ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་སློང་མོ་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​འཕགས་པ་འབྲོང་།   སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚན་མོ་དེ་ནས་བཟུང་། སྐྱ་ཀ་ཡག་མོས་བསྐུར་ཡུལ་མེད་པའི་འཕྲིན་ཡིག་འབྲི་མཚམས་བཞག་བྱུང་ལ། ཁོའི་མདུན་གྱི་ཤོག་བྱང་སྟེང་གི་སྐད་ཆ་བཞི་པོ་དེའང་སྐད་ཆ་གཅིག་ཏུ་གྱུར། འགྱུར་མེད་པ་གཅིག་པུ་ནི་ཇོ་ཁང་མདུན་གྱི་བསང་ཁུང་ནས་འཕུར་ཡོང་བའི་ཕུག་རོན་དེ་དག་གི་གཤོག་སྒྲ་རེད།

མི་རྣམས་ཀྱིས་ད་ལོའི་སྟོན་ཁ་ནི་ཁ་ཆར་ལ་སྨོན་པའི་དུས་ཚིགས་ཤིག་རེད་ཟེར། ཁོ་ཚོས་དེ་ལྟར་བརྗོད་པར་གནས་ལུགས་གཏན་ནས་མེད་པ་མིན་ཏེ། ཟླ་བརྒྱད་པའི་ཟླ་སྟོད་དུ་དོར་ཐུང་དང་སྟོད་ཐུང་ཕུ་མེད་སོགས་དབྱར་ལྭ་སྲབ་མོ་དག་གྱོན་ཀྱང་གྲང་བའི་སྣང་བ་སྤུ་ཙམ་མི་སྟེར་མོད། ཟླ་སྨད་དུ་ནམ་ཟླ་གློ་བུར་ཇེ་འཁྱག་ཏུ་གྱུར་ཏེ་ཁ་ཆར་འདྲེས་མ་མཚམས་མེད་དུ་བབས་པས་དགུན་རྒྱ་སྟག་འདྲ་པོ་མཆོངས་ནས་ཐོན་བྱུང་བ་འདྲ། རི་བོ་མཐོན་པོ་དག་གི་རྩེ་མོ་ཁ་བས་བཟུང་ཞིང་རི་སྐེད་དུ་ཁངས་སྨུག་དུམ་བུ་དུམ་བུར་ཆད་དེ་ཆགས་འདུག རྒྱང་ནས་བལྟས་ན་སྨ་ར་སེ་བོ་ཅན་གྱི་བགྲེས་པོ་ཡུལ་གྱར་པ་ཞིག་གིས་ཕྱིང་ཞྭ་རྙིང་པ་ཞིག་གྱོན་ཏེ་གྲོང་ཁྱེར་གྱི་འདུ་འཛིར་གཡེང་ནས་ཡོད་པ་དང་ཧ་ཅང་མཚུངས།

མིའི་རིགས་ཀྱི་ཆེས་མཇུག་མཐའི་བསམ་པའི་འབབ་སྟེགས་ལྟ་བུའི་ལྷ་སའི་བར་སྐོར་གླིང་དུ་མི་རེ་རེས་རང་ཉིད་ཁོ་ནར་དབང་བའི་གཏམ་རྒྱུད་དང་འདུན་མ་རེ་ཁྱེར་ནས་ཐོན་ཡོད།སྐོར་ལམ་ཀྱག་ཀྱོག་དེ་བགྲེས་པོ་བདག་མེད་ཅིག་གི་དཔུང་པ་སྐམ་རིད་དེ་དང་འདྲ་བར་ངལ་དུབ་ཀྱིས་གདུངས་ཏེ་མཇལ་བ་ཚོའི་རྐང་ཞབས་སུ་གན་རྐྱལ་དུ་བསྣར་ཡོད།འདུ་འཛི་རབ་ཏུ་རྒོད་པའི་སྐོར་ལམ་འདིའི་བྲང་གཞུང་དུ་རྡོག་བྲོ་འཁྲབ་མཁན་ནི་འཆི་བའི་སྒོ་འགྲམ་གྱི་ལོ་ལོན་རྒས་འཁོགས་འགའ་རེ་ཙམ་ག་ལ་ཡིན།འདི་རུ་ཚེ་གང་གི་བསགས་པ་ཡོད་ཚད་ཇོ་བོའི་མདུན་དུ་སྐྱེལ་བའི་དད་ལྡན་པ་ལས་གཞན།འདུ་འཛི་ལོངས་སུ་སྤྱོད་མཁན་དང་འུར་ཟིང་ལ་ཆགས་མཁན།རྣམ་ཤེས་འཚོལ་བའི་སྨྱོན་པ་དང་འཇིག་རྟེན་རྫུན་མར་བསྒྱུར་བའི་རྩོམ་པ་པོ།འཁོར་བའི་མཚོན་དོན་ལྟ་བུའི་དྭ་ཕྲུག་དང་སྨད་འཚོང་མ།ད་དུང་བླ་མ་དང་ཤན་པ།བོད་ཀྱི་ར་ལོ་དང་རྒྱའི་ཨQསོགས་ཅི་རིགས་ཡོད་ལ།ཐ་ན་དེའི་ཁྲོད་དུ་དུད་འགྲོའི་རིགས་ཀྱང་ཡོད་དེ།གཙུག་ལག་ཁང་གི་བསང་རྫས་ཟ་བའི་གསོ་ལུག་གསུམ་དང་།ཇོ་ཁང་གི་ལྷ་བཤོས་རྐུ་བའི་ཧཱ་པ་གཉིས་ཀྱིས་ཀྱང་མི་ཚོགས་ཀྱི་གསེང་དུ་གོམ་པའི་འདེགས་འཇོག་སྒྱུར་གྱིན་ཡོད།

འོན་ཀྱང་ལྷ་སའི་བར་སྐོར་ཞེས་གླེང་མ་ཐག་ཀུན་གྱི་ཡིད་ངོར་གསལ་ལྷང་ངེར་ཤར་འོང་བའི་སྣང་བརྙན་ནི་གོང་གི་འདི་དག་མིན་པར་ལྷ་སའི་སྤྲང་པོའི་ཚོགས་ཀྱི་ངོ་གདོང་ཡིན་པ་གདོན་མི་ཟ།ཁོ་ཚོའི་གྲས་ཀྱི་ལ་ལ་ནི་སྤྲང་པོ་ཞིག་རེད་ཟེར་བ་ལས་སྒྱུ་རྩལ་པ་ཆེན་མོ་ཞིག་རེད་ཟེར་ན་ཚུལ་མཐུན་ཡིན་པ་འདྲ།རྒྱབ་ཁུག་རྙིང་པ་ཁུར་པའི་གསར་བུ་དེས་རྔུལ་ཆུ་ནག་པོ་ཞིག་སྣ་རྩེ་རུ་དྲུད་དེ།བརྐྱངས་ཕྱག་མེ་ཏོག་མ་འཚལ་ཞོར་ངག་ནས་མ་ཎི་དབྱངས་སུ་གྱེར་སྟངས་དེས་སྐོར་ལམ་གྱི་མཇལ་བ་དང་ལྟ་སྐོར་བ་སོགས་ཕོ་མོ་རྒན་གཞོན་ཀུན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་ཕྲོགས།ཁོའི་ངག་གི་འགྱུར་ཁུགས་དང་ལུས་ཀྱི་ཉམས་དེས་སྐྱེ་འགྲོ་ཀུན་གྱི་སེམས་སུ་ཡིད་ཆེས་དང་བདེ་བ།སྟོབས་ཤུགས་དང་བརྩེ་བ་བརྗོད་མི་ནུས་པ་ཞིག་སྟེར་ཐུབ།སྐོར་མཐའི་རྡོ་གཅལ་ཐང་དུ་རྒད་པོ་ཞིག་དང་གཞོན་ནུ་ཞིག་གིས་དོང་ཙེ་འཕེན་སའི་ཤོག་སྒམ་ཆུང་ཆུང་ཞིག་ལ་འགྱིག་གི་ཕྱི་ཐུམ་བརྒྱབ་ནས་རང་རང་གི་མདུན་དུ་བཞག་སྟེ་རྡུང་ལེན་དང་གླུ་དབྱངས་ལེན་གྱིན་འདུག ཕྱི་གླིང་པ་དང་ནང་ལོགས་ཀྱི་རྒྱ་མི།བོད་ཀྱི་བྱིས་པ་དང་བུད་མེད་སོགས་མི་མི་ཉུང་བ་ཞིག་དེར་འཚོགས་ནས་ཁོ་ཚོའི་སྒྱུ་རྩལ་འཁྲབ་སྟོན་ལ་མྱོང་རོལ་བྱེད་བཞིན་ཡོད།གཞོན་ནུ་དེས《རི་དྭགས་སྐྱོ་གླུ》ལེན་བཞིན་ཡོད་ལ།རྒད་པོ་དེས《མི་རྟག་དྲན་པའི་གསུང་མགུར》ལེན་བཞིན་པར་མཉན་ན་ཁོ་གཉིས་ནི་མདོ་སྨད་ནས་ཡིན་པ་འདྲ།མི་ཚོགས་ཀྱི་ཀློང་ནས་མཇལ་བ་ལ་ལས་ཁོ་ཚོའི་གླུ་སྐད་ལ་ཉན་བཞིན་ཁུ་སིམ་མེར་མིག་ཆུ་གཏོང་གིན་པར་བལྟས་ན་གླུ་གཞས་འདིས་མི་མང་པོ་ཞིག་གི་ནང་སེམས་ཀྱི་གཉོམ་སར་རེག་ཐུབ་ཀྱིན་པ་བསྙོན་མེད་རེད།དེ་ལས་གཞན་ད་རུང་རྡོ་གཅལ་དུ་རི་མོ་དང་ཡིག་གཟུགས་འབྲི་མཁན།སྐོར་མཐའ་ནས་ཉི་མར་ལྡེ་མཁན་དང་མི་ཚོགས་ལ་གཡེང་མཁན་སོགས་སྤྲང་པོ་འདྲ་མིན་སྣ་ཚོགས་ཡོད།ཡིན་ཡང་།ཁོ་ཚོ་ཚང་མ་འཚོ་གནས་ཀྱི་ཆེད་དུ་འདི་རུ་ཐོན་པ་འདྲ་འདྲ་རེད།

དེ་དག་ལས་ཅུང་མི་འདྲ་བ་ནི་མི་ཚོགས་ཀྱི་མཐའ་རུ་བུད་དེ་ཁེར་བུར་བསྡད་ཡོད་པའི་བགྲེས་པོ་དེ་རེད།བགྲེས་པོ་དེ་ནི་ཕར་བལྟས་ན་སེམས་སུ་དོན་དག་མང་པོ་ཞིག་སྦས་ལོས་ཡོད་སྙམ་པའི་ཚོར་བ་སྟེར།ཁོས་བོད་ལུགས་ཀྱི་ཚི་ལེན་དཀར་པོ་ཞིག་དང་ནུབ་ལུགས་ཀྱི་རྐང་སྣམ་ནག་པོ་ཞིག་གྱོན་འདུག་ལ།དེའི་སྟེང་དུ་སློག་ཚར་ལྗང་སེར་ཞིག་གཡང་ལུགས་སུ་གྱོན་ཡོད།ཚི་ལེན་དཀར་པོ་དེའི་ཁ་དོག་ཚི་དྲེག་གིས་ཟིན་དྲགས་པས་དཀར་པོ་ཞིག་ཡིན་ཟེར་ན་དོགས་པ་མི་ཟ་མཁན་ཧ་ལམ་མེད་ཚོད་རེད།ཚི་ལེན་གྱི་གོང་ཁ་དང་ཕུར་ཁ་རལ་ནས་ལ་ཁའི་དར་ལྕེ་ལྟ་བུར་གྱུར་ཡོད་ལ།རྐང་སྣམ་ནག་པོ་དེས་ལོ་ཟླའི་ཆུ་ཀླུང་ཆེན་པོ་ག་ཚོད་ཅིག་བརྒལ་ཡོད་པ་བཤད་དཀའ་མོད།ཁ་དོག་ནག་པོ་ལ་དམར་ཞད་འདྲེས་ཡོད་པ་དང་པུས་མོ་གཉིས་ཀྱི་མཚམས་རལ་ནས་བུ་ག་ཆེན་པོ་གཉིས་རྡོལ་འདུག་པ་ལས་ཁོའི་པུས་མོའི་འཕང་ལོ་གཉིས་ཀྱང་མཐོང་ཐུབ་པར་བལྟས་ན།ཁོས་རྐང་སྣམ་དེ་གྱོན་ནས་དུས་ཡུན་ཐུང་ཐུང་ཞིག་མིན་པ་རིགས་པས་དཔག་ཐུབ།གཡང་ལུགས་སུ་གྱོན་པའི་སློག་ཚར་དེ་ནི་མཇལ་བ་ཞིག་གིས་ཉིན་འགའི་སྔོན་ལ་ནམ་ཟླ་ཇེ་འཁྱག་ཏུ་གྱུར་པས་སེམས་ཀྱིས་མ་བཟོད་པར་ཁོ་ལ་བྱིན་པ་རེད།དེ་ནི་གྱོན་ནས་ཅང་མ་འགོར་བའི་སློག་ཚར་ཐོག་བབས་ཤིག་ཡིན་པ་ཕར་བལྟས་ཚོད་ཀྱིས་ཤེས་ཐུབ།ཆུ་གཉེར་གྱི་ཕུང་པོ་དུ་མ་ཞིག་འཕྲེད་དུ་བརྩིགས་འདྲའི་སྨུག་ནག་གི་ངོ་གདོང་དུ་མཁུར་ཟུང་གི་རུས་པས་སྐྱི་པགས་བརྟོལ་ལ་ཁད་བྱེད་ཀྱིན་འདུག་ལ།དེའི་གོང་གི་མིག་ཟུང་ནི་མིག་སྒམ་གྱི་གཏིང་རོལ་ན་ཉམ་ཆུང་གིས་ཁྲ་རིལ་རིལ་དུ་འགུལ་གྱིན་འདུག་པ་མཐོང་།མཚམས་རེར་ལག་གཡས་པའི་དཀྱིལ་མཛུབ་ཀྱིས་མིག་ཟུང་ཕུར་ཕུར་འགའ་བྱས་རྗེས་ནག་དྲེག་ཆགས་པའི་སེན་མོ་རིང་པོ་དེས་མིག་མཐའི་མིག་སྐྱག་འབྱིད་ཀྱིན་འདུག ཁོའི་མདུན་གྱི་ཤོག་བྱང་སྟེང་དུ་གཤམ་གྱི་སྐད་ཆ་འདི་དག་བྲིས་ཡོད།

“ང་སྤྲང་པོ་མིན།ང་སློང་མོ་པ་ཡིན།ངས་རང་ཁྱིམ་འཚོལ་གྱིན་ཡོད།ངའི་མིང་ལ་སྐྱ་ཀ་ཡག་མོ་ཟེར།ང་ལ་གཙང་པོ་བདེ་སྐྱིད་ཟེར་བའི་བུ་མོ་ཞིག་ཡོད།གནས་ཚུལ་འདི་ཤེས་མ་ཐག་ཡར་མར་ལ་བཤད་རྒྱུ་ཐུགས་འཇགས་འཚལ།”

ཁོས་མདུན་ཕྱོགས་ཀྱི་ཡུལ་ག་གེ་མོ་ཞིག་ལ་མིག་གིས་རིག་རིག་ཏུ་ལྟ་བཞིན་མཆུ་ཏོ་མདོང་མདོང་བྱས་ཏེ་དབུགས་ཁོག་ཏུ་བརྔུབས་ནས་ཅི་ཞིག་བཤད་རྩིས་བྱས་མོད་སྔར་བཞིན་ངག་མ་ཁྲོལ།ཁོས་ཅི་ཞིག་ལ་ལྟ་བཞིན་ཡོད་དམ།ཁོའི་མིག་གི་དྲང་ཐད་དུ་ཕུག་རོན་འགའ་མི་ཚོགས་ཀྱི་འགྲོ་ལམ་དུ་བབས་ནས་མགོ་བོ་ལྡེམ་ལྡེམ་བྱེད་བཞིན་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད་ལ།མི་ཚོགས་ཀྱི་རྐང་པ་མང་པོས་ཁོ་ཚོའི་རྒུམ་བུ་བརླགས་སོང་བས་ཡིན་ནམ།ཕུག་རོན་དག་གློ་བུར་དུ་གནས་གཅིག་ནས་ཐེངས་འགར་འཁོར་ཏེ་འཕུར་འགྲོ། ཁོས་དེ་ཚོར་ཞིབ་ཏུ་ལྟ་བཞིན་ཡོད།མིན་ཏེ།ཁོས་དེ་ཚོའི་ལྟག་རྒྱབ་དང་ཕོ་ཞབས་ལ་གཟབ་ནན་གྱིས་བརྟག་དཔྱད་གཏོང་གིན་འདུག ཁོའི་བསམ་པར་ཕུག་རོན་འདི་དག་གིས་གཙང་པོ་བདེ་སྐྱིད་ད་ལྟ་ས་གནས་གང་དུ་ཡོད་པ་ཤེས་ཁོ་ཐག་རེད་སྙམ་པའི་མོད་ལ།གཙང་པོ་བདེ་སྐྱིད་ཀྱིས་ཕུག་རོན་འདི་དག་ལྷ་སའི་བར་སྐོར་དུ་འཚོ་བ་ཤེས་མི་སྲིད་སྙམ་སྟེ་མིག་ཆུ་སྲན་རིལ་འདྲ་བ་འགའ་མཁུར་མགོ་ནས་མར་གྲིལ་སོང་།ཡང་དེ་མ་ཐག་ཕུག་རོན་ནི་ཞི་བདེའི་འཕྲིན་སྐྱེལ་པ་ཡིན་པ་དང་།སྔོན་ཆད་ཡུལ་གྱར་པ་གང་མང་ཞིག་གིས་དྲན་གདུང་ཕུག་རོན་ལ་བསྐུར་མྱོང་བ་ཡིད་ལ་དྲན་པས་གདོང་གི་སྐྱི་གཉེར་ཡར་བསྡུ་ཙམ་བྱས་ཏེ།མིག་ཟུང་ཆེས་ཆེར་བགྲད་དེ་ཕུག་རོན་རེ་རེའི་ལུས་ཧྲིལ་པོར་ཕྲ་ཞིང་ཞིབ་པའི་སྒོ་ནས་བརྟག་དཔྱད་བྱེད་ཀྱིན་འདུག རྒྱུ་མཚན་ཅི་ཡིན་མི་ཤེས་མོད་མཚམས་ལན་རེར་ཁོར་དགོད་རྒྱུ་ཞིག་ཚོར་བའི་ཟབ་ས་ནས་ཡོང་གིན་ཡོད་པ་འདྲ།

འཛུམ་མདངས་དེས་ཁོའི་གདོང་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཉམས་ཤིག་བྱུགས་འདུག ལག་པ་གཉིས་པུས་མོའི་སྟེང་ཁེན་ནས་མགོ་བོ་སྔུན་ལ་བསྲིངས་ཙམ་བྱས་ཏེ་གྲག་མེད་འགུལ་མེད་དུ་ཕུག་རོན་དེ་དག་ལ་བལྟས་འདུག སྐབས་དེར་རྒྱ་མོ་ཞིག་གིས་ཧཱ་པ་ཞིག་ཁྲིད་ནས་བར་སྐོར་དུ་སླེབས་བྱུང་བ་དང་ལྷན།ཕུག་རོན་དག་སྐད་ཅིག་ཉིད་དུ་ཁོའི་མཐོང་ལམ་ནས་ཡལ་བར་གྱུར་པས་ཁོས་མིག་ཟུང་ཇོ་ཁང་གི་མདུན་གྱི་བསང་ཁུང་ལ་གཏད་ནས་ཕྱིར་རང་གི་སྡོད་སར་ལྷུང་།

སྐྱ་ཀ་ཡག་མོ་ལ་མཚོན་ན་ཆེས་ལན་གདབ་པར་དཀའ་བའི་དྲི་བ་ནི“ཁྱེད་རང་ས་ཆ་གང་གི་ཡིན”ཞེས་པ་དེ་རེད།ཁོས་ནམ་ཡང་གཞན་ལ་བརྗོད་སྲིད་ལ།བརྗོད་ཀྱང་འདོད་པ་ནི་ཁོའི་མདུན་གྱི་ཤོག་བྱང་སྟེང་གི་སྐད་ཆ་་དེ་དག་ལས་མེད་པ་འདྲ།དུས་ནམ་ཞིག་ལ་ས་གང་ཞིག་ཏུ་མི་སུ་ཞིག་གིས་དྲི་བ་ཅི་ཞིག་དྲིས་ཀྱང་།ཁོས་སྐད་ཆ་འདི་དག་ཡང་དང་བསྐྱར་དུ་ཁོ་ཚོར་བརྗོད་སྲིད་པ་རེད།དེ་བས།རྗེས་སུ་སྤྱི་བདེ་ཅུས་ཀྱི་ལས་བྱེད་ཚོས་ཀྱང་ཡང་ན་ཁོ་སྨྱོས་འདུག་ཡང་ན་ཁོ་གློའུ་ཞིག་རེད་ཅེས་བཤད་མྱོང་།གང་ལྟར་ཁོ་རང་ས་ཆ་གང་ནས་ཡོང་བ་དང་ཅིའི་ཕྱིར་སློང་མོ་པར་གྱུར་པ་སོགས་ནི་སུས་ཀྱང་བཤད་མི་ཤེས་ལ།སུས་ཀྱང་དོ་སྣང་ཡང་བྱ་མི་སྲིད་པའི་གསང་བ་ལྐོག་གྱུར་གྱི་དོན་ཞིག་རེད།སྐབས་རེར།གན་གྱི་སྤྲང་པོ་ཚོས་ཁོའི་ཡོང་ཁུངས་དྲིས་ནས་འདུག་ཏུ་མ་བཅུག་ཚེ།ཁོ་འུ་ཐུག་ནས་གཤམ་ལྟར་ལན་བསློགས་པ་རེད།

“སྐྱེ་བ་སྔོན་མའི་སྡིག་སྒྲིབ་ཀྱི་དབང་གིས་ང་ས་འདིར་ཐོན་པ་རེད།”

ཁོས་འདི་ལྟར་ལན་སློག་ཐེངས་རེར།སྤྲང་པོ་ཚོས་པུས་མགོར་ཐལ་ལྕག་གཞུས་ནས་ཧབ་ཆ་གནམ་ས་བསྒུལ་བ་ཞིག་སྒྲོག་པ་རེད།ཧབ་ཆ་དེས་མཐའ་འཁོར་གྱི་མཇལ་བ་ཚོར་སྤྲོ་སྣང་ཞིག་གམ་དྲོད་ཁོལ་ཞིག་སྦྱིན་གྱིན་ཡོད།

“ཇོ་བོའི་སྐུ་མདུན་དུ་འཚོ་བ་རོལ་བའང་སྡིག་སྒྲིབ་ཀྱི་དབང་གིས་ཡིན་ནམ།འདི་འུ་ཅག་གི་བསོད་ནམས་རེད་ཡ།ཧ་ཧ་ཧ······”

“འཇིག་རྟེན་ན་ཁྱོད་ལྟ་བུའི་རང་གི་འདས་སོང་མི་དྲན་པའི་མིའང་ཡོད་དམ།”

སྤྲང་པོ་ཚོས་འདི་ལྟར་བརྗོད་དེ་ཇོ་ཁང་གི་ཕྱོགས་སུ་འཁོར་ནས་ཐལ་མོ་ཐོད་པར་ཡང་ཡང་སྦྱར།ནམ་རྒྱུན་ཁོ་ལ་འདི་ལྟ་བུའི་ཁེར་རྐྱང་གི་ཚོར་བས་མནར་དུས།ཁོས་ཇོ་ཁང་གི་མདུན་གྱི་བསང་ཁུང་གི་ཕྱོགས་སུ་མིག་ཟུང་ཡང་ཡང་འཕེན་པ་རེད།ཕུག་རོན་དེ་ཚོའང་ནམ་རྒྱུན་དང་འདྲ་བར་ཅང་མི་འགོར་བར་བསང་ཁུང་ནས་འཕུར་ཡོང་སྟེ་ཁོའི་ཉེ་འདབས་སུ་འབབ་པ་རེད།རྒྱུ་མཚན་ཅི་ཡིན་གསལ་པོར་བཤད་རྒྱུ་མེད་མོད།ཕུག་རོན་དེ་ཚོས་ཁོའི་སེམས་ཀྱི་གདུང་བ་ཅུང་ཟད་བསལ་ཏེ་རེ་བ་མང་ཙམ་སྟེར་བ་ནི་དོན་དངོས་རེད།གལ་ཏེ་ཕུག་རོན་ལ་བཅངས་པའི་རེ་བ་ཁྱད་པར་བ་འདིར་རྒྱུ་མཚན་ཞིག་ངེས་པར་དུ་འདྲེན་དགོས་ཚེ་དེ་ནི་ཤིན་ཏུ་དཀའ་བའི་གནས་རེད།འོན་ཀྱང་གཏན་ནས་འདྲེན་རྒྱུ་མེད་པའང་མིན་ཏེ།ཁོས་བཤད་པ་ལྟར་ན་དེ་ནི་རྨི་ལམ་ཞིག་ལ་ཐུག་ཡོད་པ་རེད།

འབྲུག་སྒྲ་ལྡིར་ཞིང་གློག་དམར་འཁྱུག སྤྲིན་ནག་འཁྲིགས་ཤིང་རླུང་ཆེན་གཡུག་པའི་མཚན་ནུབ་ཅིག་ལ།ང་རང་རྩི་ཤིང་དང་སྲོག་ཆགས་གང་ཡང་མེད་པའི་མྱ་ངམ་ཐང་ཆེན་པོ་ཞིག་ཏུ་ཁེར་བུར་སྐྱོད་ཀྱིན་འདུག ས་ཆ་གང་ཞིག་ཏུ་དོན་དག་ཅི་ཞིག་གི་ཆེད་དུ་འགྲོ་བཞིན་པ་རང་ཉིད་ཀྱིས་ཀྱང་མི་ཤེས།སྤྱི་ལེ་གཅིག་ཙམ་གྱི་མཚམས་ནས་ཕྱིར་ལྟ་རེ་བྱས་རྗེས།སྔར་བཞིན་དབུགས་ཧལ་ཧལ་དང་བྲེལ་འཚབ་འཚབ་ཀྱིས་རྔུལ་ཆུ་ནག་པོ་གཉིས་རྣ་རྩ་གཉིས་སུ་དྲུད་ནས་མདུན་དུ་སྐྱོད་ཀྱིན་འདུག ངས་ཁ་ནས་ཤབ་ཤུབ་ཏུ་ཅི་ཞིག་ཟློ་བཞིན་འདུག གསལ་པོར་མཉན་ན།“མིང་ལ······།རང་ཁྱིམ······།བུ་མོ······”

འདི་ལྟ་བུའི་ཚིག་འབྲུ་མི་གསལ་ལ་མགོ་རྔ་མི་ཚང་བའི་སྐད་ཆ་རེ་གོ་ཐུབ།དེའི་སྐབས་སུ་གློ་བུར་དུ་ཤར་ཕྱོགས་ནས་ཉི་འོད་ཀྱིས་སྤྲིན་ནག་བརྟོལ་ཏེ་མདུན་གྱི་མཐོང་ལམ་གསལ་པོར་བཏང་སོང་བ་དང་ལྷན།ཕུག་རོན་དཀར་པོོ་ཞིག་ཤར་ཕྱོགས་ནས་འཕུར་ཡོང་སྟེ་ངའི་ཕྲག་སྟེང་དུ་བབས།ང་ཡ་མཚན་སྐྱེས་ཏེ་ཕུག་རོན་དེར་ཅེར་ནས་སྡོད་སྐབས་ཕུག་རོན་གྱི་གཤོག་འོག་ཏུ་ཤོག་བུ་སེར་པོ་ལྟེབས་མ་ཞིག་ཡོད་པ་མཐོང་སྟེ་མྱུར་མོར་བླངས།དེ་ནི་འཕྲིན་ཡིག་ཅིག་རེད།བུ་མོ་གཙང་པོ་བདེ་སྐྱིད་ཟེར་བ་ཞིག་གིས་རང་གི་ཨ་ཕ་སྐྱ་ཀ་ཡག་མོ་ཟེར་བ་ཞིག་ལ་སྤྲིངས་པའི་འཕྲིན་རེད།ངས་འཕྲིན་ཡིག་སྟེང་གི་མི་དེ་གཉིས་ཀའི་མིང་མཐོང་མ་ཐག་ཏུ་གློག་གིས་བརྒྱབ་པ་ལྟར་འདར་སིག་སིག་བྱེད།ངས་འཕྲིན་ཡིག་གི་ཁ་ཕྱེ་ནས་བྱེ་བྲག་གི་ནང་དོན་དང་ས་གནས།འབྲེལ་གཏུགས་བྱེད་ཐབས་སོགས་བཀླག་གྲབས་བྱེད་སྐབས།ཉེ་འདབས་ནས་རླངས་འཁོར་གྱི་དུང་སྒྲ་ཞིག་གྲགས་པ་ན་མ་ཎི་ཁང་དུ་བདེ་བར་ཉལ་བའི་སྤྲང་པོའི་ཚོགས་གཉིད་ལས་བསླངས་བྱུང་བས་ངའི་རྨི་ལམ་ཡང་དེ་མ་ཉིད་དུ་ཡལ་སོང་།

སྤྲང་གྲོགས་ཚོས་ཁོར་རྒྱུན་དུ་རང་གི་འདས་སོང་ཤོད་ཟེར་དུས་ཁོས་རང་གི་རྨི་ལམ་འདི་ཡང་དང་བསྐྱར་དུ་བཤད་པ་རེད།དེ་ནས་བཟུང་སྐྱ་ཀ་ཡག་མོས་རང་གི་མདུན་གྱི་ཤོག་བྱང་སྟེང་དུ་སྐད་ཆ་དེ་དག་བྲིས་ཏེ་རྒྱུས་ཡོད་རྒྱུས་མེད་གཉིས་ཀར་བལྟ་རུ་བཅུག ཡང་དེ་ནས་བཟུང་ཁོ་ཕུག་རོན་ལ་བརྩེ་བ་ཁྱད་པར་བ་ཞིག་ཆགས་ཏེ་ཕུག་རོན་མཐོང་ཐེངས་རེར་ཁ་ཤ་ལྷབ་ལྷུབ་ཏུ་འདར་ཞོར་མཆུ་ཏོ་མདོང་མདོང་བྱས་ཏེ་སེམས་ཀྱི་གདུང་བ་དང་གསང་བ་ཡོད་ཚད་ཕྱི་རུ་བྱོ་ནས་ཕུག་རོན་ལ་འཁྱེར་དུ་འཇུག་ན་འདོད་ལ།ལན་རེར་ཕུག་རོན་དེ་དག་བཟུང་ནས་རེ་རེའི་གཤོག་འོག་ཏུ་ཞིབ་ཏུ་བལྟ་དགོས་པའི་ངར་ཤུགས་ཤིག་ཀྱང་ལངས་ཀྱིན་ཡོད།འོན་ཀྱང་ཁོའི་འཁྱར་འཁྱོར་གྱི་གོམ་པའི་འདེགས་འཇོག་ལ་སློག་ཚར་གྱི་ཐུ་བ་དང་ཕུ་ཐུང་གཉིས་རླུང་གིས་བསྐྱོད་པའི་སྒྲ་བསྡེབས་པས་ཕུག་རོན་དག་གིས་ཁོ་ཉེ་སར་གཅོར་བཞིན་པ་ཤེས་ཏེ་རྒྱང་དུ་འཕུར་འགྲོ། ཁོ་རང་ཤུལ་དུ་ཁེར་ཧྲེང་དུ་འགྲེང་ནས་དངན་པ་ལྕི་མོ་ཞིག་འཐེན་བཞིན་ཁ་ནས་ཚིག་འབྲུ་མི་གསལ་བའི་སྐད་ཆ་མང་པོ་ཞིག་ཟློ་བཞིན་བསྡད་མྱོང་བ་ཐེངས་གཅིག་མིན།

ཁོས་སྔར་བཞིན་ཁ་སང་གི་འདུག་གནས་དེ་རུ་ཁ་སང་གི་འཚོ་བ་བསྐྱར་ཟློས་བྱེད་མགོ་བརྩམས།ལྷ་སའི་ཉི་མས་འཇིག་རྟེན་ལ་ཀུ་རེ་བྱེད་པ་ལྟར་རེས་གསལ་རེས་མོག་གི་ཟློས་གར་འཁྲབ་ཀྱིན་ཡོད།མཇལ་བ་ཚོ་སྐོར་ལམ་དུ་ཤིག་ལྟར་འཚང་བར་བལྟས་ན་དེ་རིང་ནི་དུས་ཆེན་ཞིག་ཡིན་ལས་ཆེ།ནམ་རྒྱུན་དུས་ཆེན་སྐབས་སུ་མཇལ་བ་ཚོས་མགོ་བོས་ལུས་དྲུད་དེ་གཅིག་ལས་གཅིག་མགྱོགས་ཀྱིས་སྔུན་ནས་སྔུན་དུ་འཚང་བ་རེད།དེའི་སྐབས་སུ་ཤར་ཕྱོགས་ཀྱི་ཉི་འོད་ཀྱི་རླབས་རིས་གསེང་ནས་བྱིས་པ་ཁྲིད་པའི་བུད་མེད་ཅིག་ཚུར་ཡོང་གིན་འདུག ཉི་འོད་སྐྱ་ཀ་ཡག་མོའི་མིག་ནང་དུ་འཕྲོས་པས་དེ་གཉིས་ཀའི་ངོ་གདོང་གསལ་པོར་མཐོང་མ་བྱུང་མོད་ནག་ཡོར་ཡོར་གྱི་གྲིབ་གཟུགས་ལ་བལྟས་ན།མོ་ལོ་སུམ་ཅུའི་གཡས་གཡོན་ཅན་གྱི་བུད་མེད་ཅིག་དང་རང་ལོ་དྲུག་བདུན་ཅན་གྱི་བྱིས་པ་ཞིག་ཡིན་པ་གསལ་པོ་རེད།ཉེ་སར་ཐོན་པ་ན་བུད་མེད་དེའི་མིག་ཟུང་ཆེ་ཞིང་སྒོར་ལ།སྣའི་གཟེངས་ཅུང་ཟད་མཐོ་ལ་སྨིན་མའི་སྤུ་བྲིས་པར་མཐོ་དམའ་ཤོར་འདུག་པས་བལྟས་མ་ཐག་ཏུ་མིག་ཟུང་ཆ་མི་འགྲིག་པའི་སྣང་བ་ཞིག་འགོག་མེད་དུ་སྟེར།རྣ་ལུང་བཏགས་མེད་ལ་བཏགས་མྱོང་བའི་ཤུལ་ཡང་མེད།སྐྲ་ལོ་ཐུང་ཐུང་དེ་སྐྱེས་པ་ཇི་བཞིན་ཕྱི་ལྟག་ཏུ་ཤད་ཡོད།སེན་མོའི་སྟེང་སེན་རྩི་དམར་པོ་བྱུགས་ཡོད།ད་དུང་ལུས་ཀྱི་བསུང་ཆུ་དང་མཆུ་ཡི་མཆུ་རྩི་སོགས་ལ་བལྟས་ན་བུད་མེད་ལས་བྱེད་ཅིག་གམ་ཡང་ན་ཕྱུག་བདག་གི་བུ་མོ་ཞིག་ལོས་ཡིན་འདོད།

“ཨ་མ······། ལྟོས་དང་།གན་ཨ་ཅེ་བདེ་སྐྱིད་ཚང་གི་ཨ་ཕ་སྐྱ་ཀ་མིན་ནམ།ཁོས་ང་ལ་རྩེད་ཆས་མང་པོ······”

བྱིས་པ་དེས་སྐྱ་ཀ་ཡག་མོའི་ཕྱོགས་སུ་གོང་མཛུབ་ཀྱིས་བསྟན་ཏེ།བསམ་དབང་དྲན་དབང་མ་བྱིན་པར་སྐད་གསང་མཐོན་པོས་དེ་ལྟར་འདྲི་སྐབས།བུད་མེད་དེས་བྱིས་པའི་སྐད་ཆའི་མཚམས་བཅད་དེ་བཤད་དུ་མ་བཅུག

“ཁ་རོག་གེར་སྡོད།དེ་ཚང་གི་དེ་གནའ་ཞིག་ལ་ཤི་སོང་བ་རེད།”

བུད་མེད་དེས་འདི་ལྟར་སྨྲས་པ་ན་བྱིས་པ་དེས་མིག་ཟུང་ཀེམ་ཀེམ་དུ་གཡོ་བཞིན་མོའི་གདོང་ལ་བལྟས་ནས་འདུག སྐབས་དེར་སྐྱ་ཀ་ཡག་མོའི་སེམས་སུ་བུད་མེད་དེའི་གདོང་དང་བྱིས་པ་དེའི་སྐད་ནི་གང་ཞིག་ནས་མཐོང་མྱོང་བ་དང་ཐོས་མྱོང་བའི་སྣང་བ་ཞིག་སྐྱེས་ཏེ་ཡར་ལངས་གྲབས་བྱེད་སྐབས།བྱིས་པ་དེས་རང་གི་ཨ་མར་ཡང་བསྐྱར་དྲི་བ་ཞིག་དྲིས་བྱུང་།

“ཨ་མ།འོ་ན་འཇིག་རྟེན་ན་ཨ་ཁུ་སྐྱ་ཀ་ཨ་ན་མ་ན་གཉིས་ཡོད་སྲིད་དམ།”

བྱིས་པའི་དྲི་བ་དེར་བུད་མེད་དེས་ལན་མ་བཏབ་པར་བུ་ཆུང་གི་ལག་མགོ་ནས་བཟུང་སྟེ་གོམ་ཁ་ཇེ་མགྱོགས་སུ་བཏང་ནས་མིག་གིས་ཕར་ཕྱོགས་སུ་བལྟས་ཏེ་བུད་སོང་།བྱིས་པ་དེ་ཨ་མའི་ལག་མགོར་འཇུས་ཏེ་ཡང་ནས་ཡང་དུ་ཕྱིར་འཁོར་ཏེ་སྐྱ་ཀ་ཡག་མོར་བལྟས།ཁོས་བྱིས་པའི་དྲི་བ་གཞུག་མ་དེ་ཐོས་མ་ཐག་ཐེ་ཚོམ་གྱི་དབང་དུ་སོང་སྟེ་ཡར་ལངས་མ་ཕོད།

ཁོའི་ཡིད་བློང་བློང་པོར་གྱུར་ཏེ་གདོང་དུ་མེ་འབར་ཞིང་སྐྲ་ལོ་གྱེན་དུ་ལངས་ཡོད་པའི་སྣང་བ་ཞིག་སྐྱེས།ཡང་བུད་མེད་ཀྱི་སྐད་ཆ་དེ་ཡིད་ལ་དྲན་པས་མ་བུ་གཉིས་ཀྱི་རྗེས་སུ་བརྒྱུགས།ཡིན་ཡང་།མ་བུ་དེ་གཉིས་སྔར་ནས་མི་ཚོགས་ཀྱི་ཀློང་དུ་ཡལ་ཟིན་པས་སེམས་པ་ཁོང་དུ་ཆུད་དེ་སྔར་བཞིན་ཇོ་ཁང་གི་མདུན་གྱི་བསང་ཁུང་གི་ཕྱོགས་སུ་ཅེར་ནས་བསྡད།

“ང་དངོས་གནས་ཤི་སོང་བ་རེད་དམ།ཡང་ན་གཞན་གྱིས་ང་རང་བསད་སོང་བ་རེད།ཤི་བོ••••••།གསོན་པོ••••••།ངས་ཅི་ཡང་མི་དྲན་དོན་ཅི་རེད།”

འདི་ནི་ཁོས་ཉེ་འགྲམ་གྱི་ཕུག་རོན་དག་ལ་ཐེངས་འགར་དྲིས་མྱོང་བའི་དྲི་བ་རེད།ཕུག་རོན་དེ་དག་གནས་གཅིག་ནས་ཐེངས་འགར་འཁོར་ཏེ་འཕུར་འགྲོ།དེ་ནི་ཁོ་ལ་མཚོན་ན་ཧ་ཅང་ལྐོག་གྱུར་གྱི་ལན་ཞིག་མིན་པའི་ངེས་པ་གཏན་ནས་མེད་པ་འདྲ།བུད་མེད་དང་བྱིས་པ་དེ་གཉིས་མཐོང་ཉིན་ནས་བཟུང་།ཁོས་ཉིན་རེར་འཕྲིན་རེ་འབྲི་བ་རེད།བསྐུར་ཡུལ་མེད་པའི་འཕྲིན་དེ་དག་ནི་ཁོར་མཚོན་ན་སེམས་ཀྱི་དཔུང་རོགས་ཡ་མེད་ཅིག་ཡིན་པ་རེད།

“ང་གསོན་ཡོད་པར་བདེན་དཔང་ཇི་ལྟར་བྱ་དགོས།”

ཉིན་འགའི་རྗེས་སུ་ཁོའི་མིག་ཟུང་དུ་ཤེས་འདོད་ཀྱི་མདངས་ཧ་ཅང་དྲག་པོ་ཞིག་མངོན་ཏེ་གན་གྱི་སྤྲང་གྲོགས་ཚོར་དེ་ལྟར་དྲིས།སྤྲང་གྲོགས་ཚོས་ཁོའི་དྲི་བ་འདི་འདྲ་མང་པོ་ཐོས་མྱོང་ཡོད་པ་འདྲ་སྟེ་མཚར་སྣང་ཏོག་ཙམ་ཡང་སྐྱེ་བཞིན་མི་འདུག སྐབས་དེར་གྲལ་དཀྱིལ་དུ་བསྡད་ཡོད་པའི་སྤྲང་པོ་དེ་ཡར་ལངས་ཏེ་སྒྲུང་བཤད་རྒྱུ་ལོས་ཡིན་སྙམ་པའི་ཚུགས་ཀ་ཞིག་བསྟན།

“ཡ།གྲོགས་པོ།དོན་དེ་ཧ་ཅང་སླ་མོ་ཞིག་རེད།ཐད་ཀར་སྤྱི་བདེ་ཅུས་སུ་སོང་ནས་ཤི་པོའི་ཡིག་ཚགས་སུ་ཁྱེད་ཀྱི་མིང་ཡོད་མེད་བལྟས་པས་ཤེས་སྲིད།དེང་སང་མི་ཞིག་ཤི་སོང་ན་ཤི་བའི་བདེན་དཔང་དགོས་པ་མིན་ནམ།”

སྤྲང་པོ་དེས་ཧ་ཅང་ཡིད་ཆེས་དང་ཉམས་མྱོང་ཡོད་པའི་ཉམས་ཀྱིས་བཤད།སྤྲང་པོ་གཞན་རྣམས་ཀྱིས་ཁོའི་བསམ་ཚུལ་ལ་འཐད་པའི་བརྡ་ལ་མགོ་བོ་ནང་དུ་ལྡེམ་གྱིན་འདུག ཡུད་ཙམ་འགོར་རྗེས་སྤྲང་པོ་བགྲེས་པོ་ཞིག་གི་ཡིད་ལ་གློ་བུར་དུ་དྲི་བ་གཞན་ཞིག་ཤར་སོང་བ་འདྲ།

“དེས་ན་གཤིན་རྗེ་ཆོས་རྒྱལ་ཡང་དེ་ན་བཞུགས་སམ།”

ཁོ་ཡར་ལངས་ཏེ་དེ་ལྟར་དྲིས་པས་དང་ཐོག་ཡོད་ཚད་ཁུ་སིམ་མེར་བཏང་སོང་ལ།ཡང་ཡུན་ཙམ་ནས་ཐམས་ཅད་ཧབ་ཆ་དིར་རེར་བཏང་བྱུང་།ཉིན་འགའི་སྔོན་གྱི་བྱིས་པ་དེའི་སྐད་ཆ་ཡིད་ལ་དྲན་ཐེངས་རེར་སྐྱ་ཀ་ཡག་མོས་རང་ཉིད་ལ་ལོག་སའི་ཡུལ་ཞིག་དང་བརྟེན་སའི་མི་ཞིག་ཡོད་པར་ཡིད་ཆེས་བྱེད་པ་དང་མཉམ་དུ།བུད་མེད་དེའི་སྐད་ཆ་དང་བྱིས་པ་དེའི་དྲི་བ་རྗེས་མ་དེ་གཟུགས་མེད་ཀྱི་གཏུབ་གྲི་ཞིག་དང་འདྲ་བར་ཁོའི་གློ་སྙིང་མཆིན་གསུམ་གཏུབ་ནས་འགྲོ་བཞིན་པའི་ན་ཟུག་སྐྱེས།གང་ལྟར་རང་ཉིད་ཤི་མེད་བཞིན་དུ་གསོན་པའི་བདེན་དཔང་དགོས་པ་ནི་བསྐུར་ཡུལ་མེད་བཞིན་དུ་ཁོས་ད་དུང་འཕྲིན་ཡིག་འབྲི་དགོས་པ་དང་ཧ་ཅང་འདྲ།རེ་བ་དང་དོགས་པས་བདག་ཏུ་བཟུང་བའི་ཁོའི་གོམ་པའི་འདེགས་འཇོག་དེ་རང་ཤུགས་ཀྱིས་སྤྱི་བདེ་ཅུས་ཀྱི་ཕྱོགས་སུ་བསྒྱུར།

སྤྱི་བདེ་ཅུས་སུ་སོང་བའི་ཕྱི་དྲོ་དེ་ནས་བཟུང་ཉིན་གསུམ་གྱི་རིང་ལ་སྐྱ་ཀ་ཡག་མོ་ཕྱིར་ཡོང་མེད་པར་གྱུར།ཁོ་ཕྱིར་ཡོང་བའི་དགོང་མོ་དེར་ཕྱི་རོལ་ན་ཁང་ཆར་འབབ་ཀྱིན་ཡོད་པར་མ་ཟད།སྨག་ཧ་ཅང་མཐུག་པས་མདུན་གྱི་ལམ་བུ་མི་རྙེད་ལ་གཞུག་གི་རྗེས་ཤུལ་ཡང་མི་མཐོང་།ཁ་ཆར་གྱིས་ཕྱི་བརྟོལ་ནང་བརྟོལ་བྱས་པའི་ས་གཞིའི་ཕང་བ་ན།ལྷ་ས་གྲོང་ཁྱེར་ནི་བགྲེས་པོ་ཡུལ་གྱར་པ་ཞིག་དང་འདྲ་བར་སྐྱོ་སྣང་གི་སྐྲ་ལོ་ནས་ཆུ་ཐིགས་ཟག་གིན་འདུག རླངས་འཁོར་དང་མི་ཚོགས་ནི་ཁང་བརྩེགས་མང་པོའི་བར་ལ་བཙིར་དྲགས་པས་ཡིན་ནམ།མཚན་སྨག་གི་ཀློང་དུ་ཁུ་སིམ་མེར་གྱུར་འདུག སྐབས་དེའི་བར་སྐོར་ནི་འབྲོག་སྡེ་ཞིག་གིས་རྒྱབ་ཏུ་བསྐྱུར་པའི་མཚེར་ཤུལ་སྐྱ་ཆད་ཅིག་དང་འདྲ་བར་སྨྲ་བ་ཆད་དེ་སྨག་རུམ་ཁྲོད་འགྱེལ་འདུག

སྐྱ་ཀ་ཡག་མོ་ཁང་མིག་ཅིག་གི་སྐྱིབས་འོག་ནས་ཡར་ལངས་ཏེ་འཁྱར་འཁྱོར་གྱི་གོམ་པ་འདྲུད་ལེན་བྱས་ཏེ་བར་སྐོར་དུ་འགྲོ་བཞིན་ཡོད།འཁྱག་སིབ་སིབ་ཀྱི་བྱང་རླུང་རྩུབ་མོ་ཞིག་གིས་ཁ་ཆར་ཁྲོད་བསྣད་པའི་སྡོང་ལོ་སྐམ་པོ་ཞིག་དེད་ཡོང་ནས་ཁོའི་གདོང་ལ་སྦྱར་བྱུང་བས་ཁོར་ངུ་མ་དགོད་ཀྱི་ཚོར་བ་ཞིག་བྱུང་།ཚོར་བ་དེ་ནི་ཉིན་གསུམ་གྱི་སྔོན་དུ་སྤྱི་བདེ་ཅུས་ནས་རང་ཉིད་ཤི་ཟིན་པའི་བདེན་དཔང་མཐོང་དུས་ཀྱི་ཚོར་བ་དང་ཤིན་ཏུ་ཉེ།ཁོའི་མདངས་ཉམས་ཤིང་ལྐོག་ཏུ་ཤོར་བའི་མིག་ཟུང་ལས་ཁྲག་མདོག་གི་མཆུ་མ་ཞིག་བུད་དེ་མཁུར་མགོ་གཟར་མོ་ནས་མར་འགྲིལ་ལ་ཁད་བྱེད་སྐབས།ཁ་ཆར་གྱིས་བརླན་པའི་གྲང་རླུང་ཞིག་གིས་ཁོའི་གདོང་ལ་ཡང་ཡང་བྲབས་པས་མིག་ཆུ་སླར་ཡང་ཕྱིར་མིག་ཀོང་དུ་འཛུལ་སོང་།

མཚན་མོ་དེར།ཁོས་སློག་ཚར་གྱོན་མེད་ལ་འཕྲིན་ཡིག་བརྩེགས་མ་དེའང་བཟུང་མེད།ཁོས་ཇོ་ཁང་གི་མདུན་གྱི་བསང་ཁུང་ལ་ལྟ་བཞིན་མེད་ལ།ཕུག་རོན་རྣམས་ཀྱི་གཤོག་འོག་ཏུ་འཕྲིན་ཡིག་ཨེ་ཡོད་ལའང་རེ་བཞིན་མེད།ཁོས་སྨག་རུམ་ཁྲོད་ལྷུང་བའི་ཁ་ཆར་ལ་ཉན་བཞིན་ཡོད།ཁ་ཆར་ཁྲོད་གནས་པའི་སྐད་སྒྲ་ཡོད་ཚད་ལ་ཉན་བཞིན་ཡོད།

“གཙང་པོ་བདེ་སྐྱིད་ཀྱིས་ང་ཤི་སོང་བར་བདེན་དཔང་བྱེད་ཐུབ་པ་བཞིན་སྐད་སྒྲ་འདི་དག་གིས་ཀྱང་ང་གསོན་ཡོད་པར་ར་སྤྲོད་བྱེད་ཐུབ། ཅི་ལ་མི་ཐུབ།ཐུབ་ཁོ་ཐག་ཡིན།”

ཁོས་འདི་ལྟར་རང་ཉིད་དང་ཁ་བརྡ་བྱེད་ཞོར་བར་སྐོར་དུ་མུ་མཐུད་དུ་འགྲོ་བཞིན་ཡོད།ཁོ་རང་གཅིག་པུས་མུན་པའི་གདོང་ལ་འབུར་ཚུགས་སུ་བལྟས་ཏེ་འགྲོ་བཞིན་ཡོད།ཁོའི་གོམ་སྒྲ་ནི་བར་སྐོར་གྱི་ཙག་རླུང་དང་ཁ་ཆར་ཇི་བཞིན་མཚན་སྨག་གི་གཅོང་རོང་དུ་འཁོར་ནས་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།