་རིང་མཚོ་ངེད་གཉིས་བར་ལ་འོ་བྱས་པའི་གཏམ་རྒྱུད་ཡིད་དུ་འོང་བ་ཞིག་བྱུང་མྱངས་ཤིང་། དེ་ནི་ནམ་ཟླ་གྲང་ཞིང་ཁ་བ་འབབ་པའི་ཉིན་ཞིག་ལ། ཚེ་རིང་མཚོ་ངེད་གཉིས་བྲག་ཁུག་ཏུ་བསྡད་དེ་གྲང་ངར་ལ་གཞའ། དེ་དུས་ངའི་ལག་པ་གྲང་ཆེ་བས་འཁོབས་ཏེ། སོར་མོའི་བར་དུ་དངོས་པོ་འཆིང་མི་ཐུབ་པའི་གནས་ཚུལ་དེ་ཚེ་རིང་མཚོས་རྟོགས་རྗེས། ངའི་ལག་པ་གཉིས་ཤུགས་ཀྱིས་འཐེན་བཞིན་ཁོ་མོའི་རུམ་ཁོང་དུ་བཅུག ཚེ་རིང་མཚོའི་རུམ་ཁོང་ནི་ཉི་མ་ལྟར་དྲོད་ཁོལ་འཛོམས་ཤིང་། མོའི་རུམ་ཁོང་དུ་ངའི་ལག་ཟུང་ལ་ད་གཟོད་ཁད་ཀྱིས་ཚོར་བ་ཟིན་པར་མ་ཟད། སོར་རྩེས་མཉེན་ནེམ་ནེམ་གྱི་དངོས་པོ་ཞིག་ལ་རེག་པ་ཚོར། ཚོར་བ་དེས་ང་ལ་བསམ་ཚུལ་འདྲ་མིན་གང་ཅི་སྟེར་མ་བྱུང་ཡང་། ཚེ་རིང་མཚོ་ལ་མཚོན་ན་ཅིས་ཀྱང་བཟོད་ཐུབ་མེད་པའི་ཚོར་བའི་ཡང་རྩེ་རུ་གྱུར། བཟོད་དཀའ་བའི་ཚོར་བ་དེས་མོ་ངའི་འགྲམ་དུ་བཅར་ཅི་ཐུབ་བྱས་པས། ངའི་སོར་རྩེ་ལ་རེག་པའི་མཉེན་ནེམ་ནེམ་གྱི་དངོས་པོ་དེ་སོར་རྩེ་ཙམ་མ་ཡིན་པར། ལུག་ཟུང་གི་ཁྱོར་ནང་དུ་དྲོད་ཀྱིས་རེག་པས་གཞི་ནས་མཉེན་ནེམ་ནེམ་གྱི་དངོས་པོ་དེ། གཞན་མ་ཡིན་པར་ཚེ་རིང་མཚོའི་བྲང་སྐྱེས་ཀྱི་ནུ་འབུར་ཡིན་པ་རྟོགས། རྟོགས་ཚུལ་དེས་ང་ལ་དངངས་སྐྲག་དང་ཁ་སྐྱེངས་ཀྱི་ཚོར་བ་ཞིག་ལུས་ཀྱི་ཤ་ཁྲག་གི་བར་ནས་རིམ་བཞིན་འབར་ཞིང་། མཐར་ངོ་གདོང་ཡོངས་སུ་ཚ་འོད་འཁྲུགས་ཏེ་དམར་པོར་གྱུར། དེ་དུས་ངའི་མིག་ལམ་དུ་ཚེ་རིང་མཚོ་ནི་རབ་རིབ་ཙམ་མ་གཏོགས་མི་མཐོང་ཞིང་། རྣ་སྦུག་ནང་དུ་ཙིར་སྒྲས་ཁེངས་པས་སྐད་ཆའི་སྒྲ་ཙམ་ཡང་མི་གོ། ཏག་ཏག་སྐབས་དེར་ངའི་མཆུ་སྒྲོས་ལ་ཚ་ལམ་ལམ་གྱི་དངོས་པོ་ཞིག་ཐུག་བྱུང་། ཚ་ལམ་ལམ་དུ་ཐུག་པའི་ཚོར་བ་ཞིག་རྩ་སྦུག་རེ་རེ་བརྒྱུད་དེ་མཐར་ལུས་ཀྱི་བ་སྤུ་རེ་རེ་ཡང་གྱེན་དུ་གཟེངས། ཕྱིས་སུ་ཚེ་རིང་མཚོས་བཤད་པར་དེ་དུས་ཚ་ལམ་ལམ་གྱི་དངོས་པོ་དེ་ནི་མོས་ང་ལ་འོ་བྱས་པ་ཡིན་ཟེར། གལ་སྲིད་སྐབས་དེ་དུས་ཀྱི་ངའི་མཆུ་སྒྲོས་ལ་ཐུག་པའི་ཚ་ལམ་ལམ་དེ་ཚེ་རིང་མཚོས་འོ་བྱས་པ་ཡིན་ན། ངའི་མི་ཚེ་འདི་ཡི་ཆེས་ཐོག་མའི་འོ་ཡི་མཆོད་པ་དེ་ཚེ་རིང་མཚོ་ལ་ཕུལ་བར་བཤད་ཆོག

ཚེ་རིང་མཚོ་ངེད་གཉིས་ཀྱི་བར་དུ་བརྗོད་ཆོག་ཆོག་གི་བརྩེ་དུང་གི་གསང་བ་མེད་པར་མ་ཟད། ཐ་ན་དམིགས་ཀྱིས་ལག་འཇུ་ཕྲན་བུ་བྱས་པའི་དངོས་བྱུང་གི་གཏམ་རྒྱུད་ཀྱང་བྱུང་མ་མྱོང་། ཏག་ཏག་གྲང་རླུང་དང་བུ་ཡུག་ལྡང་བའི་ཉིན་དེར། ངའི་མཆུ་སྒྲོས་ལ་རེག་པའི་ཚ་ལམ་ལམ་གྱི་དངོས་པོ་དེ་ཅི་ཡིན་ནམ། གལ་སྲིད་ཚེ་རིང་མཚོས་བཤད་པ་ལྟར་ཡིན་ན་དེ་ནི་བསམ་ཡུལ་ལས་འདས་ཤིང་། གློ་བུར་དུ་བྱུང་བའི་བར་ཆད་ཅིག་ལ་བརྩིས་ཆོག་པས། ཕྱིས་སུ་ངེད་གཉིས་སུས་ཀྱང་དེའི་སྐོར་གྱི་སྐད་ཆ་བཤད་མ་མྱོང་། ཡིན་ནའང་ལུག་རྫིའི་ལོ་ཟླའི་བརྒྱུད་རིམ་ཁྲོད་ཁོ་མོ་ནི་ངའི་ཆེས་ཉེ་བའི་མི་དེ་ཡིན་ཞིང་། ལོ་ཟླ་རིང་པོར་མི་ཚེ་རི་སྒང་གི་རླུང་བུ་དང་འགྲོགས་པའི་སེམས་ཀྱི་དྲན་རྟེན་ཡིན། ནམ་ཡང་འཇའ་ཚོན་གྱི་ཁ་དོག་གླེང་ཞིང་། མེ་ཏོག་གི་དྲི་བསུང་བསྣམས། དགའ་བའི་ཉི་མ་ལྡེ་རོགས་དང་སྐྱོ་བའི་གྲང་རླུང་གཟུར་རོགས་ཡིན། དེ་བས་ངའི་བྱིས་དུས་ཀྱི་རྐང་རྗེས་ཁྲོད་ཁོ་མོ་ནི་ནམ་ཡང་བསུབ་ཏུ་མེད་པའི་རི་མོ་གལ་ཆེན་དེ་ཡིན་ཞིང་། ཞོགས་པ་ལུག་ཁྱུ་རི་ལ་གཟན་པ་དང་དགོང་མོར་ལུག་ཁྱུ་ལྷས་ལ་བསྐྱིལ་བའི་རྣམ་པ་དག་ནི་རི་མོ་དེའི་ཁ་དོག་གཞན་ཞིག་ཡིན།

ང་རང་སློབ་གྲྭར་སོང་བའི་ལོ་དེ་ནི་ཚེ་རིང་མཚོ་གསང་གཞུང་སྡེ་བའི་དུད་ཁྱིམ་ཞིག་ཏུ་མནའ་མར་སོང་བའི་ལོ་ཡིན།

དེ་རིང་ལྟར་ས་རུབ་པའི་དགོང་མོ་དེར། འགྲུལ་ཁང་དང་ཉལ་ཁང་། ཇ་ཁང་གཞི་གཅིག་ཏུ་གྲུབ་པའི་ཚེ་རིང་མཚོ་ཚང་དུ་མགྲོན་པོ་གལ་ཆེན་གྱིས་གང་ཞིང་། ཁང་མིག་དཀྱུས་རིང་དེའི་ནང་དུ་མགྲོན་པོ་སྐྱེལ་བསུ་ཡིས་དབེན་འཇགས་ཀྱི་དགུན་མཚེས་ཆུང་ཆུང་དེར་རྒྱུན་ལྡན་མིན་པའི་འུར་ཟིང་གིས་ཁེངས། ཐབ་ཀའི་ཐོག་ཏུ་ས་སྣུམ་གྱི་དཀར་མེ་གཅིག་བསྒྲོན་ཀྱང་དེ་འདྲ་མི་གསལ་ཞིང་། ཐབ་ཀའི་གཡས་སུ་མག་པ་ཚང་གི་མགྲོན་པོ་གལ་ཆེན་དེ་དག་བསྡད་འདུག མགྲོན་པོ་དེ་དག་གི་མདུན་དུ་ལུག་ཤ་བཙོས་མ་དང་། ཞོ་གྲོ། སྣུམ་བག་བཅས་ཀྱི་སྡེར་ཁ་བསྒྲིགས་ཤིང་། སྣུམ་བག་གི་སྡེར་ཁ་དེ་ནི་ང་ཚོས་ལོ་སར་ལ་བསྒུགས་པའི་སྡེར་ཁ་དང་མཚུངས་ཏེ། རྒྱུ་མཚན་ནི་སྣུམ་བག་གི་ཐོག་ཏུ་ཁ་དོག་མི་གཅིག་པའི་ཀ་ར་རྡོག་པོ་ཁ་ཤས་བཞག་འདུག ང་ཚོ་བྱིས་པ་ཚོས་སྣུམ་བག་ཐོག་གི་ཀ་ར་ཡོད་པའི་སྡེར་ཁ་དེ་ནི་ལོ་གཅིག་གི་ནང་དུ་ལོ་སར་ཚེས་གཅིག་མ་གཏོགས་མཐོང་མི་ཐུབ་ཅིང་། རྒྱུན་དུ་ལོ་སར་ཚེས་གཅིག་དེ་རྨ་བྱས་འབྲུག་སྒྲ་དང་ཆར་འདོད་བྱེའུ་ཡིས་གནམ་ཆུ་བསྒུགས་པ་ལྟར་ཉིན་གྱི་ཉི་མ་བསྐྱལ་ཅིང་། མཚན་མོའི་རྨི་ལམ་དུ་འཚོལ་དོན་ནི་ལུག་ཤ་དང་ཞོ་གྲོ་དག་མིན་ལ། སྣུམ་བག་གི་བར་གསེབ་ཏུ་ཐར་ཐོར་མངོན་པའི་ཁ་དོག་མི་གཅིག་པའི་ཀ་ར་འདྲ་མིན་དེ་དག་ཡིན།

དོ་ནུབ་ཚེ་རིང་མཚོ་ཚང་ལ་མཚོན་ན། ལོ་སར་ཚེས་གཅིག་ལྟར་སྣུམ་བག་ཀ་རའི་སྡེར་ཁ་དེ་ངོ་མི་ཤེས་པའི་མགྲོན་པོ་དག་གི་མདུན་དུ་བསྒྲིགས་འདུག མགྲོན་པོ་དེ་ཚོས་སྣུམ་བག་ཐོག་གི་ཀ་ར་ཐར་ཐོར་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་མཛོ་མོས་ཚྭ་ཆུ་མཐོང་བ་ལྟར་ལྷག་མེད་དུ་ཟོས་པས། ད་ལྟ་ཁོང་ཚོའི་ཉེ་སར་ཀ་ར་བཏུམས་བྱེད་ཀྱི་ཤོག་ཁྲ་ཆུང་ཆུང་ཁ་གང་ག་སར་འཐོར། ངས་ད་གཟོད་ཀ་ར་ནི་ང་ཚོ་བྱིས་པ་ཚོ་ཁོ་ནར་མ་ཡིན་པར་ལོ་ན་ཆེ་བའི་མི་དག་གིས་ཀྱང་ཟ་དགའ་བ་ཤེས།

ཁྱིམ་ཕུག་ཏུ་མཆོད་བཤམས་བྱས་ཡོད་པའི་ཤིང་སྒམ་དེའི་ཐོག་ཏུ་མཆོད་མེ་གསུམ་བསྒྲོན་པས། ཁྱིམ་སྨད་དང་བསྡུར་ན་ཅུང་གསལ་ཞིང་། སྒྲོན་མེའི་འོད་འོག་ཏུ་ཨ་མ་ལྷ་སྒྲོན་དང་ཨ་ཡེ་མཚོ་རྒན་མ་གཉིས་ཀྱིས་ཚེ་རིང་མཚོའི་བག་སྐྲ་སླེ་བཞིན་འདུག བག་སྐྲ་བསླེ་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་ལ། སྐྲ་སླེ་ཤེས་པ་ཙམ་གྱིས་མི་ཆོག་པར་སླེ་མཁན་གྱི་སྤར་ཁ་དང་ལོ་རྟགས་འགྲིག་མིན། མཚན་མ་བཟང་ངན་སོགས་ལ་བརྟག་དགོས། ཨ་ཡེ་མཚོ་རྒན་མ་སྐྲ་སླེའི་ལག་རྩལ་བཟང་བར་མ་ཟད། མཚན་རྟགས་སོགས་བཟང་པོར་བརྩི་བས་ངེད་ཀྱི་སྡེ་བའི་བུ་མོ་སུ་ཞིག་གནས་ལ་འགྲོ་ཁར། ཨ་ཡེ་མཚོ་རྒན་མ་བོས་ཏེ་བག་སྐྲ་བསླེ་རུ་འཇུག་སྲོལ་ཡོད། རྒྱུ་མཚན་དེའི་ཕྱིར། སྡེ་བའི་ནང་གི་བུ་མོ་ཞིག་གནས་ལ་འགྲོ་བ་ཐོས་འཕྲལ། ཨ་ཡེ་མཚོ་རྒན་མས་སྔ་མོ་ནས་འགྲོ་གྲབས་བྱས་ཏེ། ནམ་ཞིག་ཆ་སྐུར་བར་རེ་སྒུག་བྱེད་ཀྱིན་ཡོད། དོན་དུ་ཨ་ཡེ་མཚོ་རྒན་མ་སྐྲ་སླེ་རྒྱུར་དགའ་བར་མ་ཟད་སྐྲ་སླེ་རུ་བོས་ཏེ་མགྲོན་པོར་འགྲོ་རྒྱུར་དེ་བས་དགའ། ངོ་མ་བཤད་ན་ཨ་ཡེ་མཚོ་རྒན་མ་ཁེར་རྐྱང་གི་འཚོ་བར་སུན་སྣང་དང་། རང་ཉིད་ཁོ་ནའི་ཁོར་ཡུག་ལ་དེ་འདྲ་དགའ་པོ་མེད་པ་འདྲ།

ནུབ་མོ་དེར་ཚེ་རིང་མཚོ་ཡ་ཁོག་སྡུག་གིས་གང་ཞིང་། མགོ་བོ་བསྒུར་ནས་མིག་ཆུའི་རྒྱུན་མི་འཆད། མཚམས་རེར་ཁོ་མོའི་འགྲམ་དུ་ཙོག་པའི་ཨ་མ་ལ་འཁང་ར་ཅི་ཐུབ་བྱེད་ཀྱིན་འདུག ཁོ་མོའི་ཨ་མ་གསལ་སྒྲོན་གྱིས་འཇིག་རྟེན་གནས་ལུགས་ཀྱི་སྐད་ཆ་མང་ཙམ་ཞིག་བཤད་ཀྱང་མོ་ལ་གོ་ཚོར་ཅི་ཡང་མི་འདུག གསལ་སྒྲོན་གྱིས“འདི་ལྟར་མ་ངུ་རོགས། མག་པ་ཚང་གི་ཤེས་ན་བློ་བདེ་མོ་མ་རེད”ཅེས་བཤད།

“ང་འདི་འདྲའི་ཐག་རིང་རྒྱུས་མེད་ཅིག་ལ། མི་རྒྱུས་མེད་ཅིག་དང་མཉམ་དུ་འགྲོ་ན་མི་འདོད།”

“བུ་མོ་གནས་ལ་འགྲོ་རྒྱུ་ནི་འཇིག་རྟེན་གྱི་ལུགས་རེད། ཐག་རིང་ཡང་འགྲོ་དགོས། ཁྱོད་ཀྱི་གཉེན་ཐག་ནི་ཨ་ཞང་དང་མག་པ་ཚང་གཉིས་ཀྱིས་གཏམ་པ་བྱས་པ་རེད། དེ་ལ་འགྱུར་ལྡོག་སོང་ན་ཕྱིན་ཆད་ཟློ་རྒྱུ་བཤད་རྒྱུ་ལུང་པ་གང་། འཛིང་རྒྱུ་རྩོད་རྒྱུ་ཁྱིམ་གང་ཡོང་བས་ཅིས་ཀྱང་སེམས་ལ་འཛིན་དགོས། གོ་ཐོས་ལ་ངེད་ཚང་གི་མག་པ་ནི་སྟག་ཤར་དགའ་དགའ་པོ་ཞིག་ཡོད་རབས་གདའ།”

དེ་ལྟར་དཀར་མེའི་འོག་ཏུ་མ་སྨད་གཉིས་ཀྱིས་སྨན་བུ་མོ་གནས་ལ་འགྲོ་རྒྱུ་དེ། བསམ་ལེ་མ་རེད་བསྐོས་ལེ་རེད། བསྐོས་པའི་ལས་ལ་གཟུར་རྒྱུ་མེད་ཞེས་པ་ལྟར་ཕན་ཚུན་མིག་ཆུ་འདོན་རེས་ཀྱིས་སེམས་གསོ་བྱས།

ཡ་གིའི་མཆོད་སྒམ་ཐོག་གི་དཀར་མེ་གསུམ་པོ་མུ་ནས་མུར་འབར་ཞིང་། གསལ་སྒྲོན་གྱི་སྐད་གདངས་ཅུང་དམའ་བའི་གཏམ་གྱིས་རང་གི་བུ་མོ་ཚེ་རིང་མཚོ་ལ་སེམས་གསོ་ཇི་ལྟར་བྱས་ཀྱང་། ཚེ་རིང་མཚོ་ནི་དྲིན་ཆེན་པོའི་བ་ཞིག་བོར་སོང་བའི་བདག་པོ་དང་འདྲ་བར། ཡ་ཐོད་ཀྱི་མིག་ཆུ་མཁུར་མགོ་ནས་བརྒྱུད་དེ། འགྲམ་པའི་མཐའི་མ་ནེ་ནས་ཐུར་དུ་ཟགས་ཤིང་མཐར་གོང་ངའི་ཐོག་ཏུ་ཐིགས། མིག་ཆུ་ཟགས་ཚུལ་དེ་ནི་ཆུ་མིག་ཅིག་སྤང་ཁ་ནས་བརྡོལ་བ་དང་མཚུངས་པར་རྒྱུན་མི་འཆད་ལ། མཚམས་རེར་མུ་ཏིག་གི་ཕྲེང་ཐག་ཆད་པ་བཞིན་ཕྲེང་རྡོག་གཅིག་འཕྲོ་གཉིས་འཕྲོར་ཐོར། དེ་ལྟར་ཚེ་རིང་མཚོ་ཁུ་སིམ་མེར་ཙོག་པུར་བསྡད་དེ་གྲག་འགུལ་ཅི་ཡང་མི་འདུག ཁོ་མོའི་ངུ་ཤུམ་དེས་དོན་ལ་ཁོ་མོར་ཁ་ཏ་བྱེད་མཁན་གྱི་གསལ་སྒྲོན་ཡང་གཟོད་གླགས་མེད་པར་མིག་ཆུ་དབང་མེད་དུ་ཤོར། གསལ་སྒྲོན་གྱི་མཁྲིས་ཀྱི་ཨ་ནེ་མཚོ་རྒན་མས་བཟང་ངན་གྱི་སྐད་ཆ་ཅི་ཡང་མི་བཤད་པར། ལག་གཉིས་ཀྱི་སོར་མོའི་རྩལ་ལས་བྱུང་བའི་སྐྲ་ཡི་ལན་བུ་ཕྲ་མོ་རེ་རེ་བཞིན་བསླེས། འདི་ལྟར་ཁྱིམ་སྟོད་དུ་སྐྱོ་སྣང་གི་ཁམས་ཀྱིས་ཡོངས་སུ་དཀྲིས་པའི་ཁོར་ཡུག་དེ། སྒམ་ཐོག་ཏུ་བསྒྲོན་པའི་འབྲི་མར་ཀོང་བུ་གསུམ་གྱིས་མ་གཏོགས་སུས་ཀྱང་མི་ཚོར་ཏེ། ཁྱིམ་སྨད་དུ་བཟའ་བཏུང་ལ་རོལ་བཞིན་པའི་མགྲོན་པོ་དང་ཁྱིམ་མི་གཞན་དག་ནི་ཧབ་ཆ་དང་དགོད་སྒྲས་ཁེངས་ཤིང་། ཉེ་འབྲེལ་གསར་པ་མེ་དང་འདྲ་ཞེས་པ་ལྟར་དགོད་རྒྱུ་མེད་ཀྱང་དགོད་ཁ་བསླངས་ནས་གཏམ་གྱི་མགོ་རྔ་ཐམས་ཅད་དགོད་སྒྲ་དང་སྐད་སྒྲ་མཐོན་པོས་ཁེངས། ལྷག་ཏུ་ཁྱིམ་སྟོད་ཀྱི་མ་སྨད་གཉིས་ནི་ཉམ་ཆུང་འཁོས་མེད་དུ་གྱུར།

“བསྐོས་པའི་ལས་ལ་ལྡོག་རྒྱུ་མེད་པ་ཆོས་ཉིད་དུ་ཤེས་ཀྱང་། མཐོ་སྒང་གི་བག་མ་ཚོ་རང་གི་ཕ་ས་དྲོན་མོ་དང་གཏན་དུ་འབྲལ་ལ་ཉེ་བའི་ཆེས་མཐའ་མཇུག་གི་མཚན་ཐུན་ནི། འདི་ལྟར་མིག་ཆུ་འབའ་ཡིས་བསྐྱལ་བ་ནི་གཅིག་མཚུངས་རེད”ཅེས་ཨ་ནེ་མཚོ་རྒན་མས་གཞི་ནས་ཁ་གྲགས་ཏེ་མ་བུ་གཉིས་ཀ་ལ་སེམས་གསོ་བྱས།

ཕྱི་ཉིན་ཞོགས་པར། ཤར་སྐྱ་རེངས་ཀྱི་སྐྱ་མདའ་མ་ཕྱེ། སྔོ་རེངས་ཀྱི་སྔ་མདའ་མ་རྒྱུག བྱ་བྱེའུ་ཡི་ཀྱུ་ཀྱུ་མ་གྲག་གོང་། ཚེ་རིང་མཚོས་ཚར་ལྭ་ཕྱི་གཡོགས་ཐེར་མ་རྒྱ་སྨུག་ཅན་སོ་མ་ཞིག་གྱོན་ཞིང་། སྐེད་པར་དངུལ་གྱི་ཆབ་ཕྲ་བྱུ་རུ་དམར་པོ་སུམ་སྒྲིག་ཕྲ་རྒྱན་ཅན་ཞིག་དཀྲིས་ཀྱང་། ཆབ་ཕྲའི་འཁོས་ཆེ་བས་སྐེད་པ་ནས་དཔྱི་རུས་ཐོག་ཏུ་ཁེལ་འདུག མགོ་ལ་གོས་ཆེན་དམར་སྨུག་གིས་གཡོགས་པའི་ཝ་ཞྭ་གྲ་ཡག་ཅིག་གྱོན་ཡོད་པས་ཁ་སྣ་གཉིས་མ་གཏོགས་མིག་དང་དེའི་གོང་གི་དཔྲལ་བ་ནི་གཏན་ནས་མི་མཐོང་། ངེད་ཀྱི་མནའ་མ་གནས་ལ་འགྲོ་བའི་ཉིན་དེར་མགོ་ལ་སྤོས་ཤེལ་སུམ་ཚུགས་འདོགས་སྲོལ་ཡོད་ཅིང་། རང་ལ་མེད་ཀྱང་གཞན་ནས་གཡར་བ་སོགས་ཐབས་བཀོལ་དགོས། ཉིན་མོ་དེར་སྤོས་ཤེལ་འདོགས་པ་ནི་དོན་ལ་ཚེ་རོགས་དང་འགྲོགས་པའི་རྟགས་ཡིན། གནས་ལ་སོང་བ་ནས་མགོ་བཟུང་སྟེ། ཚེ་རོགས་ཚེ་ལས་མ་འདས་བར་དུ་སྤོས་ཤེལ་དེ་རྒྱུན་པར་འདོགས་སྲོལ་ཡོད། ངས་ཚེ་རིང་མཚོས་སྤོས་ཤེལ་འདོགས་པའི་རྣམ་པ་དེ་ཅི་འདྲ་ཞིག་ཡིན་ན་སྙམ་པ་དང་། མ་གཞི་གནས་ལ་འགྲོ་ཉིན་གནའ་འགྲོ་མ་ཚང་མར་ཨ་ཅེ་འབྲུག་མོའི་སྐྱེ་འབྲས་ཐེངས་གཅིག་གཡར་ནས་འོང་ཞེས་བགྲེས་པོ་དག་གིས་བཤད་པས། ངས་ལྷག་ཏུ་ཚེ་རིང་མཚོའི་བྱད་གཟུགས་དག་ཕྲ་ཞིང་ཞིབ་པར་བལྟ་འདོད་སྐྱེས་ཀྱང་།ཝ་ཞྭའི་འོག་ནས་མང་པོ་མི་མཐོང་ཐོག་མགོ་བོ་བསྒུར་བས་དེ་བས་ཀྱང་གང་ཅི་མཐོང་། ལྷ་ས་ནས་ཉོས་སྐད་ཀྱི་རྩིག་ལྷམ་མཐོང་མ་མྱོང་བ་སྤུས་ལེགས་ཤིག་རྐང་ལ་གྱོན་པ་ལྭ་བའི་མཐའ་ཤམ་ནས་མཐོང་ཞིང་། གཟུགས་བོངས་སྔར་ལས་རིང་བའི་སྣང་བ་ཤར། གྲང་ངར་ཆེ་ཡང་ལག་པ་གཡས་པ་རུམ་ཁ་ནས་ཕྱི་རུ་ཕུད་ཅིང་། ཕྱི་རུ་བུད་པའི་ལག་པའི་ཕུ་ཐུང་དཀར་པོ་དེ་རླུང་བུའི་རྡེབ་ཕྱོགས་ལྟར་ལྷབ་ལྷུབ་ཏུ་གཡོ། ལྷབ་ལྷུབ་གཡོ་བའི་བའི་རྣམ་པ་དེ་ནི་སྒོ་ཁར་མཆོད་པའི་བསང་དུད་འཕྱུར་བ་དང་འདྲ་ཞིང་། ཕུ་ཐུང་གི་འགུལ་སྐྱོད་དེ་ནི་ཚེ་རིང་མཚོར་མཚོན་ན་སེམས་གསོ་ཞིག་དང་ཡང་ན་འགྲོ་རོགས་ལྟར་གྱུར།

ཚེ་རིང་མཚོ་སྒ་སྲབ་ཀྱིས་བརྒྱན་པའི་བག་རྟ་གྲོ་གྲོ་དེར་བཞོན་ནས། གཉེན་པོ་ཚོ་དང་མཉམ་དུ་ལམ་ལ་ཆས་སོང་། བག་རྟ་གྲོ་གྲོ་དེའི་རྟ་ཁ་ནི་ཚེ་རིང་མཚོའི་ཨ་ཞང་གིས་ཁྲིད་ཅིང་། ཁོ་མོ་རྟ་ཕོའི་སྒ་གཞོང་དུ་མགོ་བོ་བསྒུར་ཏེ་ཡར་ལ་ཐེངས་གཅིག་ཀྱང་མི་ལྟ་བའི་འགྲོ་ཚུལ་དེ་ནི། གྱེས་བྲལ་གྱི་སྐྱོ་གདུང་བཟོད་མི་ནུས་པར་ངུ་ཤུམ་འཛེར་འཛེར་བྱེད་བཞིན་པ་དང་འདྲ་ཞིང་། ཤུལ་དུ་ལུས་པའི་ཨ་མ་གསལ་སྒྲོན་གྱིས་ཁ་ནས་གསོལ་འདེབས་བྱེད་ཞོར། མིག་ཆུའི་རྒྱུན་མི་འཆད་པར་གདོང་གཞུང་ནས་བཞུར་བཞིན་འདུག གསལ་སྒྲོན་དེ་ལྟར་ངུས་ཚེ་འགྲམ་གྱི་མི་རྣམས་ཀྱི་སེམས་ལའང་བརྗོད་མི་ཤེས་པའི་ཚོར་བ་རེ་སྟེར།

འདི་ལྟར་དྭངས་གཙང་གི་མིག་ཆུ་རུམ་ཁོང་དུ་བཞུར་བཞིན། བོར་མི་ནུས་པའི་རང་ཁྱིམ་དྲོན་མོ་བཙན་གྱིས་བསྐྱུར་ཏེ། འགྲོ་མི་འདོད་པའི་གཞན་ཁྱིམ་ལ་འདོང་བ་ནི། འབྲོག་པའི་བུད་མེད་རེ་རེས་གདོང་དུ་གཏུགས་ཤིང་བརྗོད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་ཟིན་ཐོ་རེ་ཡིན། དོན་ངོ་མར་ཉིན་དེའི་སྐྱོ་གདུང་གི་ཟབ་ཚད་ནི་གནས་འགྲོ་སྲིང་ཆུང་མ་ཚོས་མ་གཏོགས་སུ་ཞིག་གིས་རྟོགས་ཐུབ་བམ།

རྟ་ཕོའི་གོམ་སྒྲ་རིང་ནས་རིང་དུ་གྱེས་ཤིང་། གཉེན་པོ་ཚོ་སྒོ་ཁྱིམ་ཕ་གིའི་ཐད་ན་ཀེར་བའི་རྫ་རི་དམར་པོ་གནམ་ལ་ཟུག་པ་དེའི་མདུན་གྱི་སྤང་རིའི་བར་སྐེད་དུ་འཐེན་པའི་ལམ་ཕྲན་དེ་དེད་ནས་བུད་སོང་། དེ་དུས་ངས་ལུག་ས་བཟང་བའི་རྫ་སྐེད་དུ་ལུག་ཁྱུ་འཚོས་ནས་ཚེ་རིང་མཚོ་གཉེན་པོ་དེ་ཚོ་དང་ལྷན་དུ་རྒྱང་རིང་དུ་གྱེས་ཚུལ་ལ་ཡུན་དུ་ཅེར། དེ་རིང་རྫ་སྐེད་དུ་ངེད་ཀྱི་ལུག་ཁྱུ་མ་གཏོགས་མེད་ལ། ངའི་རྫི་རོགས་བཟང་པོ་དེ་བལྟས་བལྟས་རིག་རིག་ཏུ་གཞན་ཡུལ་ལ་འགྲོ་བའི་རྣམ་པ་དེ་མཐོང་ཚེ། སྙིང་རླུང་ཡོངས་སུ་སྟོད་ལ་འཚང་ཞིང་ཅི་ཞིག་བྱེད་དགོས་པ་ཡང་མ་ཤེས་པར་ཀི་རིང་འགའ་བཏབ། ངས་ཤུགས་ཀྱིས་བཏབ་པའི་ཀི་རིང་དེས། ཚེ་རིང་མཚོའི་ཡུན་རིང་བསྒུར་བའི་མགོ་བོ་དེ་ཡར་ལ་ཐེངས་གཅིག་འགྱོག་ཏུ་བཅུག་ཅིང་། ངའི་ལུག་ཁྱུ་ཡོད་སའི་ཕྱོགས་ལ་བལྟས། ཁོ་མོའི་ངའི་ལུག་ཁྱུ་ཕྱོགས་ལ་བལྟས་ཚུལ་ནི། ང་ལ་ཨ་ལན་ཞིག་སྟེར་འདོད་པ་དང་འདྲ་ཞིང་། ངས་ཇི་ལྟར་མཉན་ཡང་ཁོ་མོས་སྤྲད་པའི་ཨ་ལན་དེ་གཏན་ནས་གོ་མ་ཐུབ། གཉེན་པོའི་རྟ་པ་ཚོ་རི་སྒང་དེ་ནས་ཕར་ཡིབ་གྲབས་བྱེད་ཚེ། ངས་སླར་ཡང་ཀི་སྒྲ་རིང་རྒྱུ་ཐུང་རྒྱུ་མེད་པ་ཞིག་བཏབ། དེ་དུས་ཚེ་རིང་མཚོའི་རྒྱབ་གཟུགས་ནི་ལ་ཉག་དེའི་ཟེ་སྒང་ནས་ཕ་གིའི་རྒྱབ་ཏུ་ཡིབ་ལ་ཉེ། རྒྱབ་གཟུགས་ཡིབ་ལ་ཉེ་བའི་སྐད་ཅིག་དེར་ཁོ་མོས་སླར་ཡང་མགོ་བོ་ཡར་ལ་བཀྱགས་ཏེ་ངའི་ལུག་ཁྱུ་ཕྱོགས་ལ་ཕྱིར་ལྟ་ཐེངས་གཅིག་བྱས་སོང་། ཕྱིར་བལྟས་དེ་ནི་ཚེ་རིང་མཚོས་ཁོ་བོར་བཞག་པའི་ཆེས་མཐའི་གཟུགས་རིས་ཡིན་ལ། ཆེས་མཐའ་མའི་ཨ་ལན་ཡང་ཡིན། གལ་སྲིད་ངས་ཁོ་མོའི་ངོ་གདོང་མཐོང་ཐུབ་ན་ཁོ་མོས་ཆེས་མཐའ་མའི་འཛུམ་ཀོང་དེ་ང་ལ་བསྐྱུར་ཡོད་ངེས་རེད། གལ་སྲིད་ངས་ཁོ་མོའི་ཨ་ལན་དེ་གོ་ཐུབ་ན་དེ་ནི་ཆེས་མཛེས་སྡུག་ལྡན་པའི་སྙིང་གཏམ་ཞིག་ཡིན་ངེས། ཡིན་ནའང་། རྟ་ཕོའི་གོམ་ཁ་རབ་ཏུ་མྱུར་བས་ངས་བསམ་ལོང་དྲན་ལོང་མེད་པར་ཡིད་དུ་འོང་བའི་རྒྱབ་གཟུགས་དེ་དང་། ཕྱི་མིག་དེ་རི་སྒང་དེ་ནས་མི་མཐོང་བར་གྱུར་ཏེ། ཡོད་ཚད་སྟོང་སང་ངེར་གྱུར།

ཡིད་དུ་འོང་བའི་རྒྱབ་གཟུགས་དང་ཕྱི་མིག་དེ་ནི་ང་ལ་དབང་བའི་ཆེས་རྗེས་མའི་མཛེས་སྡུག་གི་རི་མོ་ཞིག་ཡིན་ལ། ཁོ་མོའི་ཕྱི་མིག་གིས་རྩེ་མོ་དགུང་དུ་ཟུག་པའི་རྫ་རི་མཐོན་པོ་དེ་མཐོང་སྲིད་ཅིང་། རྫ་གསེབ་ཏུ་བག་ཡངས་ཀྱིས་འཁོད་པའི་ངའི་ལུག་ཁྱུ་མཐོང་སྲིད་ལ། སྤྲིན་དཀར་གྱི་འདབས་དང་འབྲེལ་བའི་ལུག་ཁྱུའི་བདག་པོའི་ལུས་ངག་ཡིད་བསམ་མཐོང་ཡོད་སྲིད། མཐོང་ཚུལ་དེ་ནི་དྲན་ཤིང་ལས་བརྒྱུས་པའི་ཕྱིར་དྲན་གྱི་རེ་ཞགས་ཡིན་ཞིང་། སེམས་ཁོང་ན་དྲོད་ཀྱིས་བསྙལ་ཅིང་ཡིད་དུ་འོང་བའི་ལུག་རྫིའི་གཏམ་རྒྱུད་སྙན་མོ་དེ་ཡིན། དེ་ནས་བཟུང་ང་ཚེ་རིང་མཚོ་དང་འཕྲད་པའི་སྐལ་བ་མ་ལྡན་ལ། མོ་དང་འབྲེལ་བའི་སྐད་ཆའང་དེ་འདྲ་མང་པོ་ཞིག་གོ་ཐོས་མ་མྱོང་། རྒྱུ་མཚན་ནི་འབྲོག་པ་དང་རོང་བའི་བར་ལ་དེ་འདྲའི་འབྲེལ་གཏུག་གི་སྲོལ་མེད་ལ། འབྲོག་མོ་སྣུམ་གཟན་ཞིག་རོང་མོ་རྩམ་གཟན་ལ་གྱུར་རྗེས། སླར་འབྲོག་སར་ཡོང་ན་སྡེ་བའི་ནང་ལ་མྱི་ཁ་སྣ་ཚོགས་ཡོད་པས། མྱི་ཁ་དེའི་བྲན་དུ་གྱུར་པའི་ཚེ་རིང་མཚོ་ཡུལ་ལ་ལོག་གྲངས་ཧ་ཅང་ཉུང་། ཚེ་རིང་མཚོ་གནས་ལ་སོང་བའི་ལོ་དེའི་སྟོན་ཁར་ང་ཡང་ཕ་ཡུལ་དང་ཁ་བྲལ་ཏེ་ཡུལ་ཚོའི་སློབ་ཆུང་དུ་འགྲིམས།

ཚེ་རིང་མཚོ་ངེད་གཉིས་ལུག་ས་བཟང་བའི་རྫ་སྐེད་དུ་ལུག་ཁྱུ་བསྐྱུར་ནས་ཕ་ཡུལ་དང་གྱེས་ཚུལ་འདྲ་ཡང་། ང་ནི་ཀ་ཁའི་དབྱངས་རྟ་ལ་འཁྱུད་དེ་རིག་གནས་ཀྱི་གོམ་ཁ་བསྐྱོན་པ་དང་ཚེ་རིང་མཚོ་ནི་རིགས་རྒྱུད་བསྲིངས་ཏེ་རོང་བའི་ཨ་མའི་བརྟུལ་ཞུགས་བཟུང་།

ད་ལྟ་ངོ་གནག་པའི་གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད། ངས་འདི་ལྟར་ཕྱིར་དྲན་རེ་རེ་ལས་རང་ཉིད་ཀྱི་བྱིས་དུས་བཙལ་ཐུབ་ལ། བྱིས་དུས་ཀྱི་རང་མདངས་དེ་ནི་དྲི་མ་དང་བྲལ་བའི་མཐོ་སྒང་གི་གཡའ་དག་པའི་ནམ་མཁའ་དང་ཅི་འདྲའི་མཚུངས་ཨང་། བྱིས་དུས་ཀྱི་ལོ་ཟླར་ད་གཟོད་རང་དབང་དང་བདེ་སྐྱིད་ཀྱི་ལང་ཚོ་རྒོད་ཅིང་། བྱིས་དུས་ཀྱི་རྐང་རྗེས་ཁྲོད་དུ་མེ་ཏོག་གི་འཛུམ་མདངས་དང་ལྷད་ཀྱིས་མ་གོས་པའི་རང་ཉིད་ངོ་མ་དེ་ཤུགས་ཀྱིས་མངོན་ཡོང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།