ཀྲུང་གོ་བོད་ཀྱི་དྲ་བ།

ཉི་འོད་འོག་གི་གོམ་འགྲོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གངས་སྨྱུག   སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་ས་མལ་དང་རྡོ་རྡོ་མལ་ནས་དབོར་ཡོང་སྟེ་རྟག་བརྟན་འགྱུར་མེད་ཀྱི་བཙན་བརྗིད་འཁོར་ལོས་བསྒྱུར་བའི་བཀའ་ལུང་སྟོང་གི་མཐོངས་ཀྱི་ཕོ་བྲང་ནང་བཞིན། ཕྱོགས་དང་མཚམས་གང་ནས་གཟིགས་ཀྱང་། ལྷམ་མེར་བཀྲ་ཞིང་ལྷང་ངེར་གསལ་བའི་ལོ་རྒྱུས་ཀྱི་མུ་ཏིག་འདི་ནི། སྐྱེས་རབས་ཀྱི་ཕྲེང་ཐག་བཞིན་གླེགས་བམ་གྱི་གཏོས་སུ་བརྩིགས་མ་མྱོང་ནའང་སེམས་ཀྱི་དཀར་ཆག་ཏུ་ཅི་ལ་མི་སྡེབ།

རྡོ་རྗེ་ཕ་ལམ་མཐུན་གཉེར་ཁང་དུ་འཕྲིན་ལས་དོན་གྲུབ་སོགས་ཡིག་མཁན་རྣམས་ཀྱིས་ཤིན་ཏུ་གནག་པའི་རྡོ་ཤེལ་རེ་བསྐྱོན་ཏེ། རང་རང་ལ་ལས་བགོ་བརྒྱབ་པའི་པོ་ཏི་ཆེ་ཆུང་སྣ་ཚོགས་མདུན་ཅོག་ཏུ་བཞག་ནས། ཐིག་ཕྲེང་རེ་རེ་བཞིན་ཞིབ་དག་གནང་བའི་གཟབ་ནན་གྱི་རྣམ་པ་དེར་བལྟས་ན། གསུང་རབ་ཀྱི་ཕུད་དུ་སོན་པ་དག་རིན་ཆེན་བཙོ་མ་གསེར་གྱིས་འབྲི་བའི་བགྱི་བ་དང་དུ་ལེན་པ་ནི། ཆེས་གཟི་བརྗིད་ལྡན་པ་ཞིག་རེད་ཨང་ཞེས་བསམ་བློ་མི་གཏོང་མཁན་ཞིག་དབྱངས་གསལ་སོ་བཞི་ངག་ན་ལྡེམ་པའི་རྩམ་གཟན་པའི་ཁྲོད་ན་ཨེ་ཡོད་སྙམ་པའི་དོགས་པའི་མདུད་ཆིངས་རྨང་ནས་བཤིག

ཞོགས་པའི་ཉི་གཞོན་གྱི་ཟེར་ཕྲེང་ས་གཞི་དགའ་མའི་ཕང་བར་འཕྲོས་ནས་ཅུང་མ་འགོར་བར། འོད་ཟེར་རྒྱལ་མཚན་གྱིས་རྡོ་རྗེ་ཕ་ལམ་མཐུན་གཉེར་ཁང་གི་གཞུང་སྒོ་ནང་མའི་འགྲམ་དུ། ལས་བཟོ་པ་དག་གི་མིང་ཐོའི་དེབ་ཆུང་དེ་ཀོ་བའི་ཁུག་མའི་ནང་ནས་ཡར་བཏོན་ཏེ། ནད་དགོངས་དང་དོན་དགོངས་ཀྱི་མི་གྲངས་ལ་ཞིབ་བཤེར་བྱེད་མགོ་ཚུགས། ལས་བཟོ་པ་རྣམས་ཆུ་ལོག་བཞུར་བ་ལྟར་ལ་ལ་མོ་ཊ་བཏང་ནས་ཡོང་བ་དང་། ལ་ལ་ལྕགས་རྟ་དང་གློག་རྟར་བཞོན་ནས་གཅིག་རྗེས་གཉིས་མཐུད་ཀྱིས་མཐུན་གཉེར་ཁང་གི་སྒོ་འགྲམ་དུ་འཛོམས་ནས་སོ་སོའི་མིང་བཙལ་ཏེ་ཐོ་རྒྱག་མགོ་བརྩམས།

འོད་ཟེར་རྒྱལ་མཚན་གྱིས་སྐབས་དེ་དང་བསྟུན་ནས་སྐད་ཆེན་པོས། ལྷན་རྒྱས་ཡག་པོ་ཞིག་གསན་རོགས་གནང་། དེ་རིང་ལྗོངས་རིམ་པའི་དབུ་ཁྲིད་ཁག་ཅིག ངེད་མཐུན་གཉེར་ཁང་དུ་གཟིགས་སྐོར་ལ་ཕེབས་རྒྱུ་ཡིན་པས་དང་པོ་གཙང་སྒྲ་ཡག་པོ་ཞིག་བྱ་རྒྱུ་དང་། དེ་ནས་ལོ་འདི་དག་གི་རིང་ལ། ང་ཚོས་བླངས་མྱོང་བའི་གྲུབ་འབྲས་རྣམས་ཤེས་ཚོད་ཀྱིས་གསུང་རོགས་གནང་། ང་ཚོའི་མཐུན་གཉེར་ཁང་འདི་གཙོ་བོ་བཀའ་བསྟན་གསེར་བྲིས་དང་དཔེ་རྙིང་འཚོལ་སྡུད། ཐང་ག ས་གདན། ལྷ་སྐུ། ཀོ་བ་དང་བལ་གྱིས་བཟོས་པའི་ཐོན་དངོས་སྣ་ཚོགས་ཐོན་སྐྱེད་བྱེད་ས་ཞིག་ཡིན་ཙང་། ཁ་སང་གི་ཚོགས་འདུའི་ཐོག་བཤད་པ་ལྟར། ད་ལྟའི་བར་དུ་པོ་ཏི་འབོར་ཆེན་གསེར་བྲིས་ལེགས་པར་གྲུབ་པ་དང་། གསུང་འབུམ་ཡང་བརྒྱ་ལ་ཉེ་བ་ཞིག་འཚོལ་སྡུད་དང་དཔར་སྐྲུན་བྱས་ཟིན་པ་རེད། ད་དུང་དཔལ་འབྱོར་རིག་པ་དང་། དོ་དམ་རིག་པ་སོགས་དེང་རབས་རིག་གཞུང་གི་དཔེ་ཚོགས་ཀྱང་བཅུ་གྲངས་ཤིག་བོད་ཡིག་ཏུ་བསྒྱུར་ཏེ་དཔར་དུ་བཏབ་ཟིན་པ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་རྣམ་གྲངས་འདི་དག་གི་འགྲོ་སོང་ཡོངས་རྫོགས་གོང་རིམ་གྱི་འབྲེལ་ཡོད་ཚན་པས་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་སོགས་ཁ་སང་གི་ཚོགས་འདུའི་ཟིན་བྲིས་ལ་བལྟས་ཏེ་ལན་གསལ་པོ་ཞིག་བསྐྱོན་རྒྱུ་དང་མུ་མཐུད་ཁྱབ་སྒྲོག་གང་ཐུབ་བྱེད་མཁན་ལ་ལོ་མཇུག་གི་སྤྱི་བསྡོམས་ལས་སྐར་མ་སྣོན་པའི་གྲངས་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས།

ཟླ་བ་དོན་གྲུབ་ལགས་ནི་སློབ་ཆེན་སྐབས་སུ། འོད་ཟེར་རྒྱལ་མཚན་གྱི་འཛིན་གྲྭ་གོང་མའི་གོང་མ་ཡིན། ཁོང་གིས་དུས་རྒྱུན་དུ་རིག་གནས་སྣ་མང་ལ་བརྩོན་པ་རྒྱ་ཆེར་བྱས་པས། སློབ་ཆེན་དེར་མི་རིགས་མང་པོའི་སྔོན་ཐོན་གྱི་ན་གཞོན་དག་དང་འདྲ་བར་སྙན་གྲགས་ཤིན་ཏུ་ཆེ། སློབ་ཆེན་དེར་ཁོ་གཉིས་མ་གཏོགས་བོད་རིགས་ཀྱི་སློབ་ཆེན་སློབ་མ་མེད་པས་རིམ་བཞིན་མཛའ་གྲོགས་སུ་གྱུར། ཟླ་བ་དོན་གྲུབ་སློབ་གྲྭ་ནས་ཐོན་པའི་ལོ་དེར། ཕྱི་འགྲིམས་སློབ་མའི་ཡིག་ཚད་ལོན་ནས་ཕྱི་རྒྱལ་དུ་ལོ་ཤས་རིང་སློབ་གཉེར་གནང་བའི་སྐལ་བ་ལྡན་སོང་། ཕྱི་རྒྱལ་ནས་སླར་ལོག་རྗེས། ནང་མི་རྣམས་ཀྱིས་ཁོང་ལ་གཞུང་ཞབས་སོགས་ལ་ཡིག་ཚད་བཏང་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་འགྱུར་བར་ཡང་ཡང་བསྐུལ་ནའང་། ཁོང་གིས་རང་ཉིད་ཀྱི་ཕུགས་འདུན་ལྟར་ལས་རིགས་གསར་གཏོད་བྱེད་པའི་ལམ་ལ་ཞུགས།

འོད་ཟེར་རྒྱལ་མཚན་གྱིས་མཉམ་ལས་ཁང་གི་ལས་གྲོགས་ཁ་ཤས་ཤིག་ཁྲིད་དེ་ཕྱི་ནང་གཉིས་ཀའི་གཙང་སྦྲར་ཞིབ་ལྟ་ལན་ཅིག་བྱས་རྗེས། མདང་དགོང་གི་ཚོགས་འདུའི་དགོངས་དོན་ལྟར། བྱ་དགའ་དང་གསེར་བྲིས་ཟིན་པའི་པོ་ཏི་སོགས་རིགས་དབྱེ་སྟེ་གཏན་འཁེལ་གྱི་གནས་སུ་བཀྲམ་ནས་སྟ་གོན་ལེགས་པར་བགྱིས། རིང་པོ་མ་ལོན་པར། ཟླ་བ་དོན་གྲུབ་ཀྱིས་པའོ་མ་རྟགས་ཅན་གྱི་མོ་ཊ་ཞིག་བཏང་ནས་མཇལ་དར་དང་སྙན་ཞུ་ཡི་གེ་བཅས་ཅ་ལག་མང་པོ་ཞིག་བསྣམས་ནས་ཕེབས་སོང་།

ཟླ་བ་དོན་གྲུབ་ལགས་ཀྱིས་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ལ་རོལ་བ་ལྟ་བུའི་གཟབ་མཆོར་ལེགས་པར་སྤྲས་ཏེ། མཇལ་དར་མགུལ་ལ་བསྒྲོན་པའི་དབུ་ཁྲིད་རྣམས་ལ་ཙན་དན་གྱི་གླེགས་ཤིང་གིས་བཏུམས་པའི་གསེར་བྲིས་ཀྱི་གསུང་རབ་དང་དཔེ་རྒྱུན་དཀོན་པའི་གསུང་འབུམ། བྲིས་རྒྱུན་མི་གཅིག་པའི་བོད་ཀྱི་ཡིག་གཟུགས། རི་བོའི་གཏོས་དང་མཉམ་པའི་ས་གདན། སྙིང་དུ་སྡུག་པའི་ཀོ་བའི་ལྷམ་དང་ཁུག་མ། གཞན་ཡང་རྒྱུ་ཆ་ཤིན་ཏུ་དཀོན་པའི་སྐུ་བརྙན་མང་པོ་ཞིག་རེ་རེ་བཞིན་ངོ་སྤྲོད་གནང་བའི་སྐབས་སུ། གསར་འགོད་པ་ཁ་ཤས་སྟོན་སྤྲིན་གྱི་འདུ་འགོད་བཞིན་ཐོལ་གྱིས་ལྷགས་ཏེ། བྲེལ་བྲེལ་འཚུབ་འཚུབ་ཀྱིས་གཟིགས་སྐོར་གྱི་ཟུར་མང་པོ་ཞིག་བརྙན་ལེན་པ་དང་བཅར་འདྲི་ཡང་བྱེད་བཞིན་འདུག རྡོ་རྗེ་ཕ་ལམ་མཐུན་གཉེར་ཁང་ནམ་རྒྱུན་ལྷིང་འཇགས་སུ་ཡོད་པའི་རྣམ་པ་དེ། མངའ་ཐང་ཤིན་ཏུ་དར་བའི་རྒྱལ་པོའི་ཁབ་ཀྱི་ལོངས་སྤྱོད་མཚོན་པའི་གློག་བརྙན་ཞིག་གི་འདུ་ལོང་དང་ཡང་དག་མཚུངས།

ཚོམས་ཆེན་གསེར་ཕྱེ་ཐང་མའི་སྙན་སྒྲོན་སྟེགས་བུ་རུ། ཟླ་བ་དོན་གྲུབ་ལགས་ཀྱིས་འཛིན་བདག་དཔེ་ལེགས་ཅན་ཞིག་དང་འདྲ་བར། དབུ་ཁྲིད་ལྷན་རྒྱས་མཆོག་ནས་ལྷུག་སྩོལ་གནང་བའི་བཀའ་མོལ་གྱི་གསེར་ཞུན་ཐིགས་པ་རེ་རེ། ཟིན་བྲིས་སུ་བཏབ་ནས་ལས་བཟོ་པ་རྣམས་ལ་སྙན་སྒྲོན་ཞུ་བཞིན་མཆིས།

ལས་བཟོ་པ་ལྷན་རྒྱས། དེ་རིང་ངེད་མཐུན་གཉེར་ཁང་ལ་ཕེབས་པའི་ལྗོངས་རིམ་པའི་དབུ་ཁྲིད་ཚན་ཆུང་གིས་ང་ཚོའི་ལས་ཀ་འདི་ལ་མ་གྲོས་རང་མཐུན་གྱིས་གདེང་འཇོག་ཚད་མཐོན་པོ་གནང་སོང་། ལྷག་དོན་དུ། ངེད་མཐུན་གཉེར་ཁང་གི་བོད་ཀྱི་ཡིག་གཟུགས་ལས་ས་ནང་སྡེར་བྲིས་དང་། ལྡན་ལུགས། ཁྱུང་བྲིས། སྙེ་བྲིས་སོགས་ལ་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན་མོར་བྱ་དགའ་རབ་དང་རིམ་པ་ཐོབ་པར་ཁ་མིན་སྙིང་ནས་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག ངེད་མཐུན་གཉེར་ཁང་གི་གྲུབ་འབྲས་ལ་ལྗོངས་ཡོངས་ཀྱི་སྐར་མ་མཐོ་ཤོས་སྤྲད་སོང་། འདི་ནི་དོན་ངོ་མར་ང་ཚོའི་ལས་བཟོ་པ་མང་ཆེ་བར་སློབ་ཆེན་ནས་ཐོན་པའི་བསླབ་གནས་ཡོད་པ་དང་། གཞོན་པས་རྒན་པ་བཀུར་བ། སློབ་གཉེར་ནི་ལེགས་ཚོགས་ཀྱི་འབྱུང་གནས་འབའ་ཞིག་ཏུ་འཛིན་པའི་སྲོལ་བཟང་བ། ཕན་ཚུན་ཁྱིམ་གཅིག་གི་མ་བུ་ལྟར་མཛའ་ཞིང་གཅུགས་པ། ལྷག་དོན་འུ་ཅག་གི་དགེ་རྒན་མང་ཆེ་བ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བྲིས་ཀྱི་རྒྱུན་སོགས་ཚེ་ཚེ་རབས་རབས་སུ་འཛིན་ཞིང་སྐྱོང་བའི་ཡབ་མེས་བཀའ་དྲིན་ཅན་དེ་དག་གི་སྐུ་དྲིན་ལས། སྐུ་ཚེགས་ཁུར་དུ་མི་བསམ་པར་རྒྱན་དུ་རློམ་པའི་དོན་འབྲས་ཤ་སྟག་གོ། ཡང་གཅིག་བཤད་ན། གནད་ཀྱི་དོན་པོ་ནི་གོང་རིམ་འབྲེལ་ཡོད་ཚན་པའི་དབུ་ཁྲིད་ལྷན་རྒྱས་མཆོག་ནས་ང་ཚོའི་ལས་བཟོ་པ་མང་པོ་ཞིག་ཕྱི་རྒྱལ་དང་ནང་སའི་ལས་རིགས་གསར་གཏོད་དང་ཉམས་མྱོང་བརྗེ་རེས་ཀྱི་གསབ་སྦྱོང་ལ་འགྲོ་བའི་གོ་སྐབས་མང་དུ་གནང་བར་འབྲེལ་བ་དམ་ཟབ་ཡོད་པ་ཡིན། དེར་བརྟེན། ང་ཚོས་ཡག་ཐོག་ཡག་བརྩེགས་དང་སྐྱོན་དང་ནོར་འཁྲུལ་ལ་དུས་ཐོག་ཏུ་བསྒྱུར་བཅོས་བྱ་རྒྱུ་ནི་དམ་པའི་ཆོས་ལ་བརྒྱ་ཚར་ལས་མ་འདས། ཚང་མས་མཁྱེན་གསལ་རེད། ད་ཆ་ངེད་མཐུན་གཉེར་ཁང་འདིས་ལས་རིགས་གསར་གཏོད་དང་རང་ལམ་རང་འཚོལ་གྱི་ལམ་ཁར་གྲུབ་འབྲས་མི་དམན་པ་བླངས་ཡོད་ནའང་། ཆེད་ལས་དང་ལག་རྩལ། མ་རྩ་འཁོར་སྐྱོད་སོགས་ཀྱི་ཐད་ལ་ད་དུང་དཀའ་ངལ་ཤིན་ཏུ་ཆེ་ཕྱིར། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་དཀའ་ངལ་ཁྱད་བསད་དང་མུ་མཐུད་སློབ་སྦྱོང་བྱ་རྒྱུ་ནི་ངའི་རེ་བ་ཉག་གཅིག་ཡིན། གཟའ་འཁོར་རྗེས་མར་ཨ་རིའི་ཧྭ་ཧྥོ་སློབ་ཆེན་དང་པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཉིས་གདན་དྲངས་ཏེ་ཟླ་བ་གཉིས་ཙམ་ལ་ཁྲིམས་ལུགས་དང་དོ་དམ་ཐད་ནས་གསབ་སྦྱོང་སྤེལ་རྒྱུ་ཡིན། དགའ་འོས་པ་ཞིག་ལ། ད་ལོའི་ཟླ་བརྒྱད་པར་ངེད་མཐུན་གཉེར་ཁང་ལ་ཕྱི་རྒྱལ་དང་ནང་སའི་མཐོ་སློབ་ཁག་གི་གནའ་རྫས་རྟོག་ཞིབ་རིག་པ་དང་ཁྲིམས་ལུགས་རིག་པ།དོ་དམ་རིག་པ་སོགས་ཆེད་ལས་སློབ་ཆེན་པ་བཞི་ཡིས་གན་རྒྱ་བཞག་ཚར་བ་རེད། མདོར་ན། ང་ཚོ་ཚང་མས་དཀའ་ངལ་གང་ལ་འཕྲད་ནའང་། ཁྱད་གསོད་ཐུབ་དགོས་པ་དེ་ཡིན། ང་རང་ལ་མཚོན་ནའང་། སློབ་ཆེན་ནས་ཐོན་རྗེས། རྒྱལ་ནང་གི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་སོང་ནས་བྱ་བ་གང་མང་བསྒྲུབས་མྱོང་། རྒྱུ་རྐྱེན་གང་མང་གིས་ཕམ་ཁའང་གྲངས་ཀྱིས་མི་ཟིན་པ་མྱངས་མྱོང་། ཡིན་ནའང་། ངས་སེམས་ཤུགས་མ་ཆག་པར་རང་གིས་རང་ལ་དཔའ་བཏབ་ནས་ཤེས་ཡོན་སློབ་སྦྱོང་ལ་སྔར་ལས་ཤུགས་བརྒྱབ་པ་དང་ཆེད་མཁས་མི་སྣ་འོད་ཟེར་རྒྱལ་མཚན་དང་མཉམ་འབྲེལ་བྱས་མཐར། ད་གཟོད་མཐུན་གཉེར་ཁང་འདི་ལྟ་བུ་ཞིག་འཛུགས་ཐུབ་པ་རེད། ཕྱིར་མིག་ཅིག་བལྟས་ན། སྐབས་དེའི་ཕམ་ཁ་རེ་རེ་ནི་རང་གཞན་ཀུན་ལ་ཕན་པའི་རྒྱུ་ཕུན་སུམ་ཚོགས་པ་ཞིག་རེད། དེ་བས། ང་ཚོས་ནམ་ཡང་དཀའ་སྡུག་གི་མདུན་དུ་སྙིང་སྟོབས་ཆེར་བསྐྱེད་བྱེད་དགོས། གསལ་བཤད་བྱེད་དགོས་པ་ཞིག་ལ་པ་སངས་སོགས་ཁ་ལོ་པ་བཅུ་ཡི་རྒན་གསོ་འགན་བཅོལ་ད་ལོ་བདེ་བླག་ངང་བསྒྲུབས་ཚར་སོང་།

ཀུན་གསལ་སྒེག་མོའི་དྲི་བྲལ་བཞིན་རས་རྣམ་པར་གསལ་ཞིང་། མཐའ་ཡས་ནོར་འཛིན་དགའ་མའི་ཁྱོན་ལ་རབ་དཀར་ཕྱིང་པའི་གོས་བཟང་གྱོན་པའི་དགུན་ཟླ་ཐ་མའི་སྔ་དྲོ་ཞིག་ལ། རྡོ་རྗེ་ཕ་ལམ་མཐུན་གཉེར་ཁང་གི་དོ་དམ་པ་འོད་ཟེར་རྒྱལ་མཚན་དང་རྩིས་གཉེར་པ་བསོད་ནམས་བདེ་སྐྱིད་གཉིས་ཀྱིས་ཚོམས་ཆེན་གསེར་ཕྱེ་ཐང་མའི་སྙན་སྒྲོན་སྟེགས་བུ་རུ། ལོ་གསར་སྤྲོ་ཚོགས་ཆེན་མོའི་གཙོ་སྐྱོང་པ་ནང་བཞིན་ལུས་ལ་གཟབ་མཆོར་སྣ་ཚོགས་ཀྱིས་བརྒྱན་ཏེ། ལོ་མཇུག་གི་ལས་ཀ་སྤྱི་བསྡོམས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བཞིན་འདུག ཚོགས་འདུར་ཕེབས་པའི་ལས་བཟོ་པ་རྣམས་ཀྱིས་ཀྱང་དུས་ཆེན་གྱི་ཡོ་ལང་ལ་རོལ་བ་ལྟར་མི་རེ་རེས་ལུས་ལ་ཕྱུ་པ་གསར་པ་རེ་མནབས་ནས་ཚོགས་འདུའི་རྐུབ་སྟེགས་སུ། སྐད་ཅོར་དང་ཤུབ་སྒྲ་ཅི་ཡང་མེད་པར་ཞིབ་ཏུ་གསན་བཞིན་གདའ།

ཕུལ་བྱུང་བྱ་དགའ་ལ་མི་བརྒྱད་ཅུ་དང་ཨང་གསུམ་པ་ལ་མི་ལྔ་བཅུ། ཨང་གཉིས་པ་ལ་མི་བཞི་བཅུ། ཨང་དང་པོ་ལ་མི་བཅོ་ལྔ་སོགས་གདམས་ཡོད། ད་ལོའི་བྱ་དགའི་ལམ་ལུགས་འདི་ནི་སྦྱིན་བདག་ཟླ་བ་དོན་གྲུབ་ལགས་ཀྱི་ཐུགས་དགོངས་ལྟར་བསྒྱུར་བཅོས་བྱས་པ་ཡིན་ཞེས་སྤྲོ་སྣང་ལྡན་པའི་ངང་དེ་ལྟར་གསུངས། དེར་མཐུད་ནས་ང་ཚོ་འདི་ལ་འཛོམས་སོང་ཞེས་པའི་གླུ་དབྱངས་སྙན་མོ་ཞིག་གི་འགྱུར་ཁུགས་ཁྲོད་དུ་ཟླ་བ་དོན་གྲུབ་ལགས་སྐུ་དངོས་སུ་ཕེབས་ནས་བྱ་དགའ་ཐོབ་མཁན་ཡོངས་ལ་བྱ་དགའི་རྟགས་མ་དང་བཅས་གནང་།

ད་ལོའི་ངེད་མཐུན་གཉེར་ཁང་གི་བྱ་དགའི་ལམ་ལུགས་འདི་ནི་ལོ་སྔོན་མ་དང་མི་འདྲ་བར་འགྱུར་ལྡོག་ཆེན་པོ་བཏང་ཡོད་པ་ཁྱེད་རྣམ་པས་ཀྱང་མཁྱེན་གསལ་རེད། འགྱུར་ལྡོག་འདི་འདྲ་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ད་ལོར་ངེད་མཐུན་གཉེར་ཁང་གི་ཐོན་དངོས་རྣམས་ཕྱིའི་རྒྱལ་ཁབ་བཅོ་ལྔ་དང་ཞིང་ཆེན་བཅུ་དྲུག་ཏུ་ཡན་ལག་ཁང་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན་རྟེན་འབྲེལ་ཡིན་ལ་ཚོང་རྟགས་ཀྱང་བཅོ་ལྔ་ཐོ་འགོད་བྱེད་ཐུབ་སོང་། འདི་ནི་ང་ཚོ་ཐུན་མོང་གི་དཀའ་སྤྱད་ལས་བྱུང་བ་ཡིན། གོང་རིམ་ཚན་པས་ཀྱང་ང་ཚོའི་ལས་ཀ་འདི་ལ་ཐེངས་མང་པོར་གྲོས་གཞི་གསར་པ་བཏོན་པ་དང་མཛུབ་སྟོན་ཡང་གང་ལེགས་གནང་སོང་། མི་འགྱངས་པར་ལས་གཞི་ཁ་ཤས་ཁ་སྣོན་རྒྱག་རྒྱུ་དང་ལས་བཟོ་པའི་གླ་ཆ་ཡང་སྤར་རྒྱུ་ཡིན། ཁྱེད་རྣམ་པས་ངའི་རེ་འདུན་ལྟར། མུ་མཐུད་དུ་ཞོགས་པའི་སྐྱ་རེངས་ཐོད་ལ་བསུས་ནས་དགོང་མཚན་མོའི་མུན་པ་གོས་སུ་གྱོན་ནུས་ན། ངས་ཁྱེད་ཅག་གི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་ལས་བཟོ་པ་རྣམས་ལ་བྱ་དགའ་ལས་ཉེས་ཆད་མེད་པའི་ལུགས་སྲོལ་གསར་པའང་མུ་མཐུད་རྒྱུན་སྐྱོང་རྒྱུ་ཡིན། འདི་ནི་དོན་དམ་པར་རང་གཞན་ཀུན་ལ་ཕན་པའི་དོན་བཟང་ཞིག་ཡིན། ལག་རྩལ་པ་བསོད་ནམས་ཚེ་རིང་སང་ཉིན་ནས་བཟུང་ཉི་འོད་མཐུན་གཉེར་ཁང་དུ་འགྲོ་བར་ངས་ཆོག་མཆན་བཀོད་ཟིན། མཐར་ཁྱེད་རྣམ་པའི་ལུས་ལ་ན་ཚ་མེད་ཅིང་མཛད་འཕྲིན་སྔར་ལས་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ།

ཚོགས་འདུ་གྲོལ་རྗེས། ལས་བཟོ་པ་རྣམས་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་བཞིན་རང་རང་གི་གནས་མལ་དུ་ལོག་གོ། །

ཟླ་བ་དོན་གྲུབ་ཀྱིས་ལས་ཤག་ཏུ་སྤྱན་ཤེལ་དཀར་པོ་དེ་གདོང་ནས་ཡར་འདེད་ཙམ་འདེད་ཙམ་བྱེད་བཞིན་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་དེའི་ཁ་ཕྱེས་ནས་གསེར་ཡིག་ཏུ་བྲིས་ཟིན་པའི་གླེགས་བམ་སོགས་ཀྱི་དཀར་ཆག་སྒྲིག་བཞིན་མཆིས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།