ཀྲུང་གོ་བོད་ཀྱི་དྲ་བ།

ན་གཞོན་གངས་ཅན་ཚེ་རིང་འཚོལ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​རྒྱལ་པོ།   སྤེལ་དུས། : 2020-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོན་འགྲོ།

ཕ་ཡུལ་དང་ཁ་བྲལ་བ་ནས་བཟུང་། ངས་ལས་ངན་པ་དེ་འདྲ་སྒྲུབ་ཐེངས་རེ་རེར་ཉེན་རྟོག་པས་ང་འཛིན་བཟུང་བྱེད་ངེས་རེད་སྙམ་ནའང་། ད་རག་བར་ཉེན་རྟོག་པའི་གྲིབ་མ་ཙམ་ཡང་ངའི་ཉེ་གམ་ཞིག་ཏུ་གཏན་ནས་མངོན་མ་མྱོང་། ལས་ངན་པ་དེ་འདྲ་ཧ་ཅང་མང་པོ་བསྒྲུབས་པའི་ཉམས་མྱོང་གིས་ད་ལྟ་ཚེ་འདིར་ཉེན་རྟོག་པས་ང་ནི་དོགས་ཡོད་ཉེས་ཅན་དུ་བརྩིས་ཏེ་འཛིན་བཟུང་མི་བྱེད་པར་རང་ཉིད་རང་ལ་ཡིད་ཆེས་བརྟན་པོ་ཡོད། ཏག་ཏག་སྔོན་འདིར་ཡང་དཀའ་ལས་ཅི་ཡང་མ་བརྒྱབ་པར་ལས་སླ་མོའི་སྒོ་ནས་དངུལ་སྒོར་ཁྲི་ཚོ་འགའ་ལག་ཏུ་རེག་བྱུང་། ད་ནི་དུས་ཚོད་ཡུན་རིང་ཞིག་ལ་བག་ལྷོད་པོས་མཐོ་བ་རྒྱལ་པོས་ཀྱང་ལོངས་སུ་སྤྱོད་དཀའ་བའི་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཆོག

དངོས་གཞི།

ང་དང་ན་གཞོན་གངས་ཅན་ཚེ་རིང་གཉིས་ནི་མཚེ་མ་ལྟ་བུའི་ཁ་ཡ་ན་ཟླ་གཉིས་ཏེ། ངེད་གཉིས་ཆུང་དུས་ནས་བཟུང་ཡུལ་གཅིག་ནས་མཉམ་གཅིག་ཏུ་འཚར་ལོངས་འབྱུང་དུས། གལ་ཏེ་ང་གཟུགས་ཤིག་ཡིན་པའི་དབང་དུ་བཏང་ན། ཁོ་ངའི་གྲིབ་མ་དང་། ཁོ་གཟུགས་ཤིག་ཡིན་པའི་དབང་དུ་བཏང་ན། ང་ཁོའི་གྲིབ་མ་ཡིན་པར་ཆ་བཞག་ཆོག་པས། ང་ཁོ་ལ་གསལ་ཆ་ཡོད་ཡོད་ཅིག་གཞན་སུ་ལའང་མེད་ལ། ང་ཁོ་ལ་འདང་ཡོད་ཡོད་ཅིག་གཞན་སུ་ལའང་མེད། ཁོ་ཡང་ང་ལ་ཏན་ཏན་དེ་འདྲ་ཞིག་ཡིན་ངེས།

ངེད་གཉིས་ལ་ཁ་ཡ་ན་ཟླ་གཞན་མེད་པ་མིན་ཡང་། ངེད་གཉིས་ཀྱི་བར་ན་ཁ་ཡ་ན་ཟླ་གཞན་དང་མི་འདྲ་བའི་འབྲེལ་བའམ་ཁྱད་རྟགས་ཤིག་མཆིས་ཏེ། དེ་ནི་ངེད་གཉིས་ལོ་གཅིག་དང་། ཟླ་གཅིག ཉིན་གཅིག དུས་ཚོད་གཅིག་ལ་མཉམ་དུ་སྐྱེས་པ་ཡིན་པས་སོ། ། ཡིན་ནའང་། བློ་ཡུལ་ལས་འདས་པ་ཞིག་ལ་ངའི་མཚེ་ཡ་ལྟ་བུའི་གངས་ཅན་ཚེ་རིང་བོར་ནས་ཉིན་འགའ་འགོར་སོང་ལ། ངས་བཙལ་ནས་ཀྱང་ཉིན་འགའ་འགོར་སོང་། ངས་ད་དུང་ཁོ་འཚོལ་གྱིན་ཡོད། ངས་ཁོ་རྙེད་རག་བར་ངེས་པར་འཚོལ་དགོས།

སྔོན་ཆད། ཁོས་ང་ལ་འདི་འདྲ་ཞིག་བཤད་མྱོང་། “ཁྱོད་རང་མི་བཟང་པོ་ཅིི་འདྲ་ཞིག་བྱས་ནའང་། མི་ཚང་མས་ཁྱོད་ལ་བརྩི་མཐོང་བྱེད་མི་སྲིད། ཁ་ཅིག་ཁྱོད་ལ་སྡང་སེམས་སྐྱེ། ལ་ཤས་ཁྱོད་ལ་ཕྲག་དོག་ལངས། ལ་ལས་ཁྱོད་རང་གླེན་པར་བརྩི། འགའ་ཡིས་ཁྱོད་ལ་ངན་སྨྲས་བྱེད། མི་ཟེར་བ་འདི་དག་གི་མིག་འདྲ་ནའང་ལྟ་སྟངས་མི་འདྲ། སྙིང་འདྲ་ནའང་བསམ་སྟངས་མི་འདྲ། ཁ་འདྲ་ནའང་བརྗོད་སྟངས་མི་འདྲ། དེ་བས། དེང་གི་སྤྱི་ཚོགས་འདིའི་མིའི་རིགས་ཐུན་མོང་གི་མིག་ལམ་དུ་མི་བཟང་པོོ་ཞིག་གཏན་ནས་མེད། གལ་ཏེ་ཡོད་ཚེ་དེ་ནི་མི་བཟང་པོ་རྫུན་མ་ཞིག་ཡིན་ངེས།” སྐད་ཆ་འདི་འཆད་དུས། ཁོའི་སྟེང་ན་རང་གི་མི་ཚེའི་ལྟ་ཚུལ་རྩ་བ་ནས་འགྱུར་སོང་བའི་ཚུགས་ཀ་ཞིག་མངོན་འདུག ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། སྐད་ཆ་དེར་གོ་བ་ཧ་ཅང་ཟབ་མོ་ཞིག་ཡོད་པ་འདྲ།

འཚོ་བ་ནི་མེ་ལོང་ཞིག་དང་འདྲ་སྟེ། མི་སུ་ཞིག་ཡིན་ཡང་རང་གིས་དེར་བལྟས་ནས་བགད་ན་དེས་ཀྱང་རང་ལ་བལྟས་ནས་དགོད་པར་བྱེད་ལ། རང་གིས་དེར་བལྟས་ནས་ངུས་ན་དེས་ཀྱང་རང་ལ་བལྟས་ནས་ངུ་བར་བྱེད། དོན་དུ་མེ་ལོང་དེའི་ནང་གི་དགའ་སྐྱོ་ཆགས་སྡང་གི་འབྱུང་རྩ་ནི་རང་ཉིད་ལས་གཞན་སུ་ཡང་མིན། ཡིན་ནའང་། གངས་ཅན་ཚེ་རིང་ཁོ་རང་ཉིད་ལ་བརྟེན་ནས་འབྱུང་བའི་ཁོའི་འཚོ་བའི་མེ་ལོང་ངོས་ཀྱི་གཟུགས་བརྙན་ནི་ད་ལྟ་ཅི་འདྲ་ཞིག་ཏུ་གྱུར་ཡོད་དམ། ཁོ་བོར་བ་ནས་ང་ལ་སེམས་ཁྲལ་ཤིན་ཏུ་ཆེ། སྟབས་ཉེས་ན་ཁོའི་འཚོ་བའི་མེ་ལོང་དྭངས་མོ་དེར་ས་རྡུལ་མཐུག་པོ་ཞིག་ཆགས་ཡོད་ངེས་ལ། ཆག་གྲུམ་མང་པོ་ཞིག་ཀྱང་ཤོར་ཡོད་སྲིད།

གྲོང་ཁྱེར་འདི་རུ་ཁང་རྩེག་སྟོང་ཕྲག་མང་པོ་གནམ་ལ་གཟེངས། ཁང་རྩེག་དེ་དག་གི་བར་བར་དུ་སྲང་ལམ་མང་པོ་སྡོམ་རྒྱ་བཞིན་གང་སར་འཐེན། སྲང་ལམ་དེ་དག་ཏུ་རླངས་འཁོར་གྱི་རིགས་ནི་འཚང་ཁ་དང་བཅས་ཏེ་འདུར་རྒྱུག་ལ་རྟག་ཏུ་བྲེལ། དེ་དག་མ་འདུས་པའི་བར་སྟོང་ཀུན་ཏུ་མི་ཚོགས་ཀྱི་འདུ་འཛི་ནི་གྲོག་ཚང་གི་ཁ་ཕྱེ་བ་དང་འདྲ།

ཁོ་གྲོང་ཁྱེར་འདིའི་གནས་གང་ཞིག་ཏུ་ཡོད་ངེས་པ་བསྙོན་དུ་མེད། དེ་ནི་ཁོའི་སེམས་ཀྱི་འཁྱེར་སོ་ཞིག་ལས་ཤེས་ཐུབ་པའི་ངེས་ཤེས་ཤིག་ཡིན་པ་ལས་རྒྱུ་མཚན་གཞན་ཅི་ཡང་མེད། ཡིན་ནའང་། ངས་གྲོང་ཁྱེར་འདིའི་སྲང་ལམ་གྱི་བཞི་མདོ་དང་ཚོང་ལས་ཀྱི་ལྟེ་གནས། ཟ་ཁང་ཆེན་མོ་སོགས་མི་ཚོགས་མང་པོ་འདུ་རུབ་བྱེད་ས་དག་ཏུ་ཡང་ཡང་བཙལ་ཀྱང་ཁོ་གཏན་ནས་རྙེད་མ་བྱུང་། དེ་ནས་ང་མགྲོན་ཁང་རེ་རེ་དང་ཆང་ཁང་རེ་རེ་སོགས་ཀྱི་ནང་དུ་ཁོ་འཚོལ་དུ་སོང་བ་ཡིན། གནས་དེ་དག་ཏུ་བཙལ་ན་ད་གཟོད་ང་ལ་ཁོ་རྙེད་པའི་གདེང་ཚོད་བརྒྱ་ཆའི་དགུ་བཅུ་ཙམ་འདུག

ཐོག་མར། ང་གྲོང་ཁྱེར་འདིའི་མགྲོན་ཁང་རེ་རེའི་ནང་དུ་ཁོ་འཚོལ་དུ་སོང་། གྲོང་ཁྱེར་འདིར་མགྲོན་ཁང་རབ་འབྲིང་ཐ་གསུམ་ཅི་རིགས་ཤིག་མཆིས་ཤིང་། དེ་དག་རེ་རེ་ཡི་བཟོ་བཀོད་དང་ཞབས་ཞུ། འཕྲོད་བསྟེན་སོགས་ལའང་བར་ཁྱད་ཆེན་པོ་འདུག ལ་ལ་ནི་སྐྱེས་ཆེན་ཞིག་གི་གཟིམ་ཤག་དང་འདྲ་ལ། ལ་ལ་ནི་དཔོན་ཆེན་ཞིག་གི་གཞུང་སྒྲུབ་ཁང་དང་འདྲ། ལ་ལ་ནི་སྤྱིར་བཏང་གི་འགྲུལ་ཁང་ཞིག་རེད། ལ་ལ་ནི་ཉལ་ས་ཞིག་ཡིན་པ་ཙམ་རེད། མགྲོན་ཁང་རེ་རེའི་ནང་དུ་སོང་ནས་ཐོག་མར་མགྲོན་ཁང་གི་ཐོ་ཡིག་ཏུ་ཁོའི་མིང་ཡོད་མེད་དྲིས། མགྲོན་ཁང་གི་ཐོ་ཡིག་ཏུ་ཁོའི་མིང་མེད་ཀྱང་འགྲུལ་བ་བསྡད་ཡོད་པའི་ཁང་པ་རེ་རེའི་སྒོ་བརྡུངས་ཏེ་སྒོ་འབྱེད་དུ་བཅུག་ནས་ནང་དུ་བཙལ་བ་ཡིན།

མགྲོན་ཁང་དེ་དག་ཏུ་མི་གཅིག་རེ་དང་འགའ་རེ་བསྡད་ཡོད་པ་ཉུང་ཞིང་། མི་གཉིས་རེ་བསྡད་ཡོད་པ་ཧ་ཅང་མང་། ངས་དེ་ལྟར་འཚོལ་དུས། མི་གཅིག་རེ་དང་འགའ་རེ་བསྡད་ཡོད་པ་དག་གིས་སྣང་དོགས་ཅི་ཡང་མི་བྱེད་ཀྱང་། མི་གཉིས་རེ་བསྡད་ཡོད་པ་དག་ལས་ཕལ་ཆེ་བ་ནི་ལྐོག་ལྐོག་སུད་སུད་ཅིག་ཏུ་གྱུར་འགྲོ། ཚུགས་ཀ་དེར་བལྟས་ན་དེ་དག་ནི་རང་གི་བཟའ་ཟླས་མི་ཤེས་པའི་སར་ཟུར་བསྟེན་དགའ་རོགས་དང་ལྷན་དུ་ཡོད་པ་ཤེས་ཐུབ།

ཞོགས་པ་ཞིག་ལ། ངས་བདེ་སྐྱིད་སྐར་ལྔའི་མགྲོན་ཁང་ཟེར་བ་ཞིག་གི་ཁང་པ་རེ་རེའི་ནང་དུ་ཞིབ་ཏུ་བཙལ་ཚར་རྗེས་ཤུགས་རིང་ནར་ནུར་ཞིག་དང་བཅས་ཏེ་སྒོ་ཕྱིར་འབུད་དུས། ཁང་བདག་གིས་ངའི་འུ་ཐུག་པའི་རྣམ་འགྱུར་དེ་མཐོང་སྟེ། “མགྲོན་ཁང་འདིར་ས་འོག་གི་ཁང་མིག་ཅིག་ཀྱང་ཡོད། དེའི་ནང་དུ་ད་བར་ཐོབ་ཐང་ལག་ཁྱེར་མེད་པའི་ན་གཞོན་ཞིག་སྡོད་དུ་བཅུག་ཡོད། ཁོའི་འགྲོ་འཆག་ཉལ་འདུག་གི་འཚོ་བ་ལ་ངེས་གཏན་ཞིག་མི་འདུག ཁྱོད་ཀྱིས་འཚོལ་བ་དེ་ཕལ་ཆེར་ཁོ་ཡིན་རྒྱུ་རེད། ད་རུང་ཅུང་སྔ་བས། ཁོ་ཕྱི་རུ་སོང་མི་འདུག”ཅེས་སྨྲས་བྱུང་བས། སྐད་ཆ་དེ་ནི་ངས་རེ་སྒུག་བྱེད་བཞིན་པའི་སྐད་ཆ་ཆེས་སྙན་མོ་སྟེ། རྨ་བྱས་འབྲུག་སྒྲ་ཐོས་པའི་སྐབས་ཀྱི་ཚོར་བ་ཡང་ཚོར་བ་དེའི་ལྷག་ཅིག་ཡིན་རྒྱུ་མ་རེད། སྐད་ཆ་དེ་ཐོས་མ་ཐག་ད་ནི་ངས་ཁོ་རྙེད་བྱུང་བ་མ་ཡིན་ནམ་སྙམ་བཞིན་མྱུར་དུ་ས་འོག་གི་ཁང་མིག་དེར་སོང་ནས་བལྟས་མོད། མངོན་སུམ་གྱིས་ང་ལ་ཀུ་རེ་བརྩེས་པ་དང་འདྲ་བར་མི་དེ་ནི་ན་གཞོན་ཞིག་ཡིན་ནའང་ཁོ་མ་རེད།

ངས་དེ་ལྟར་གྲོང་ཁྱེར་འདིའི་མགྲོན་ཁང་རེ་རེའི་ཁང་མིག་གཅིག་ཀྱང་མ་བསྐྱུར་བར་བཙལ་ཀྱང་ཁོ་རྙེད་མ་བྱུང་།

གྲོང་ཁྱེར་འདིའི་མགྲོན་ཁང་རེ་རེར་བཙལ་ཚར་རྗེས། ང་གྲོང་ཁྱེར་འདིའི་ཆང་ཁང་རེ་རེའི་ནང་དུ་ཁོ་འཚོལ་དུ་སོང་། གྲོང་ཁྱེར་འདིའི་ཆང་ཁང་ཕལ་ཆེ་བ་ནི་ཕྱི་གླིང་པ་དང་རྒྱ་ནག་གི་གློག་བརྙན་ལས་མཐོང་ཐུབ་པའི་ཆང་ཁང་གི་རྣམ་པ་དེ་དག་དང་གཅིག་ཏུ་སྣང་། ཆང་ཁང་ལ་ལ་ནི་བོད་ཀྱི་གནས་འགངས་ཆེན་ཞིག་གམ་ཡང་ན་ལྷ་ཁང་ཞིག་དང་མཚུངས་ཏེ། ཆང་ཁང་གི་གནམ་གཅལ་དུ་དཀྱིལ་འཁོར་གྱི་རི་མོ་བྲིས་འདུག་ལ། བར་སྣང་དུ་དར་ལྕོག་སྣ་ཚོགས་འཕྲེད་དུ་འཐེན་འདུག གར་སྟེགས་ཀྱི་དཀྱིལ་སྟོད་དུ་འབྲོང་མགོ་ཆེན་པོ་ཞིག་བཞག་ཡོད་པ་དང་དེའི་གན་དུ་མ་ཎི་ཡིག་དྲུག་བརྐོས་པའི་རྡོ་བ་མང་པོ་ཞིག་སྤུངས་འདུག ད་དུང་རྩིག་ལྡེབས་ཀུན་ཏུ་ཐང་ག་སྣ་ཚོགས་ཤིག་བཤམས་འདུག

ཆང་ཁང་དེ་དག་ཏུ་འཚོལ་དུས། ཆང་ཁང་རེ་རེའི་ནང་དུ་ལྟིག་སྒྲ་དང་ཆོམ་སྒྲ། ཀི་སྒྲ་སོགས་སྒྲ་མང་པོ་མཐོ་དམའ་དང་རིང་ཐུང་མི་སྙོམས་པར་གྲགས་ཤིང་། དེ་དག་དང་མཉམ་དུ་དཀར་སེར་དམར་ལྗང་གི་གློག་འོད་སྣ་ཚོགས་རེས་གསལ་རེས་ཡིབ་ཀྱིས་མངོན། རེས་གསལ་རེས་ཡིབ་ཀྱིས་འཕྲོ་བའི་གློག་འོད་སྣ་ཚོགས་ཀྱི་ཁྲོད་ནས་ཆང་ཁང་ནང་གི་མི་རེ་རེའི་ངོ་གདོང་ཡང་སྐབས་རེར་གསལ་ལ་སྐབས་རེར་མག་མོག་ཅིག་ཏུ་སྣང་། ངས་ཆང་ཁང་རེ་རེའི་ནང་ནས་ཁོས་དེང་རབས་ཀྱི་གཞས་ཤིག་གི་དབྱངས་རྟ་དང་བསྟུན་ནས་ཞབས་བྲོ་ལྡ་མ་ལྡེམ་མེ་ཞིག་འཁྲབ་པ། ཡང་ན་གྲོགས་པོ་གྲོགས་མོ་སྐོར་ཞིག་གི་དཀྱིལ་ན་འཁྱར་འཁྱོར་གྱིས་དམ་བུ་ཞིག་ལག་ཏུ་བཟུང་ནས་ཆང་སྐྱོན་ཕུད་བཞིན་པ་སོགས་མཐོང་བར་རེ་བ་བྱས།

ཆང་ཁང་དེ་དག་ཏུ། སྐད་རིགས་དང་ཤ་མདོག་མི་གཅིག་པའི་མི་ནི་སྣ་ཚོགས་ཤིག་འདུ་ཡང་། བོད་ཀྱི་གཞས་པ་ཀུན་དགའི་ཆང་གཞས“ལྷ་སའི་ཆང་ཁང”ཞེས་པའི་ནང་གི་ཚིག“ལྷ་སའི་ཆང་ཁང་ནང་དུ། ། མི་ནི་སྣ་ཚོགས་འདུ་ཡང་། ། རང་སེམས་ཤོར་བའི་མི་དེ། ། གཏན་ནས་མཐོང་རྒྱུ་མི་འདུག །”ཅེས་པ་བཞིན་ཁོ་གཏན་ནས་མཐོང་རྒྱུ་མ་བྱུང་།

དགོང་མོ་ཞིག་གི་དུས་ཚོད་བཅུ་གཉིས་ཡས་མས་ཤིག་ལ། ངས་ཆང་ཁང་ཞིག་ནས་སྐུ་མགྲོན་ཞིག་གིས་ཁོའི་ཆང་གྲོགས་ཤིག་ལ་བལྟས་ནས“སྤྱོད་ཁང་གི་ནང་ན་མི་རྫོབ་ཏོ་ཞིག་གཉིད་འདུག མ་རེད། ཤི་འདུག་པ་འདྲ”ཞེས་ཟེར་བ་ཐོས་བྱུང་། སྐད་ཆ་དེ་ནི་ཅི་འདྲའི་ཞེད་སྣང་སྐྱེ་བ་ཞིག་རེད་ཨང་། སྐད་ཆ་དེས་ང་ལ་ཤ་འདར་ཞིག་རྒྱག་ཏུ་བཅུག་སོང་ལ། དེའི་མུར་ང་ཆང་ཁང་དེའི་སྤྱོད་ཁང་དུ་བརྒྱུགས། སྤྱོད་ཁང་དུ་དངོས་གནས་མི་ཞིག་གན་རྐྱལ་དུ་ལོག་ནས་འདུག མ་གཞིར་མི་དེ་ནི་ར་བཟི་ནས་གཉིད་དུ་ཡུར་འདུག་པ་ཞིག་རེད། མི་དེས་རང་གི་རྐང་སྣམ་ཡང་སྒྱིད་ཁུག་ཏུ་དེད་འདུག་ལ། ད་དུང་རང་གི་སྐྱུག་རོ་དང་གཅིན། སྐྱག་པ་གསུམ་ཡང་ལུས་ཀྱི་གང་ཡིན་སར་སྦགས་འདུག མི་དེ་ནི་ཁོ་དང་ཅུང་ཟད་རིག་འདྲ་ཞིག་ཏུ་མཐོང་ཡང་ཞིབ་ཏུ་བལྟས་པར་ཁོ་གཏན་ནས་མ་རེད།

ངས་དེ་ལྟར་ཇི་ལྟར་བཙལ་ཀྱང་གྲོང་ཁྱེར་འདིའི་ཆང་ཁང་དག་ནས་ཀྱང་ཁོ་རྙེད་མ་བྱུང་།

གྲོང་ཁྱེར་འདིའི་ཆང་ཁང་རེ་རེར་བཙལ་ཚར་རྗེས། ང་གྲོང་ཁྱེར་འདིའི་སྨད་ཚོང་ཁང་རེ་རེའི་ནང་དུ་ཁོ་འཚོལ་དུ་སོང་། སྨད་ཚོང་ཁང་རེ་རེའི་ནང་དུ་གློག་འོད་དམར་པོ་གསལ་ལ་མི་གསལ་བ་ཞིག་བཀར་འདུག་ལ། གྱང་ངོས་གང་ཡིན་སར་རྐང་ཐུང་དང་ནུ་ཐུམ་མ་གཏོགས་བརྒྱབ་མེད་པའི་ལང་ཚོའི་དཔལ་འབར་ཞིང་ཆགས་པས་རབ་ཏུ་མྱོས་པའི་ན་གཞོན་ཕོ་མོའི་འདྲ་པར་མང་པོ་ཞིག་སྦྱར་འདུག སྐབས་དང་སྐབས་སུ་འཁྲིག་སྤྱོད་སྐབས་ཀྱི་སིད་སྒྲ་དང་འདྲ་བའི་གཞས་ཤིག་ཀྱང་ཧ་ཅང་དམའ་མོར་གྲག

སྨད་ཚོང་ཁང་དེ་དག་ཏུ། ངས་ལྐོག་རྣ་ཅོར་ཅོར་དང་ལྐོག་མིག་ལིང་ལིང་གིས་ཁོ་འཚོལ་དུས། འཁྲིག་སྤྱོད་སྐབས་ཀྱི་སིད་སྒྲ་དག་ལས་མཁས་དབང་དགེ་ཆོས་ལགས་ཀྱིས་མཛད་པའི《འདོད་པའི་བསྟན་བཅོས》སུ། “ཕན་ཚུན་བརླ་ཡི་བར་དུ་བརླ་བསྡམ་ཞིང་། ། ནུ་མ་ཕོ་ཡི་བྲང་ལ་གཏད་བྱས་ཏེ། ། རོ་སྟོད་འགུལ་ཅིང་འབྲུ་ཚུགས་མིག་གིས་བལྟ། ། འདི་ནི་ཏ་ལ་རླུང་གིས་བསྐྱོད་པར་བཤད། ། མེ་ལྟར་ཀུན་ཏུ་འབར་བའི་ཆགས་པ་ཡིས། ། ལང་ངམ་ཉལ་ཏེ་བུད་མེད་འཁྱུད་པའི་མཐར། ། རོ་སྨད་ཕན་ཚུན་གཏོད་ཅིང་སྡེབ་བྱེད་པ། ། བ་དན་གཡོ་བའི་རྣམ་འགྱུར་ཅན་དུ་བརྗོད། །”ཅེས་གསུངས་ཡོད་པའི་སྣང་བརྙན་དེ་ག་ལེར་བཞེང་སྐྲུན་བྱས་ཆོག ངས་སྨད་ཚོང་ཁང་རེ་རེའི་ནང་ན་སིད་སྒྲ་འཆོར་བཞིན་འདོད་པ་ལ་ཞུགས་མཁན་དག་ལས་གཅིག་ནི་ཁོ་ཡིན་པར་ཁ་ཚོན་བཅད་ནས་ག་ལེར་བསྒུགས། ཡིན་ནའང་། དེ་དག་ལས་སུ་གཅིག་ཀྱང་ཁོ་མ་རེད། ངའི་རེ་སྒུག་ཁྲོད་ཀྱི་འདུན་པ་དེ་སྟོང་བསམ་དུ་གྱུར་སོང་།

སྐབས་ཤིག་ལ། གཞོན་ཉམས་ཡལ་ལ་ཉེ་བའི་སྨད་ཚོང་མ་ཞིག་གིས་ཆགས་འཛུམ་ཞིག་དང་ལྷན་དུ་ཁང་མིག་གི་སྒོ་ཁར་ཡོང་ནས་ཆགས་སྐད་ཅིག་གིས“ཕྱི་ནས་བསྡད་ནས་ཅི་བྱེད། ནང་དུ་ཤོག་དང”ཞེས་སྨྲས་བྱུང་། ངས་ཕྱིར“ང་ཉལ་པོ་བྱེད་དུ་ཡོང་བ་མིན། ངས་མི་ཞིག་འཚོལ་གྱིན་ཡོད”ཅེས་སྨྲས་ཤིང་། དེ་ནས་མོས་ཅི་ཟེར་ལ་བསྒུགས་ནས་བརླ་དང་ནུ་བར། ལྟེ་བ་སོགས་དཀར་སིང་ངེར་མཐོང་བའི་མོའི་ལུས་ལ་བལྟས་ཙམ་བྱས་པ་ན། ངས་མོའི་སྐེ་རུ་རང་ལ་ཆེས་གསལ་ཆ་ཡོད་པའི་སྐེ་རྒྱན་ཞིག་བཏགས་འདུག་པ་མཐོང་། དེ་ནི་གངས་ཅན་ཚེ་རིང་གི་སྐེ་རུ་བཏགས་ཡོད་པའི་གངས་རིའི་གཟུགས་ཀྱི་དངུལ་གྱི་སྐེ་རྒྱན་དེ་དང་ཨ་ན་མ་ན་རེད། མོའི་སྐེ་རྒྱན་དེ་མཐོང་དུས། ངའི་མིག་ལམ་དུ་གངས་ཅན་ཚེ་རིང་གིས་སྐེ་རྒྱན་དེ་བཏགས་ནས་སྡོད་པའི་སྣང་བརྙན་གསལ་པོ་ཞིག་སྣང་ཙམ་སྣང་ཙམ་བྱས་སོང་། སྐབས་དེར། ངས་མོར“ཁྱོད་ཀྱི་སྐེ་རྒྱན་དེ་ཅི་འདྲའི་ཡག་པ་ལ་ཨང་། སྐེ་རྒྱན་དེ་སྙིང་ཉེ་སུ་ཞིག་གིས་ཁྱོད་ལ་ལེགས་སྐྱེས་སུ་བྱིན་ནམ”ཞེས་དྲིས་པ་ན། མོས་སྣང་དོགས་ཅི་ཡང་མི་བྱེད་པར“སྐེ་རྒྱན་འདི་སྙིང་ཉེ་ཞིག་གིས་ང་ལ་བྱིན་པ་མིན། ཉལ་རོགས་ཤིག་གིས་ང་ལ་བྱིན་པ་ཡིན”ཞེས་སྨྲས་བྱུང་། ངས་སྐད་ཆ་དེ་ཐོས་མ་ཐག་དགའ་ཀྲོག་ཀྲོག་གིས“ཉལ་རོགས་དེའི་མིང་ལ་ཅི་ཟེར་རམ། ཁོ་ད་ལྟ་གང་དུ་ཡོད་པ་ཨེ་ཤེས”ཞེས་དྲིས། མོས་ཕྱིར“ཉལ་རོགས་དེས་ཁོའི་མིང་ལ་ཅི་ཟེར་བ་ང་ལ་བཤད་མ་མྱོང་། ཟླ་འགའི་སྔོན་ཞིག་ལ་ངེད་གཉིས་ཞག་མ་གཉིས་གསུམ་ཞིག་ལ་མཉམ་དུ་བསྡད་པ་ཙམ་ཡིན། དེའི་རྗེས་ནས་བཟུང་ཁོ་ངའི་སྒོ་ཁ་ཞིག་ལའང་སླེབས་མ་བྱུང་། ངས་ཁོ་གར་སོང་གར་འདུག་གི་གནས་ཚུལ་ཅི་ཡང་མི་ཤེས”ཞེས་སྨྲས་བྱུང་།

ངས་དེ་ལྟར་སྐབས་ཐོག་གང་རུང་ངམ་ཡང་ན་ཞག་མ་གཅིག་གི་ཡུན་དུ་འདོད་པ་ལ་ཅི་དགར་རོལ་བའི་སྨད་ཚོང་ཁང་གི་སྐྱེས་པ་དེ་དག་གི་ཁྲོད་ནས་ཀྱང་ཁོ་རྙེད་མ་བྱུང་།

གྲོང་ཁྱེར་འདིའི་སྨད་ཚོང་ཁང་རེ་རེར་བཙལ་ཚར་རྗེས། ང་གྲོང་ཁྱེར་འདིའི་ཤོ་ཁང་རེ་རེའི་ནང་དུ་ཁོ་འཚོལ་དུ་སོང་། ཅུང་ཟད་གསང་ཁང་གི་ཚུལ་དུ་གནས་པའི་ཤོ་ཁང་དག་ནི་མགྲོན་ཁང་དུ་ཡོད་ལ། གཞིས་ཁྱིམ་དུའང་ཡོད། ཟ་ཁང་ཆེན་པོ་རུ་ཡོད་ལ། ཇ་ཁང་ཆེན་པོ་རུའང་ཡོད། ཤོ་ཁང་དེ་དག་གི་ཉེ་ས་དང་ཅུང་ཟད་རིང་བའི་གནས་ཀུན་ཏུ་ཉེན་རྟོག་པར་མྱུལ་ཞིབ་བྱེད་མཁན་གྱི་སོ་བ་མང་པོ་ཞིག་བཞག་འདུག དེ་དག་གིས་ཀྱང་རང་རང་ས་ན་ཁོར་ཡུག་དེར་འཕྲོད་པའི་ལས་ཀ་རེ་སྒྲུབ་ཀྱིན་ཡོད་པས་བལྟས་ཚོད་ཀྱིས་དེ་འདྲ་ཞིག་ཡིན་པའི་སྣང་བ་ཅི་ཡང་མི་སྟེར། ཤོ་ཁང་གི་ནང་ན་མི་ཐོབ་ཐང་མི་འདྲ་བ་སྣ་ཚོགས་ཤིག་མཆིས་ཏེ། དེ་རུ་ཚོང་པ་ཡོད་ལ། མགོ་ཁྲིད་ཀྱང་འདུག ད་དུང་དགེ་རྒན་དང་སྨན་པ། སྤྱིར་བཏང་གི་མང་ཚོགས་བཅས་ཀྱང་འདུག

ཤོ་རྒྱག་མཁན་དེ་དག་གི་མདུན་དུ། སྒོར་མོ་ནི་རླུང་རྟ་བཞིན་སྤུངས་འདུག་ལ། ཤོ་རྒྱག་དུས་སྒོར་མོ་སར་འཕེན་པའི་ཉམས་ནི་བུ་མོ་གཡུག་ཅན་ཞིག་གིས་སླ་ངའི་ནང་དུ་འཐེན་ཐུག་འཐེན་པ་དང་མཚུངས། སྐབས་ལ་ལར། ངས་ཁོ་ཤོ་ཁང་དག་ཏུ་འཚོལ་དུས་ཤོ་རྒྱག་མཁན་སུ་ཞིག་རྒྱལ་བའི་སྐབས་སུ་ཁེལ་ཚེ། དེས་རང་གི་ཉེ་འཁོར་གྱི་མི་ཚང་མར་སྒོར་མོ་བརྒྱ་རེ་སྟེར་བར་བྱེད། ང་ལའང་སྐབས་དེ་འདྲར་སྒོར་མོ་བརྒྱ་རེ་ཐོབ་མྱོང་། དེ་ནི་ཤོ་རྒྱག་མཁན་ཚོའི་ལུགས་སྲོལ་ཞིག་ཡིན་པར་བཤད་ལ། དེ་ལྟར་སྟེར་དོན་ནི་སྐབས་དེར་རྒྱལ་བར་གྱུར་པའི་ཤོ་རྒྱག་མཁན་དེའི་ཁ་ལས་རླུང་རྟ་དར་ཏེ་ནོར་གྱི་ཕྱ་གཡང་འཁོར་ཆེད་ཡིན་སྐད།

ལུགས་སྲོལ་དེ་འདྲ་ཞིག་ཡོད་པས། ཕོ་བའང་འགྲང་གིན་མེད་པའི་མི་ཞིག་ཡིན་ཡང་ཤོ་ཁང་དུ་སླེབས་ཚེ། རང་གི་ཟ་འཐུང་ལ་འདང་རྒྱག་བྱེད་མི་དགོས་པ་ཞིག་ཏུ་ཆགས་འདུག

ངས་ཤོ་ཁང་ཞིག་ཏུ་ཁོ་འཚོལ་གྱིན་པའི་སྒང་ལ། ཤོ་ཁང་དེའི་ཤོ་རྒྱག་མཁན་སྐོར་ཚོགས་ཤིག་གི་ཁྲོད་ནས་ངས་མཛུ་གུ་གཉིས་རྒྱལ་ལ་བཞག་ནས་བཅད་རྗེས་ཁྲག་དམར་ཙར་ཙར་དང་བཅས་འདར་སིག་སིག་བྱེད་བཞིན་པའི་ཤོ་རྒྱག་མཁན་ཞིག་མཐོང་བྱུང་། ངས་ཅུང་ཟད་རྒྱང་ནས་མཐོང་དུས། མཛུ་གུ་གཉིས་རྒྱལ་ལ་འཇོག་མཁན་དེ་ཁོ་ཡིན་པའི་ཚུགས་ཀ་ཞིག་འདུག་ཀྱང་གན་དུ་སླེབས་དུས་དེ་ཡང་ཁོ་མ་རེད། དེའི་རྣམ་པ་ནི་དངོས་གནས་མིག་གིས་བལྟར་མི་བཟོད་པ་ཞིག་རེད། ཤོ་རྒྱག་མཁན་གཞན་འགའ་རེས་མི་དེའི་ཚུགས་ཀར་བལྟས་ཏེ“ཅི་འདྲའི་མི་སྐྲག་ཤོར་སྡར་མ་ཞིག་རེད་ཨང་། སྒྱིད་པ་ཡང་ལྷེམ་ལྷེམ་བྱེད་ཀྱིན་འདུག”ཅེས་ཟེར་བ་ལས་གཞན་སུ་ཞིག་གིས་ཀྱང་དོན་དག་དེར་དོ་སྣང་ཅི་ཡང་བྱེད་ཀྱིན་མི་འདུག སྣང་ཚུལ་དེ་ལས་དོན་དག་དེ་འདྲ་འབྱུང་བ་ནི་ཆེས་རྒྱུན་ལྡན་ཞིག་ཡིན་པ་གསལ་པོར་ཤེས་ཐུབ།

ངས་དེ་ལྟར་གྲོང་ཁྱེར་འདིའི་ཤོ་ཁང་དག་གི་ནང་ནས་ཀྱང་ཁོ་ཇི་ལྟར་བཙལ་ཀྱང་རྙེད་མ་བྱུང་།

ངས་གནས་དེ་དག་ཅིག་ནས་ཁོ་མི་རྙེད་རྒྱུ་ཞིག་གཏན་ནས་ཡོད་རྒྱུ་མ་རེད་སྙམ་ཡོད། ཡིན་ནའང་། ངས་ཚོད་དཔག་བྱས་པ་རྩ་བ་ནས་ནོར་སོང་། ཁོ་རྙེད་ངེས་གཏན་ཡིན་པའི་གནས་དེ་དག་ནས་ཀྱང་ཁོ་ག་ལ་རྙེད། མི་གྲངས་མེད་ཅིག་ལ་ཁོའི་འདྲ་པར་བསྟན་ནས་གསལ་པོར་དྲིས་ཀྱང་། ཁོའི་གནས་ཚུལ་ལྡོམ་པོ་ཞིག་གམ་ཡང་ན་རྫུན་མ་ཞིག་ཀྱང་ཐོས་མ་བྱུང་། དེ་ལྟ་ནའང་། ངའི་སེམས་ཤུགས་ཅུང་ཙམ་ཡང་མ་ཉམས་པར་གནས་དེ་དག་ལ་ཡང་བསྐོར་བསྐྱར་བསྐོར་གྱིས་བཙལ་ཅིང་། གནས་དེ་དག་ལས་གཞན་ད་དུང་གྲོང་ཁྱེར་གྱི་གནས་གང་ཡིན་སར་ཟླ་ནས་ཟླ་སྦྲེལ་ཏེ་མུ་མཐུད་དུ་བཙལ། ཐ་ན་གྲོང་ཁྱེར་གྱི་ཟམ་པའི་འོག་དང་གད་སྙིགས་སྤུངས་ས། སྤྲང་པོའི་སྡོད་གནས་སོགས་ལའང་ཞིབ་ཏུ་བཙལ། ཡིན་ནའང་། ངས་ཁོ་གཏན་ནས་རྙེད་མ་བྱུང་།

ཁོ་གང་དུ་བུད་སོང་ངམ། ངས་ད་དུང་ཁོ་མི་རྙེད་པ་ཅི་ཡིན་ནམ། ངས་དེ་ལྟར་ཁེར་ལབ་བྱེད་ཀྱིན་ད་ཅི་ཞིག་བྱ་ཨང་སྙམ་དུས། ཐབས་མཆོག་ཅིག་བློ་ལ་ཤར་བྱུང་། དེ་ནི་ཁོས་རང་གི་ཁ་པར་ཨང་གྲངས་སྔོན་མ་དེ་བཀོལ་སྤྱོད་བྱེད་མཚམས་བཞག་ནའང་། ད་བར་ཁོས་ཁ་པར་ཨང་གྲངས་གཞན་ཞིག་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་ནི་བསྙོན་དུ་མེད་པས། ང་ཀྲུང་གོའི་འཁྱེར་འཕྲིན་དང་འབྲེལ་འཕྲིན་ཀུང་སི་གཉིས་སུ་སོང་ནས་གངས་ཅན་ཚེ་རིང་གི་མིང་ཐོག་གི་ཨང་གྲངས་གཞན་བཙལ་ན་ཁོར་འབྲེལ་བ་བྱེད་ཐུབ་སོང་བ་མ་ཡིན་ནམ། དེ་ནི་དངོས་གནས་ཐབས་མཆོག་ཡ་མེད་ཅིག་སྟེ།

ད་ཐེངས་ད་ཁོ་རྙེད་ངེས་པ་ཏན་ཏན་ཐག་གིས་ཆོད། ཐབས་མཆོག་དེ་བློ་ལ་ཤར་མ་ཐག་ང་ཀྲུང་གོའི་འཁྱེར་འཕྲིན་དང་འབྲེལ་འཕྲིན་ཀུང་སི་གཉིས་སུ་སོང་ནས་ཁོའི་མིང་ཐོག་གི་ཁ་པར་ཨང་གྲངས་གཞན་ཞིག་ཨེ་རྙེད་ལ་རེ་བ་བཅངས་ཏེ་བཙལ་པ་ན། ཏག་ཏག་གངས་ཅན་ཚེ་རིང་གི་མིང་ཐོག་ནས་ཁ་པར་ཨང་གྲངས་གཞན་ཞིག་རྙེད་བྱུང་། དེའི་མུར་ངས་ཁ་པར་ཨང་གྲངས་དེའི་སྟེང་དུ་ཁ་པར་བཏང་། ཆེས་གནད་འགག་གི་སྐབས་དེར་ཁ་པར་དང་པོ་དེའི་སྒོ་ཕྱེས་མ་སོང་། དེ་ནས་ཡང་བསྐྱར་ཁ་པར་བཏང་བར་ད་གཟོད་ཁ་པར་གྱི་སྒོ་ཕྱེས་བྱུང་།

ཁོས་ཁ་པར་གྱི་སྒོ་ཕྱེས་པ་ན། ང་ལ་ཁོར་དངོས་སུ་འཕྲད་པ་ལྟ་བུའི་དགའ་བ་གནོན་མི་ཐུབ་པ་ཞིག་བྱུང་ཞིང་། དེའི་མུར་ཁ་པར་ལས“བདེ་མོ། ཁྱོད་གངས་ཅན་ཚེ་རིང་ཡིན་ནམ”ཞེས་སྨྲས་པར། ཁོས་མ་རངས་པའི་སྐད་གདངས་ཤིག་གིས“འོ་ལེ། ང་གངས་ཅན་ཚེ་རིང་ཡིན། ཅི་རེད། དོན་དག་ཡོད་དམ”ཞེས་སྨྲས་བྱུང་། ངས་ཕྱིར“ངས་ཁྱོད་འཚོལ་གྱིན་ཡོད། ཁྱོད་ད་ལྟ་གང་ན་ཡོད”ཅེས་སྨྲས་པ་ན། ཁོས“ཁྱོད་ཀྱིས་ང་ལ་དུས་འདི་འདྲ་ཞིག་ལ་ཁ་པར་བཏང་ནས་བར་ཆད་མ་བྱེད་དང་། ངས་སྲིད་གཞུང་གི་རྒྱབ་ན་འགད་རྫས་ཤིག་འཇོག་བཞིན་པའི་སྒང་ཡིན”ཞེས་སྨྲས་འཕྲལ་ཁ་པར་གྱི་སྒོ་བརྒྱབ་བྱུང་།

སྐད་ཆ་དེས་གློ་རྡེག་ལ་ང་ཡེར་སེ་བཏང་ཞིང་། དེའི་མུར་སྐྲག་མ་སྔངས་ཀྱིས་ཁོའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་འགོག་ཆེད་དུ། གླ་གཏོང་རླངས་འཁོར་ཞིག་གླས་ཏེ་ཤར་སེ་གྲོང་ཁྱེར་འདིའི་སྲིད་གཞུང་གི་རྒྱབ་ཏུ་སོང་། གནས་དེ་རུ་ཁང་རྩེག་བསྐྱར་སྐྲུན་གྱི་གཞི་འདིང་སའི་ས་མང་པོ་ཞིག་བསློགས་འདུག་ལ། དེ་གར་ན་གཞོན་ཞིག་ཡོད་མོད། ཁོ་ནི་གངས་ཅན་ཚེ་རིང་མིན་ལ། ཁོས་འགད་རྫས་ཤིག་འཇོག་གིན་མེད་པར་སྐྱག་པ་གཏོང་བཞིན་འདུག ན་གཞོན་དེ་མ་གཏོགས་གཞན་སུ་གཅིག་ཀྱང་གནས་དེ་རུ་མི་འདུག

སྐབས་དེར། ང་ན་གཞོན་དེའི་གན་དུ་སླེབས་ལ་ཉེ་དུས། ཁོས་སྐྱག་པ་བཏང་ཚར་ནས་ཡར་ལ་ལངས་བྱུང་། ངས་ཁོར“ཁྱོད་ཀྱི་མིང་ལ་ཅི་ཟེར”ཞེས་དྲིས། ཁོས“ངའི་མིང་ལ་གངས་ཅན་ཚེ་རིང་ཟེར། ཡ། ཅི་རེད། དོན་དག་ཡོད་དམ། ཁ་པར་བཏང་ནས་བར་ཆད་བྱེད་མཁན་དེ་ཡང་ཁྱོད་ཡིན་ནམ”ཟེར། ཁོས་དེ་ལྟར་སྨྲས་པས། ངས་རང་གིས་རྙེད་པའི་ཁ་པར་ཨང་གྲངས་དེ་ནི་ཁོའི་ཡིན་པ་དང་། ཁོའི་མིང་ཡང་ངས་འཚོལ་བཞིན་པའི་གངས་ཅན་ཚེ་རིང་གི་མིང་དང་གཅིག་ཡིན་པ་གསལ་པོར་ཤེས་བྱུང་། ད་དུང་། ཁོས་འགད་རྫས་ཤིག་འཇོག་བཞིན་ཡོད་ཅེས་ཟེར་བ་ཡང་སྐྱག་པ་གཏོང་བཞིན་ཡོད་ཅེས་ཟེར་བར་གོ་དགོས་པ་རྟོགས་བྱུང་།

ངས་ད་དུང་ཁོ་འཚོལ་གྱིན་ཡོད། ངས་ཁོ་རྙེད་རག་བར་དུ་ངེས་པར་འཚོལ་དགོས།

ཁོ་འཚོལ་སྐབས་ཀྱི་དཀའ་ཚེགས་དང་མ་རྙེད་པའི་སེམས་ཁྲལ་བར་ནས། རང་ཉིད་ཧ་ཅང་ཐང་ཆད་པར་འགྱུར་ལ། མཚམས་རེར་གཉིད་འཐིབས་པོ་ཞིག་ཀྱང་འགོག་ཐབས་མེད་པར་བབས་ཡོང་། ཡིན་ནའང་། ངས་མུ་མཐུད་དུ་ཁོ་འཚོལ་གྱིན་ཡོད། ཁོ་འཚོལ་གྱིན་འཚོལ་གྱིན་སྨན་ཁང་ཆེན་མོ་ཞིག་ཏུ་སླེབས་བྱུང་།

སྨན་ཁང་ཆེན་མོ་དེ་རུ། ངོ་མཚར་བའི་དེང་རབས་ཀྱི་ནད་བརྟག་འཕྲུལ་ཆས་ཆ་ཚང་ཞིང་། ནད་བབ་དང་བསྟུན་ནས་བྱེ་བྲག་གི་ཚན་ཁག་ཀྱང་རིགས་མང་དུ་བགར་འདུག ཚན་ཁག་དེ་དག་ཏུ་ལྭ་བ་དཀར་པོ་གོན་པའི་སྨན་པ་ཧ་ཅང་མང་། བལྟས་ཚོད་ཀྱིས་ཁོ་ཚོས་དགེ་བའི་བྱ་བ་རླབས་ཆེན་ཞིག་སྒྲུབ་ཀྱིན་ཡོད་པར་སྣང་ཡང་། སྨན་ཁང་དུ་ནད་པ་ཚབས་ཆེན་ཇི་ལྟར་མང་པོ་ཡོང་ན་ཁོ་ཚོ་དེ་ལྟར་དགའ་ཞིང་། ནད་ལ་བརྟག་དུས་སྒོར་མོའི་གྲངས་ཀ་བསམས་ནས་གདོང་ལ་འཛུམ་མདངས་འཁྱིལ། འཛེམ་དོགས་ཅི་ཡང་མེད་པར་ཤན་པས་ཟོག་སྣང་མེད་དུ་བཞག་པ་བཞིན་ནད་པ་ཡང་ལྕི་ཚང་མར་གཤག་བཅོས་གང་འདོད་དུ་བྱེད།

སྨན་ཁང་ཆེན་མོ་དེའི་ནང་དུ་ནད་པ་ཧ་ཅང་མང་པོ་ཞིག་ཡོད་ལ། དེ་བཞིན་དུ་ནད་ཁང་ཡང་མང་པོ་ཞིག་འདུག ངས་ནད་ཁང་རེ་རེ་གཅིག་ཀྱང་མ་བསྐྱུར་བར་ཁོ་བཙལ། ལས་བཟང་བ་ཞིག་ལ་ཆེས་མཇུག་མཐའི་ནད་ཁང་དེའི་ནང་ནས་ངས་ཁོ་མཐོང་བྱུང་། ཏག་ཏག་དུས་དེར་ཁོ་མཐོང་སྐབས་ཀྱི་དགའ་སྐྱོ་བསྣོལ་མར་འཐབ་པའི་ཚོར་བ་དེ་ནི་ཅི་འདྲའི་སྨྲ་བསམ་བརྗོད་འདས་ཤིག་རེད་ཨང་། ནད་ཁང་དེ་རུ་ཁོའི་མགོ་བོ་དང་ལག་པ་གཡས་པ་གཉིས་རས་དཀར་པོ་ཞིག་གིས་གཅུད་ནས་ནད་ཁྲི་ཞིག་ཏུ་བསྙལ་འདུག་ལ། ཁོས་ང་མཐོང་མ་ཐག་མིག་ཁྲ་ཆུང་མཆི་མ་ཉིལ་ལེར་འཛུམ་ཙམ་འཛུམ་ཙམ་བྱས་སོང་། ང་ཁོའི་ནད་ཁྲིའི་གན་དུ་སླེབས་ལ་ཉེ་དུས། ཁོས་རྨ་ཁའི་ན་ཟུག་མ་བཟོད་པར་ཨག་སྐད་རིང་བོ་ཞིག་བཏོན་པས། ང་གློ་རྡེག་ལ་ཡེར་སེ་བཏང་བྱུང་།

སྐབས་དེར། ངས་རང་གི་ཉེ་འཁོར་དུ་ཞིབ་ཏུ་བལྟས་པ་ན་ང་སྨན་ཁང་ཞིག་ཏུ་སླེབས་མེད་པར་ལམ་འགྲམ་གྱི་རྐུབ་སྟེགས་ཤིག་ཏུ་གཉིད་འདུག་པས། ངས་སྔོན་ཏག་ཏག་ལ་ཁོ་རྙེད་པ་དེ་ནི་རྨི་ལམ་ཡིན་པ་རྟོགས་བྱུང་། ཀྱི་ཧུད། སེམས་སྐྱ་མོ་འདི་ཅི་འདྲའི་སྡུག་པ་ལ་ཨང་། རྨི་ལམ་དེ་ནི་མངོན་སུམ་ཞིག་ཡིན་ན་ཅི་མ་རུང་། ངས་ད་དུང་རྨི་ལམ་དེའི་མུ་མཐུད་ནས་རྨིས་ཡོད་ན་དགའ་བ་ལ། ཡིན་ནའང་། འཕྲུལ་སྣང་ལྟ་བུའི་རྨི་ལམ་གྱི་བདེ་བ་དེ་ཡང་དུས་ཐུང་ངུ་ཞིག་ལ་ལོངས་སུ་སྤྱོད་པའི་གོ་སྐབས་ཤིག་ཀྱང་ཐོབ་མ་བྱུང་།

ཇི་ལྟར་བཙལ་ཀྱང་། དངོས་ཡོད་ཀྱི་ཁྲོད་ནས་ཁོ་རྙེད་མ་བྱུང་། ཞོགས་པ་ཞིག་ལ། ངས་ཁོ་རྙེད་བྱུང་བ་རྟོག་བཟོ་བྱས། ཡིན་ནའང་། སྣང་བ་ཞིག་ལ་རྟོག་བཟོའི་ཁྲོད་ཀྱི་ཞོགས་པ་ནི་ས་སྲོད་ཅིག་དང་འདྲ་ལ། རྟོག་བཟོའི་ཁྲོད་ཀྱི་ཁོ་ཡང་སྔོན་ཆད་ཀྱི་ཁོ་མིན་པར་གཞན་ཞིག་དང་འདྲ། ཁོའི་སྔོན་གྱི་བསམ་བློ་དང་གཤིས་ཀ བྱ་སྤྱོད། རྣམ་འགྱུར། ཐ་ན་སྐྲ་ལོ་འཇོག་སྟངས་དང་ལྭ་བ་གྱོན་སྟངས། གོམ་པ་སྤོ་སྟངས། སྐད་ཆ་འཆད་སྟངས་ཡོད་ཚད་རྟོག་བཟོའི་ཁྲོད་ནས་ཀྱང་རྙེད་ཐབས་མི་འདུག

ངས་ཁོ་བཙལ་ནས་དུས་ཡུན་ཧ་ཅང་རིང་པོ་ཞིག་འགོར་སོང་། དུས་ཡུན་ཧ་ཅང་རིང་པོ་དེའི་རིང་ལ། ངས་ཁོ་འཚོལ་བར་ནུས་པ་ཅི་ཡོད་བཏོན་ན་ཡང་ཁོའི་གྲིབ་མ་ཙམ་ཡང་རྙེད་མ་བྱུང་། ངས་ཁོ་འཚོལ་དུས་ཉིན་མོའི་ཟས་བརྗེད་མྱོང་ལ། མཚན་མོའི་གཉིད་ཀྱང་བཅག་མྱོང་། དབྱར་གྱི་ཚ་གདུག་གིས་མ་ཁོག་ལ། དགུན་གྱི་གྲང་ངར་གྱིས་ཀྱང་མ་ཁོག གྲོང་ཁྱེར་ཞིག་ཡིན་ཡང་མི་ཞིག་འདི་ལྟར་བཙལ་ན་མི་རྙེད་རྒྱུ་ཞིག་གང་ན་ཡོད། གྲོང་ཁྱེར་འདི་ནས་ཁབ་ཅིག་བོར་སོང་བའི་དབང་དུ་བཏང་ནའང་སྔ་མོ་ཞིག་ནས་རྙེད་ཡོད་ངེས། ཡང་ན་ཁོ་ནི་གྲོང་ཁྱེར་འདི་ལས་ཀྱང་ཆེ་བའི་གྲོང་ཁྱེར་གཞན་ཞིག་ཏུ་བུད་སོང་བ་ཡིན་ནམ། ཡང་ན་ཁོ་ནི་འཇིག་རྟེན་འདི་དང་ཁ་བྲལ་སོང་བ་ཡིན་ནམ། འཇིག་རྟེན་འདི་དང་ཁ་བྲལ་སོང་ན་བེམ་པོ་ཡང་མཐོང་རྒྱུ་མེད་པ་ཅི་ཡིན་ནམ། ཡང་ན་ཁོ་གྲོང་ཁྱེར་འདིའི་གནས་གང་ཞིག་ན་རྟག་ཏུ་ཡོད་ངེས་པ་གོར་མ་ཆག་སྟེ། ཁོ་འཚོལ་དུས། ང་ཁོ་ལ་གདོང་ཐུག་གིས་མ་འཕྲད་པ་མ་གཏོགས་ངེད་གཉིས་ཀྱི་བར་ན་གོམ་པ་འགའ་ཞིག་ལས་མེད་དུས་ཀྱང་ཡོད་ངེས་ལ། ངས་ཁོ་ཐད་ཀར་དུ་མ་མཐོང་བ་མ་གཏོགས་ངེད་གཉིས་ཀྱི་བར་ན་རྩིག་གྱང་ཞིག་ལས་མེད་དུས་ཀྱང་ཡོད་ངེས། དེ་འདྲ་ཞིག་ཡིན་ཚེ། འཇིག་རྟེན་འདི་ན་དེ་ལས་ལྷག་པའི་བར་ཐག་ཅིག་གང་ན་ཡོད། དེ་ནི་རི་ཆུ་ཁྲི་སྟོང་གིས་བཅད་པའི་བར་ཐག་ལས་ཀྱང་ཐུ་བ་ཞིག་མ་ཡིན་ནམ།

ངས་དེ་ལྟར་རང་གིས་རང་ལ་དྲི་བ་རེ་འདྲི་བཞིན་སྲང་ལམ་དོག་མོ་ཞིག་ནས་མར་སོང་། ཏག་ཏག་ད་ནི་དེ་རིང་གི་དུས་ཚོད་ཀྱང་ཚར་ནས་ས་སྲོད་ཀྱི་སྐབས་སུ་སླེབས་ལ་ཉེ།

མཇུག་བྱང་།

དེ་རིང་ཡང་ཕར་ལ་འདས་སོང་། ད་ནི་ཕོ་བའང་ཧ་ཅང་ལྟོགས་ཀྱིན་འདུག སྟབས་ཐུག་ཅིག་ཉོས་རྗེས། ང་ངེས་གཏན་མེད་པའི་སྡོད་ས་ཞིག་འཚོལ་དུ་སོང་། བློ་ཡུལ་ལས་འདས་པ་ཞིག་ལ་མདུན་ཕྱོགས་ཀྱི་ལམ་འགྲོ་བའི་གསེང་ནས་བཀྲ་ཤིས་ཀྱིས“གངས་ཅན་ཚེ་རིང”ཞེས་འབོད་བཞིན་ང་ལ་གཟས་ནས་མགྱོགས་པོར་འོང་གིན་དགའ་བ་གནོན་མི་ཐུབ་པ་ཞིག་དང་བཅས་ཏེ“ད་ནི་ངས་ཁྱོད་རྙེད་བཏང་ནི་རེད། ཅི་འདྲའི་དགའ་བ་ལ་ཨང་། ངས་ཁྱོད་རང་བཙལ་ནས་དུས་ཡུན་ཧ་ཅང་རིང་པོ་ཞིག་འགོར་ཟིན”ཞེས་སྨྲ་བཞིན་ངའི་གན་དུ་སླེབས་ལ་ཉེ་དུས། བཀྲ་ཤིས་ཀྱི་ངོ་གདོང་གློ་རྡེག་ལ་གཞན་ཞིག་ཏུ་གྱུར་སོང་། ཏག་ཏག་སྐབས་དེར། སུ་ཞིག་གིས་རྒྱབ་ཕྱོགས་ནས་ངའི་ཕྲག་པར་ཐལ་ལྕག་གིས་བརྒྱབ་བྱུང་བར། ང་ཕྱིར་འཁོར་བ་ན་ངའི་རྒྱབ་ན་ཉེན་རྟོག་པ་གཉིས་ལངས་འདུག་ལ། ཁོ་གཉིས་ཀྱིས་ཅི་ཡང་མི་བཤད་པར་ང་ཕྱིར་འཁོར་མ་ཐག་ཅི་མྱུར་གྱིས་ངའི་ལག་པར་ལྕགས་སྒྲོག་བརྒྱབ་བྱུང་།

ཉེན་རྟོག་པ་དེ་གཉིས་ཀྱིས་ང་དེ་ལྟར་འཛིན་བཟུང་བྱས་རྗེས། སྲང་ལམ་དོག་མོ་དེའི་མར་སྣེ་ན་བཞག་ཡོད་པའི་ཉེན་རྟོག་པའི་རླངས་འཁོར་གྱི་ཕྱོགས་སུ་ང་ཁྲིད་ནས་བུད་སོང་ལ། བཀྲ་ཤིས་ཀྱིས་ཀྱང་ཉེན་རྟོག་པ་གཉིས་ཀྱིས་ང་ཉེན་རྟོག་པའི་རླངས་འཁོར་དུ་འཇུག་རག་བར་རྗེས་འདེད་བཏང་ནས་སླེབས་ཤིང་། དེ་ནས་སྐད་གཉོམ་པོ་ཞིག་གིས“ངས་གངས་འདབས་ནས་ཁྱོད་ཕྱིར་ལོག་པར་རེ་སྒུག་བྱེད། ཁྱོད་ངེས་པར་ཕྱིར་ལོག་དགོས”ཞེས་སྨྲས་བྱུང་།

ཉེན་རྟོག་པ་དེ་གཉིས་ཀྱིས་ང་ཉེན་རྟོག་པའི་རླངས་འཁོར་དུ་བཞག་རྗེས་ཉེན་བརྡ་གཏོང་བཞིན་སྐྱོད་མགོ་བརྩམས་བྱུང་། དེའི་དུས། ངས་ཉེན་རྟོག་རླངས་འཁོར་གྱི་སྒེའུ་ཁུང་འགྲམ་གྱི་མེ་ལོང་ལས་བཀྲ་ཤིས་ཀྱིས་ལག་ཏུ་ཕྲེང་བ་ཞིག་བཟུང་སྟེ་རྒྱབ་ཕྱོགས་ན་ཧད་ནས་འདུག་པ་མཐོང་ལ། དེ་ནས་རང་གི་ངོ་གདོང་དུ་གྲིས་བརྒྱབ་པའི་རྨ་ཤུལ་ཆེན་པོ་ཞིག་ཡོད་པ་དེ་མཐོང་བྱུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།