ཉིན་གཅིག་གི་འཆར་གཞི།

ལྷ་དཔལ་ད་ལོ་ཕོ་ལོ་ཉེར་གསུམ་རེད། ལྷ་དཔལ་གྱི་ཨ་ཕས་མཚམས་ལན་རེར་ལྷ་དཔལ་ལ་ཁ་བརྡ་བྱེད་དུས“ཨ་ཕ་ལོ་བཅུ་དྲུག་ཐོག་ནས་གསེར་རྐོ་རུ་སོང་བ་ཡིན།”ཞེས་བཤད་མྱོང་། ལྷ་དཔལ་གྱི་བསམ་པར་ད་ནི་རང་ཉིད་བློ་ཕར་མི་འདྲི་ཞིང་ཟས་མར་མི་སློང་བའི་གསར་རྒོད་ཅིག་ཏུ་ཆགས་ཡོད་སྙམ་ཡང་། དོན་དག་ཅིག་གིས་ལྷ་དཔལ་གྱི་སེམས་ལ་ནམ་རྒྱུན་ན་ཟུག་སྐྱེད་ཀྱིན་ཡོད།

རླངས་འཁོར་གྱིས་དུང་སྒྲ་བར་མེད་དུ་སྒྲོག་བཞིན་བྱ་འཕུར་བ་ལྟར་མདུན་དུ་རྒྱུག་བཞིན་འདུག ལྷ་དཔལ་གྱིས་ཁ་པར་གྱི་ཤེལ་ངོར་ལྟ་ཙམ་བྱས་ཤིང་། སླར་ཡང་ཁ་པར་གྱི་ཁ་བརྒྱབ་ནས་འདུག་སྟེགས་ཀྱི་གཡས་ཕྱོགས་ན་ཡོད་པའི་ཤེལ་སྒོ་ལས་ཕྱི་རོལ་གྱི་ལྗོངས་རྣམ་ལ་ལྟ་ཙམ་བྱེད། རྒྱང་རིང་གི་རི་བོ་དག་ནི་སྨུག་པའི་ཡོལ་བས་བསྒྲིབས་ཏེ་མག་མོག་ཏུ་གྱུར་འདུག ལམ་འགྲམ་དུ་ལྕང་སྡོང་དང་སིལ་སྡོང་གང་མང་ཐར་ཐོར་དུ་སྐྱེས་ཤིང་། སིལ་སྡོང་གི་མེ་ཏོག་ཀྱང་བཞད་འདུག

སྤྱིར་ནམ་རྒྱུན་ཡིན་ན་དུས་ཚིགས་འདིར་སློབ་མ་རྣམས་སློབ་གྲྭར་སོང་ཡོད་ལ། ཕ་མ་རྣམས་ཞོར་ལས་ལ་འགྲོ་བཞིན་པའི་སྐབས་ཡིན་མོད། འོན་ཀྱང་། ད་ལོ་ནད་ཡམས་ཀྱི་དབང་གིས་འདི་དག་ཐམས་ཅད་ཕྱི་སྣུར་མི་བྱེད་ཀ་མེད་བྱུང་།ཕྱི་རོལ་གྱི་ཁོར་ཡུག་ལས་སྨྲ་མི་ཤེས་པའི་སྐྱོ་ཉམས་ཤིག་སྐྱེས་ཡོང་། ཡིན་ནའང་། ལྷ་དཔལ་ལ་མཚོན་ན་དེ་ལ་སྣང་དོགས་མི་འདུག་སྟེ། ལྷ་དཔལ་གྱི་སེམས་པའི་སྦྲང་ཆུང་སྔར་ནས་ཟླ་བ་ལྷ་མོའི་ཕྱོགས་སུ་འཕུར་སོང་།

ཟླ་བ་ལྷ་མོ་དང་ལྷ་དཔལ་ནི་ཆུང་བྱིས་པའི་དུས་ནས་རྩེད་གྲོགས་ཡིན་ལ། ནམ་རྒྱུན་སློབ་གྲྭར་འགྲོ་དུས་སུའང་གཅིག་གིས་གཅིག་ལ་བསྒུགས་ནས་མཉམ་འགྲོ་བྱེད་བཞིན་ཡོད། སྡེ་བའི་ནང་གི་བྱིས་པ་གཞན་དག་གིས་ཁོ་གཉིས་ལ་བཟའ་ཚང་ཆུང་ཆུང་ཞེས་ཀུ་རེའི་ཚུལ་གྱིས་འབོད་ཅིང་། ནམ་རྒྱུན་སྐད་ཆ་དེ་འདྲ་ཐོས་ཚེ་ཟླ་བ་ལྷ་མོའི་ངོ་གདོང་ནི་བྱུ་རུ་ལྟ་བུའི་དམར་པོར་གྱུར་འགྲོ་ལ། ལྷ་དཔལ་གྱིས་ཁ་བ་ལྟ་བུའི་སོ་ཕྲེང་ངོམ་བཞིན་འཛུམ་མདངས་ཤིག་ཕྱུང་བ་ལས་གཞན་ཅི་ཡང་མི་བཤད།

ཁོ་གཉིས་ཀྱི་བརྩེ་བ་ནི་དར་སྐུད་བརྒྱུས་པ་ནང་བཞིན་ལོ་ཟླའི་འཁོར་བསྐྱོད་ཀྱི་གོ་རིམ་ཁྲོད་ནས་ཇེ་དམ་ནས་ཇེ་དམ་དུ་གྱུར། རེ་ཞིག་སློབ་གྲོགས་བློ་བཟང་གིས་ཟླ་བ་ལྷ་མོར་ཐུབ་ཚོད་བྱས་པ་སློབ་གྲོགས་གཞན་དག་གིས་ལྷ་དཔལ་ལ་བཤད་པས་ལྷ་དཔལ་ནི་གཏམ་དེ་ཐོས་མ་ཐག་ཁ་སྤོ་ཁ་ནས་ལངས་ཤིང་། ཞེ་སྤོ་གཏིང་ནས་ལངས་ཏེ་བློ་བཟང་གི་ཐོག་ལ་ཤོར་བ་དང་། བློ་བཟང་ལྷ་དཔལ་ལས་སྟོབས་ཆེ་ཞིང་། གཟུགས་ཀྱང་ལྷ་དཔལ་ལས་རིང་བས་བློ་བཟང་གིས་ལྷ་དཔལ་ལ་ཁ་ཁྲག་སྣ་ཁྲག་ཙ་ར་ར་བཞུར་དུ་བཅུག་སོང་། ཟླ་བ་ལྷ་མོས་རྣམ་པ་དེ་མཐོང་མ་ཐག་སྐད་ཆེན་པོའི་ངུ་ཤུམ་བྱས་ཤིང་། ཉིན་གཉིས་གསུམ་ཞིག་ལ་སེམས་སྡུག་གིས་མནར་ཏེ་མིག་ཟུང་ཡང་དམར་པོར་གྱུར་པ་རེད། མཐོ་འབྲིང་གི་ལོ་རིམ་གསུམ་པ་མཐར་ཕྱིན་རྗེས་ལྷ་དཔལ་པེ་ཅིན་གྱི་སློབ་ཆེན་ཞིག་ཏུ་རྒྱུགས་འཕྲོད་པ་དང་། ཟླ་བ་ལྷ་མོས་ཟི་ལིང་གི་ལག་རྩལ་སློབ་གྲྭ་ཞིག་ལ་མ་གཏོགས་རྒྱུགས་མ་འཕྲོད། མཐོ་གསུམ་གྱི་མཐར་ཕྱིན་མཛད་སྒོ་བསྡུས་པའི་ཉིན་དེར་ཁོ་གཉིས་སློབ་གྲྭའི་ལྟག་རྒྱབ་ཀྱི་སྡོང་ར་དེ་ནས་ཆེས་མཐའ་མཇུག་གི་ངོ་ཐུག་པ་དང་། ཟླ་བ་ལྷ་མོའི་ངོ་གདོང་མཆི་མས་བརླན་ཞིང་ངུ་ངག་གིས་ལྷ་དཔལ་ལ་བཤད་རྒྱུར“ང་ནམ་ཡང་ཁྱོད་དང་ཁ་མི་འབྲལ།”ཞེས་ཟེར་བཞིན་ལྷ་དཔལ་གྱི་སྐེ་ལ་འཁྱུད། “སློབ་ཆེན་མཐར་ཕྱིན་ན་ངས་ཁྱོད་ཆུང་མར་ལེན་ངེས་ཡིན།”ཞེས་ལྷ་དཔལ་གྱིས་ཟླ་བ་ལྷ་མོའི་ནག་ཅིང་སྣུམ་པའི་སྐྲ་ལོར་བྱིལ་བྱིལ་བྱེད་བཞིན་དེ་ལྟར་ཁས་ལེན་བྱིན། ཉིན་དེར་ཁོ་གཉིས་གཅིག་གིས་གཅིག་ལ་འབྲལ་མ་ཕོད་པར་ཡུན་རིང་པོར་ལུས།

དེ་ལྟར་སོ་སོར་ཁ་གྱེས་ན་ཡང་། ཁོ་གཉིས་ནི་ད་དུང་སྐད་འཕྲིན་དང་ཁ་པར་སོགས་ཀྱི་ལམ་ནས་ཕན་ཚུན་ལ་ཉེ་ལམ་གྱི་གནས་ཚུལ་དང་སློབ་སྦྱོང་ཐད་ཀྱི་དཀའ་ཁག དེ་དག་ལས་ཀྱང་གཙོ་ཆེ་བ་ཞིག་ནི་ཕན་ཚུན་ལ་བཅངས་པའི་བརྩེ་བ་དང་མ་འོངས་པའི་འཚོ་བ་སོགས་ལབ་གླེང་བྱས་ཏེ་ཁ་བརྡའི་རྒྱུན་ནི་ཆུ་བོ་བཞིན་དུ་མ་ཆད་པར་ད་བར་དུ་བསྲིངས་ཡོང་བ་རེད།

ལྷ་དཔལ་གྱི་བསམ་པར་ཟི་ལིང་དུ་ཐོན་ཚེ་ཐོག་མར་མགྲོན་ཁང་ཞིག་བླངས་རྗེས་མོར་འབྲེལ་གཏུགས་བྱས་ན་བཟང་ངམ་ཡང་ན་མོ་བོས་རྗེས་མཉམ་དུ་ཟ་མ་ཟ་རུ་སོང་ཞིང་། གོ་སྐབས་བྱུང་ན་མགྲོན་ཁང་ཞིག་བཙལ་ནས······ཧེ་ཧེ། ལྷ་དཔལ་གྱི་སེམས་པ་ནི་རྒྱ་མཚོའི་རྦ་རླབས་ཇི་བཞིན་ཡོམ་ཡོམ་འགུལ་ཏེ་སྐད་ཅིག་ཙམ་ལའང་ལྷོད་ལྷོད་དུ་སྡོད་མི་ཚུགས་པར་གྱུར།

ལྷ་དཔལ་གྱིས་ཁ་པར་ལ་ལྟ་ཞོར། ད་ལྟ་ཕྱི་དྲོའི་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་རེད། རླངས་འཁོར་གཏོང་དུས་ཆུ་ཚོད་གཅིག་ཡས་མས་རེད། ནམ་རྒྱུན་ཡིན་ན་རླངས་འཁོར་ཅི་འདྲའི་དལ་ཡང་ཆུ་ཚོད་གསུམ་གྱིས་ཟི་ལིང་དུ་ཐོན་ངེས། དེས་ན་ཟི་ལིང་ལ་སླེབས་དུས་ཧ་ལམ་ཆུ་ཚོད་བཞི་ཡས་མས་ཡིན་རྒྱུ་རེད། མོ་ཆུ་ཚོད་ལྔའི་ཐོག་ནས་ལས་ཚོགས་གྲོལ་བཞིན་ཡོད་ཟེར། འོ་ན་ཐོག་མར་བོད་མིའི་ཁྲོམ་ལ་འཁོར་དུ་འགྲོ། དེ་ནས་སྨན་ཁང་ཞིག་བཙལ་ཏེ་སྲུང་ཤུབས་ཤིག་ཉོ། དེའི་རྗེས་ནས་མོར་འབྲེལ་གཏུགས་བྱས་ན་ཏན་ཏན་འགྲིག་ཡོད་རྒྱུ་རེད། ཧ་ཧ། ལྷ་དཔལ་གྱིས་དེ་ལྟར་བསམ་བཞིན་ཡིད་ཚིམ་པའི་དགའ་སྤྲོ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས།

ཟི་ལིང་གི་གནམ་གཤིས་ནི་ལུས་སྟོབས་ཞན་པའི་རྒད་པོ་ཞིག་དང་འདྲ་བར་མཐོང་བ་ཙམ་གྱིས་གཉིད་ཁུག་པའི་ཚོར་བ་ཞིག་སྐྱེས་ཡོང་། ལྷ་དཔལ་གྱིས་གླལ་སྒྱིང་ལན་འགའ་བྱེད་ཞོར་རྒྱ་ལམ་འགྲམ་ནས་ཚོང་ཁང་རེ་རེའི་སྒོ་བྱང་ལ་ལྟ་བཞིན་མདུན་དུ་སོང་། ལྷ་དཔལ་གྱི་བསམ་པར་ནམ་རྒྱུན་ཡིན་ན་ཡུལ་གང་དུ་སོང་རུང་ལམ་འགྲོ་བའི་ཁྲོད་ནས་བོད་པ་དག་ངོས་འཛིན་པ་ཅུང་སླ་མོ་འདུག་སྟེ། ལག་ཏུ་ཕྲེང་བ་བཟུང་བ་དང་། གདོང་གི་ཤ་མདངས་ཅུང་དམར་ནག་ཡིན་པ་སོགས་ཀྱིས་བལྟས་པ་ཙམ་གྱིས་བོད་པ་ཡིན་པ་ཤེས་ཐུབ་མོད། འོན་ཀྱང་། ད་ལྟ་ནད་ཡམས་ཀྱི་དབང་གིས་མི་ཡོངས་ཀྱིས་ཁ་ཐུམ་བརྒྱབ་ཡོད་པས་དབྱེ་བ་དེ་གསལ་པོ་ཞིག་འབྱེད་མི་ཐུབ། ཡུད་ཙམ་འགོར་རྗེས། སྨན་ཁང་ཞིག་གི་སྒོ་ཁར་ལྷ་དཔལ་གྱིས་གོམ་པའི་སྤོ་མཚམས་བཞག་ཅིང་། ཤེལ་སྒོ་ལས་སྨན་ཁང་ནང་ལ་ཡུད་ཙམ་བལྟས་མོད།ཉོ་མཁན་གཞན་མེད་པ་མཐོང་འཕྲལ་ཁོ་རང་དེ་མ་ཐག་ནང་དུ་འཛུལ་ནས་སྨན་ཉོ་སར་ལངས་ཏེ་མིག་གིས་ཡར་ལྟ་མར་ལྟ་བྱས།

“གསར་བུ། ཁྱོད་ལ་སྨན་ཅི་ཞིག་མཁོ།”ལྭ་རིང་དཀར་པོ་གྱོན་པའི་བུད་མེད་ཅིག་གིས་ལྷ་དཔལ་ལ་དེ་ལྟར་དྲིས།

“འོ······ང་ལ······སྲུང་ཤུབས་ཡོད་དམ།” ལྷ་དཔལ་གྱིས་ངག་ཏིག་བཞིན་ལན་བྱིན།

“སྲུང་ཤུབས་ཡོད། སྒོར་མོ་བཞི་བཅུ་ཡིན།”

“འོ······དེ་ལས་རིན་གོང་སླ་མོ་ཡོད་དམ།”ལྷ་དཔལ་གྱི་བསམ་པར་སྲུང་ཤུབས་ལ་རིན་གོང་དེ་འདྲ་མཐོ་བ་ཅི་ཡིན་ནམ། ཐེངས་གཅིག་ལ་མ་གཏོགས་བཀོལ་མི་ཆོག་པ་དེའི་རིན་གོང་འདི་འདྲའི་མཐོན་པོ་ཞིག སྒོར་མོ་བཞི་བཅུས་ངས་འཐེན་ཐུག་དཀར་ཡོལ་བཞི་འཐུང་ཆོག་གི་ཞེས་སྲུང་ཤུབས་ཀྱི་རིན་གོང་མཐོ་བ་ལ་འཁང་ར་བྱས།

མཐར་ལྷ་དཔལ་གྱིས་སྒོར་ཉེར་བདུན་ཅན་གྱི་སྲུང་ཤུབས་ཤིག་ཉོས་ཏེ་རྐང་སྣམ་གྱི་ཁུག་མ་གཏིང་ཞིང་ཆེ་བ་ཞིག་ཏུ་བཅུག་རྗེས་སྔར་ཡོང་སའི་ལམ་དེད་དེ་ཕྱིར་ལོག

“ང་ཟི་ལིང་དུ་སླེབས་ཡོད། ཁྱོད་གང་དུ་ཡོད།”ལྷ་དཔལ་གྱི་ཧ་ཅང་དགའ་བའི་ངག་གིས་ཁ་པར་ལས་ཕ་རོལ་གྱི་ཟླ་བ་ལྷ་མོར་འཚམས་འདྲི་བྱས།

ཟླ་བ་ལྷ་མོས་སྐད་དེར་མཉན་མ་ཐག་མི་དེ་ལྷ་དཔལ་ཡིན་པ་ཚོར་ནས།“ཁྱོད་ཡོད་སའི་ས་གནས་ང་ལ་ཤོད་དང་། ངས་རླངས་འཁོར་བསྐོར་ནས་ཁྱོད་ཡོད་སར་ཡོང་།”ཞེས་བྲེལ་འཚུབ་ངང་ལན་བྱིན།

“ཁྱོད་ཀྱིས་ཐེངས་སྔོན་མར་ང་ལ་རླངས་འཁོར་བསྐོར་ཆོག་པའི་དཔང་ཡིག་བླངས་ཡོད་པ་མ་གཏོགས་རླངས་འཁོར་ཉོས་ཡོད་ཚུལ་བཤད་མ་མྱོང”ལྷ་དཔལ་གྱིས་དེ་ལྟར་དྲིས།

“ཧ་ཧ། ཨ་ཅེའི་རླངས་འཁོར་ངས་མི་བསྐོར་བར་སུས་བསྐོར་རམ།”ཟླ་བ་ལྷ་མོས་ལྷ་དཔལ་ལ་དེ་ལྟར་ལན་བྱིན།

“ཧ་ཧ།”

“ང་ད་ལྟ་བོད་མིའི་ཁྲོམ་ར་ན་ཡོད། རླངས་འཁོར་འབབ་ཚུགས་ཀྱི་སྒོ་ཁ་ནས་ངེད་གཉིས་ངོ་ཐུག”

རླངས་འཁོར་འབབ་ཚུགས་ཀྱི་མདུན་ནི་བཞི་མདོ་ཞིག་ཡིན་ལ། ནམ་རྒྱུན་རླངས་འཁོར་གང་མང་ཞིག་ལམ་དེ་བརྒྱུད་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། བོད་མིའི་ཁྲོམ་ར་ནས་བཞི་མདོ་དེར་རྐང་ཐང་ལ་སོང་ན་སྐར་མ་བཅོ་ལྔས་བསླེབ་ཐུབ།“རླངས་འཁོར་སྐོར་དུས་སེམས་ཆུང་བྱོས།”ལྷ་དཔལ་གྱིས་ཅུང་གཟབ་ནན་གྱིས་དེ་ལྟར་བཤད།“ཤེས་སོང་། ཅུང་ཙམ་ནས་ངོ་ཐུག”ཅེས་ཟླ་བ་ལྷ་མོས་གཅེས་སློང་བའི་ཚུལ་གྱིས་ལན་འདེབས་བཞིན་ཁ་པར་གྱི་ཁ་གཏན་ཞིང་རླངས་འཁོར་གྱི་སྣུམ་སྒོ་ཆེ་རུ་ཕྱེ་ཞིང་འགྲོས་ཚད་ཇེ་མགྱོགས་སུ་བཏང་སྟེ་ཁོ་མོ་དང་ལྷ་དཔལ་དུས་བཅད་བྱས་པའི་རླངས་འཁོར་འབབ་ཚུགས་ཀྱི་ཕྱོགས་སུ་བསྐྱོད།

ལྷ་དཔལ་གྱི་སེམས་པ་ནི་མི་འགྱངས་པར་ཟླ་བ་ལྷ་མོ་དང་ངོ་འཕྲད་ཐུབ་པའི་དགའ་སྤྲོས་ཡོངས་སུ་ཁེངས་ཡོད་ལ། དགའ་སྤྲོ་དེ་ནི་འདོགས་ཐག་ལས་ཤོར་བའི་རྟ་ཕོ་ཞིག་མཐའ་ཡས་པའི་རྩྭ་ཐང་དུ་ཅི་དགར་བང་གིས་རྒྱུག་པ་དང་མཚུངས་ཤིང་། ཐང་དཀར་རྒོད་པོས་འབྱམས་ཀླས་པའི་མཁའ་དབྱིངས་སུ་གནམ་འཕང་གཅོད་པ་དང་ཡང་འདྲ། སེམས་པ་དགའ་སྤྲོས་བརྟས་པ་དང་ལྷན་དུ་ལྷ་དཔལ་གྱི་གོམ་པ་སྤོ་ཚད་ཡང་ཇེ་མགྱོགས་སུ་གྱུར་ཅིང་། འགྲོ་ཞོར་དུ་ལྷ་དཔལ་གྱི་གདོང་ནས་ལན་རེར་འཛུམ་མདངས་ཤིག་ཀྱང་གློ་བུར་དུ་མངོན་ཡོང་།

ལྷ་དཔལ་རླངས་འཁོར་འབབ་ཚུགས་མདུན་གྱི་བཞི་མདོའི་སྣེ་མོར་སླེབས་ཡོད་མོད། འོན་ཀྱང་། ཁོས་མ་ཚོར་བ་འདྲ། ཁོའི་གདོང་ན་འཛུམ་ཞིག་རྒྱས་ཤིང་མིག་གིས་རྐང་པའི་སྔུན་ལ་ཅེར་ཏེ་ད་དུང་མདུན་དུ་འགྲོ་བཞིན་མཆིས། མགོ་བོ་ཡར་འཇོག་ཙམ་བྱས་ཏེ་མདུན་དུ་ལྟ་དུས་རྒྱ་ལམ་གྱི་ཕ་གིའི་གློག་སྡོང་ལས་གློག་དམར་པོ་ཁྲག་ལས་དམར་བ་ཞིག་ཤར་ཡོད་ལ། དེ་མ་ཐག་རླངས་འཁོར་གྱི་ཙིར་སྒྲ་ཞིག་གྲགས་པ་དང་མཉམ་དུ་ལུས་ཀྱི་ཆ་ཤས་གང་ཞིག་ཚ་དབལ་དབལ་དུ་གྱུར་ཅིང་། རྐང་པ་གཉིས་ལས་ན་ཟུག་བཟོད་གླགས་བྲལ་བ་ཞིག་སྐྱེས་ཏེ་ཁོ་རང་ལམ་དཀྱིལ་ནས་དྲན་མེད་དུ་བརྒྱལ། ལམ་འགྲོ་པ་དག་གིས་སྦྲང་ནག་ཤ་ལ་འཁོར་བ་ཇི་བཞིན་ལྷ་དཔལ་གྱི་མཐའ་ནས་བསྐོར་ཅིང་ཡུལ་དངོས་ཀྱི་རྣམ་པ་ཟང་ཟིང་ལང་ལོང་ཞིག་ཏུ་བསྒྱུར། སྐབས་དེར། ལྷ་དཔལ་ལ་རྡུང་མཁན་གྱི་རླངས་འཁོར་ལས་ལོ་ན་གཞོན་པའི་བུ་མོ་ཞིག་ལུས་པོ་འདར་སིག་སིག་བྱེད་བཞིན་མར་བབས་ཤིང་། ཁ་གདངས་ཤིང་མིག་བགྲད་ནས་ཁྲག་གིས་བརྫིས་པའི་ལྷ་དཔལ་མཐོང་མ་ཐག ཤིང་སྡོང་ས་ལ་འགྱེལ་བ་བཞིན་སར་ལོག་ཡོད་པའི་ལྷ་དཔལ་གྱི་གན་དུ་སོང་ནས་དཀྲུགས་འཐེན་བྱེད་ཞོར་ཆོ་ངེ་བཏབ། ཅི་བྱ་གཏོལ་མེད་དུ་གྱུར་ནས“སྲོག་སྐྱོབ་ཡ། སྲོག་སྐྱོབ”ཅེས་མཐའ་འཁོར་དུ་ཡོད་པའི་མི་ཚོགས་ལ་ཕྱོགས་ནས་སྐད་བརྒྱབ། སླར་ཡང་ལྷ་དཔལ་གྱི་ཁོག་སྟོད་བསྐྱོར་ཙམ་བྱེད་ཞོར“ཁྱོད་ཀྱིས་མིག་ཕྱེ་དང་། ང་ཡིན་ཡ། ང་ལྷ་མོ་ཡིན།”ཞེས་སྐད་ཆེན་པོས་ངུ་ཤུམ་བྱས། ཅུང་ཙམ་འགོར་རྗེས་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་དང་སྤྱི་བདེ་མི་སྣའི་རླངས་འཁོར་ཡུལ་དངོས་སུ་སླེབས་ནས་ལྷ་དཔལ་སྨན་ཁང་དུ་བསྐྱལ་ཅིང་། སྤྱི་བདེ་མི་སྣས་ཟླ་བ་ལྷ་མོ་སྤྱི་བདེ་ལས་ཁུངས་སུ་ཁྲིད།

“སྟབས་ལེགས་པ་ཞིག་ལ་སྲོག་ལ་ཉེན་ཁ་མི་འདུག འོན་ཀྱང་། རྐང་པ་ཡ་གཅིག་སྲུང་ཐུབ་མ་སོང་། དགོངས་པ་མ་ཚོམ།”ཞེས་སྨན་བཅོས་བྱེད་མཁན་གྱི་སྨན་པས་དེ་ལྟར་ལྷ་དཔལ་གྱི་ཨ་ཕར་བཤད། གཏམ་དེ་ཐོས་མ་ཐག་ལྷ་དཔལ་གྱི་ཨ་ཕ་ནི་མིག་ཆུ་དབང་མེད་དུ་ཤོར་ཞིང་ཁ་ཤ་འདར་ཙམ་བྱས་ཏེ་ལུས་ཡོམ་ཡོམ་པོར་གྱུར།

ལྷ་དཔལ་ལ་ད་དུང་ནད་ཁང་གི་མལ་ཁྲིའི་ཐོག་ཏུ་སྨན་ཁབ་བརྒྱབ་ཡོད་ལ། དྲན་པ་ཡང་སོས་མི་འདུག

“སྙིང་མ་རྗེ། འདི་མོ་ལོ་ཆུང་ཆུང་ཞིག་ནས་རྐང་པ་མེད་ན་ད་རྗེས་ཕྱོགས་ཅི་བྱེད་དམ།······སྙིང་མ་རྗེ། སྐྱབས་དཀོན་མཆོག་གསུམ་པོས་མཁྱེན།”ནད་ཁང་གི་སྒོ་ཁར་ཚོགས་ཡོད་པའི་མི་ཚོགས་ཀྱི་ཁྲོད་ནས་རྒན་མོ་ཞིག་གིས་མ་ཎི་འདོན་མཚམས་བཞག་སྟེ་དེ་ལྟར་བཤད། དེ་མ་ཐག་མི་ཚོགས་ཀྱི་ཁྲོད་ནས་ལོ་ན་བགྲེས་པའི་རྒད་པོ་ཞིག་གིས“འོ་ལེ། འོ་ལེ། ལྷ་དཔལ་འདི་བྱིས་པ་ཡ་རབས་ཤིག་ཡིན་ཡ”ཡིད་ཕངས་པའི་ཉམས་ཀྱིས་དེ་ལྟར་བཤད།“གོ་ཐོས་ལྟར་ན་ཟླ་བ་ལྷ་མོར་ལོ་གཉིས་ཀྱི་ཁྲིམས་ཆད་གཅོད་རྒྱུ་རེད་ཟེར” ལོ་ན་གཞོན་པའི་སྐྱེས་པ་ཞིག་གིས་དེ་ལྟར་བཤད་པ་ན། མི་ཚོགས་ཡོངས་འུར་ཟིང་ངེར་གྱུར་ཅིང་། ལྷ་དཔལ་གྱི་ཨ་ཕ་དང་ཟླ་བ་ལྷ་མོའི་ཕ་མ་བཅས་ནི་ཁུ་སིམ་མེར་ལུས། སྒེའུ་ཁུང་ཕྱི་རོལ་གྱི་གནམ་ངོར་སྔར་ལས་ལྷག་པའི་སྤྲིན་ནག་འཁྲིགས་ཏེ་ཁོར་ཡུག་ཀུན་རབ་རབ་ཅིག་ཏུ་བཏང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།