ཧོར་ཚང་གི་བྱི་ལ།

གཅིག

ཧོར་ཉི་མ་ཐག་རྟོད་ཚང་སྐུ་གྲོངས་ནས་ལོ་ངོ་བཞི་ལྔ་ལྷག་འགོར་སོང་། དེའི་རིང་དུ་ཧོར་ཉི་མ་ཐག་རྟོད་ཚང་བདེ་བ་ཅན་གྱི་ལྷོ་ཕྱོགས་ཀྱི་བདེ་ཆེན་རི་བོའི་ཡང་སྟེང་དུ་སྒོམ་ལ་བཞུགས།

ཧོར་ཉི་མ་ཐག་རྟོད་ཚང་མི་ཡུལ་དུ་བཞུགས་དུས་ཀྱང་བྱམས་སྙིང་རྗེ་ཆེ་བ། རྟོགས་པ་མཐོ་ཞིང་མངོན་མཁྱེན་ལ་ཐོགས་པ་མེད་པའི་བླ་མ་ཞིག་ཡིན།

ཐེངས་ཤིག མཇལ་བ་ཞིག་རྟའི་ཉིན་ལམ་ཞིག་གིས་བླ་མ་ཁོང་ལ་མཇལ་དུ་འོངས། ཕྱིར་ཡུལ་དུ་ལོག་སྐབས་ཉི་མ་འཇའ་ལ་ཉེ་བས། མཇལ་བས་ཁོང་ཚང་ལ“བླ་མ་ལགས།ང་དེ་རིང་ངེས་པར་དུ་ཡུལ་ལ་ཐོན་དགོས་པས་ད་ཅི་བྱེད”ཞེས་ཞུས་པས།

བླ་མས“ཁྱོད་ཕྱིར་ལ་སོང་དང་སྐྱོན་མེད”ཅེས་གསུངས།

མཇལ་བ་དེ་ཕྱིར་ཡུལ་ལ་ཐོན་དུས་ཉི་མ་ད་དུང་ཐག་ཚད་ཅིག་ཏུ་འདུག་པས། ཧོར་ཉི་མ་ཐག་རྟོད་ཟེར་བའི་མིང་དེ་ནས་བྱུང་ལ་ཡུལ་ལུང་གཞན་པར་ཡང་སྐད་གྲགས་ཆོད།

ཁོང་ཚང་གང་དུ་སོང་ཡང་གང་ནས་བསྡད་ཀྱང་དད་ལྡན་སེར་སྐྱ་ཕོ་མོ་ལ་སེམས་བསམ་པ་བཟང་དགོས་པ། ལས་རྒྱུ་འབྲས་མིག་བཞིན་བསྲུང་དགོས་པའི་བསླབ་བྱ་མང་པོ་གནང་མྱོང་།

ཉིན་ཞིག་ཧོར་ཉི་མ་ཐག་རྟོད་ཚང་བདེ་ཆེན་རི་བོའི་ཡང་སྟེང་ནས་བྱ་རྒོད་པོའི་གཤོག་པ་བརྐྱངས་པ་བཞིན་འཕུར་ཏེ་རི་འདབས་སུ་བྱོན། རི་འདབས་སུ་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་བའི་གསེབ་ནས་བྱ་བྱེའུ་སྣ་ཚོགས་ཀྱིས་ཁོང་ཚང་ལ་བསུ་མའི་གྲེ་འགྱུར་སྣ་ཚོགས་སྒྲོག

གཉིས།

ཧོར་ཉི་མ་ཐག་རྟོད་ཚང་ཧ་ཅང་བག་ཕེབས་པའི་ངང་མཚེའུ་དྭངས་གསལ་མེ་ལོང་ཁར་འཆམ་འཆམ་དུ་སོང་། མཚེའུ་དེའི་ནང་དུ་བལྟས་ན་རྒྱང་མཐོང་ནང་དུ་བལྟས་པ་བཞིན་མི་ཡུལ་གསལ་པོར་མཐོང་ཐུབ། མཚམས་ཤིག་ཁོང་གིས་མི་ཡུལ་དུ་གཟིགས་བྱུང་། མི་ཡུལ་གྱི་ཁོང་ཚང་སྐུ་འཁྲུངས་སའི་ཁྱིམ་དང་བཟའ་མི། སོང་མྱོང་སའི་ཡུལ་ལུང་དག་མཐོང་བས་སེམས་ལ་དྲན་གདུང་ཚད་མེད་ཅིག་སྐྱེས།

སྐབས་དེར་ཁོང་ཚང་གི་ཁ་གཏད་ཀྱི་དེའུ་འབུར་དེའི་སྟེང་དུ་ལུས་ཟུངས་ཞན་པའི་སྤྱང་ཀི་ཞིག་གིས་ངུ་རྒྱངས་བྱེད་པ་མཐོང་བས། མར་གྱུར་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བཟོད་གླགས་བྲལ་བ་ཞིག་སྐྱེས། ཞོར་དུ་ཁོང་ཚང་གི་བཟའ་མིའི་གྲས་སུ་འཇོག་པའི་བྱི་ལ་སྙིང་རྗེ་བོ་ཞིག་ཡོད་པ་དེ་དྲན་ལ། བྱི་ལ་དང་འབྲེལ་བའི་འདས་དོན་སྣ་ཚོགས་ཤིག་དྲན། ཡ་མཚན་པ་ཞིག་ནི་བྱི་ལ་ཧ་ཅང་ཆུང་བའི་དུས་སུ་ཐབ་ཀའི་གོ་དོང་དུ་ལྷུང་སྟེ་གཡས་ཕྱོགས་མེས་ཚིག་ནས་མེ་ཏོག་གི་དབྱིབས་རིས་ལྟ་བུ་ཞིག་འདུག་པ་དེ་ནི། སྤྱང་ཀི་དེའི་གཡས་ཕྱོགས་སུ་སྐྱེས་པའི་སྤུ་སེར་པོ་དང་དེའི་དབྱིབས་རིས་དང་ཨ་ན་མ་ན་རེད། འདི་དངོས་གནས་བྱི་ལའི་རྣམ་ཤེས་ཡིན་པ་འདྲ་སྟེ། ཁྱིམ་མཚེས་ཚོའི་ལུག་གཅིག་གཉིས་རེ་སྤྱང་ཀིས་བསད་སོང་ཟེར་བའི་སྐད་ཆ་རེ་གོ་མྱོང་མོད། ཁོང་ཚང་གི་ལུ་གུ་ཞིག་ཀྱང་བསད་མ་མྱོང་། ཡིན་ཡང་། བྱི་ལས་སྐྱེ་བ་སྔོན་མ་ཙི་གུ་དང་ཨ་བྲ་མང་པོ་བསད་པའི་སྡིག་སྒྲིབ་ཀྱིས་སྐྱེ་བ་ད་ཐེངས་སྤྱང་ཀིའི་ལུས་བླངས་པ་འདྲ།

ཧོར་ཉི་མ་ཐག་རྟོད་ཚང་གིས་དོན་དེ་མཐོང་བས་གདུང་བ་ཚད་མེད་ཅིག་སྐྱེས་ཏེ་སྤྱན་ཆབ་བསིལ། སྤྱན་ཆབ་ཀྱི་ཟེགས་མ་རེ་རེ་འོད་ཀྱི་མེ་ཏོག་རེ་རེར་གྱུར་ཏེ་ཁ་བའི་འདབ་མ་རེ་རེ་བཞིན་སྤྱང་ཀིའི་ལུས་ལ་འཐིམ་པས། སྤྱང་ཀིའི་ཕུང་བོར་སྔར་མེད་ཀྱི་གཟི་མདངས་ཤིག་རྒྱས་བྱུང་།

ཁོང་ཚང་གི་གདོང་ལའང་འཛུམ་ཞིག་རྒྱས་ཏེ་སྤྲིན་དཀར་པོ་ཕ་བོང་ཙམ་བསྐྱིལ་ཏེ།དེར་བཅིབས་ནས་ཕྱིར་རི་ཁྲོད་དབེན་པའི་གནས་ལ་བྱོན་སོང་།

སྟོང་བའི་དབྱིངས་སུ་སྤྲིན་ཕུང་ལུ་གུ་ལྡིང་ལྡིང་བྱེད་ལ་སྐྱ་རེངས་ལྷ་མོས་སྤྲིན་ཕུང་དེ་དག་ནམ་མཁའི་དབྱིངས་སུ་བཀྲམ་པར་བྱེད།མཚེའུ་དྭངས་གསལ་མེ་ལོང་ནི་མི་ཡུལ་ལ་བལྟ་སའི་མེ་ལོང་ཞིག་ལྟར་འདུག་ལ། དེའི་ཁ་རུ་རྟ་མཆོག་བདུན་གྱིས་དྲུད་པའི་ཤིང་རྟ་དང་དེའི་ནང་གི་གསེར་གྱི་ཉི་མ་ནི་འགྲོ་བ་སེམས་ཅན་མ་ཟད། སེམས་མེད་ཐམས་ཅད་ལའང་དྲོད་སྣང་སྟེར་བ་བཞིན་མཚེའུ་དེར་དལ་གྱིས་སྐོར་བ་རྒྱག དེ་ནི་ཕལ་ཆེར་བདེ་བ་ཅན་གྱི་ཞོགས་པ་ཡིན་ངེས་སོ། །

གསུམ།

ཁོང་ཚང་རི་ཁྲོད་དབེན་པའི་གནས་ཀྱི་ཕ་བོང་ཞིག་གི་སྟེང་བཞུགས་ཏེ་བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་ཀྱིན། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་སྨོན་གསུང་། གཡས་ཕྱོགས་ཀྱི་ཕྲག་པའི་སྟེང་དུ་ཁོང་ཚང་གི་སྲུང་མ་ལོས་ཡིན་སྙམ་པའི་ལྷ་བྱ་དཀར་པོ་ཞིག་ཀྱང་བབས་འདུག

མཉམ་གཞག་སྒོམ་པའི་སྐབས་སུ་སྤྱང་ཀི་དེས་ལུག་ཅིག་ཕར་འདྲུད་ཚུར་འདྲུད་བྱེད་བཞིན་པའི་ཉམས་སྣང་ཤར།ཁོང་གིས་ལུག་དེ་ལ་སྙིང་རྗེ་ཚད་མེད་སྐྱེས་ཏེ་ནན་གྱིས་གཟིགས་པ་ན།ལུག་རོའི་སྟེང་དུ་ཤ་སྦྲང་མང་པོའི་ལྡིང་སྐོར་རྒྱག་ལ། ཕར་བལྟས་ན་ལུག་དེ་ཉིན་འགའི་སྔོན་ལ་ཤི་ཟིན་པ་ཤེས་ཐུབ། སྤྱང་ཀིས་རྒྱགས་ཆོད་པ་ཞིག་ཟོས་རྗེས་ཡར་འགྲོ་མར་འགྲོ་བྱེད་པ་མཐོང་བས། ཁོང་ཚང་འཇིག་རྟེན་འདིའི་གཅིག་ཉིད་གཅིག་གིས་ཟ་བའི་ཆོས་ཉིད་ཀྱི་འཁོར་ལོར་བལྟས་ནས་ཧ་ཅང་སྐྱོ་ཉམས་ཀྱིས་ཁེངས། ཅུང་ཙམ་འགོར་རྗེས། ཅི་ཞིག་བྱུང་སོང་བ་ཆ་མ་འཚལ་མོད།སྤྱང་ཀི་དེ་ལུག་གཟའ་རོ་ཞིག་ལྟར་འཁོར་ཞིང་འཁྱར་འཁྱོར་གྱི་གོམ་པ་བཞི་ལྔ་ཙམ་སྤོས་རྗེས་འགྱེལ་སོང་། མ་གཞི་ལུག་རོ་དེའི་སྟེང་ལུག་རྫི་ཞེ་ནག་སུ་ཞིག་གིས་ཝ་དུག་སྦས་ཡོད་པ་ཐག་ཆོད་རེད། དེ་མིན་ན་སྤྱང་ཀིར་ལུག་ཤ་དུག་ཏུ་འགྲོ་བ་ཞིག་ཡོད་དམ།

གོང་གི་དོན་དག་དེ་ཟློས་གར་བཞིན་ཁོང་ཚང་གི་གཟིགས་ཡུལ་དུ་གྱུར་ཡོད་པས། ཁོང་ཚང་གིས་ཅུང་བྲེལ་འཚུབ་དང་བཅས་ཕྱག་གི་ཕྲེང་བ་བླངས་ཏེ་ཡུད་ཙམ་ལ་ཐུགས་འདང་གནང་གིན་ཕྱག་ཕྲེང་ལ་གཟིགས།

ཚེ་སྔོན་མ་བྱས་པའི་སྡིག་སྒྲིབ་དང་བཏང་བའི་རྒྱུ། ཚེ་ད་ཐེངས་འབྲས་བུར་ཤར་བ་ཡིན་པས་ཅི་བྱས་ཀྱང་སྐྱོབ་ཐབས་མ་བྱུང་།

ཁོང་ཚང་གི་གདོང་ལ་སྐྱོ་ཉམས་ཤིག་ཤར་ཏེ་འཇིག་རྟེན་མི་ཡུལ་ནས་ལས་སྔ་དྲོ་བྱས་པ་ཕྱི་དྲོ་སྨིན་ཟེར་བའི་གསུང་ཞིག་འབྱོན་ཏེ་ཕྱག་གཡས་པས་བརྡབ་བསིག་ཙམ་བྱས་པས་སྤྲིན་ཕ་བོང་ཙམ་ཞིག་སྤྲུལ་བསྒྱུར་བྱས་ཤིང་། དེ་ལ་བཅིབས་ནས་བདེ་བ་ཅན་གྱི་ལྷོ་ཕྱོགས་ཀྱི་བདེ་ཆེན་རི་བོའི་ཡང་སྟེང་དུ་འཕུར་སོང་།

མཚམས་དེར་བཅུ་གཉིས་བདག་པོས་བདེ་བ་ཅན་གྱི་ཕོ་བྲང་སྐྱིད་ཀྱི་ལྡིང་ཁང་གི་སྒེའུ་ཁུང་ཁར་ན་བུན་དམར་པོའི་ཡོལ་བ་ཞིག་འཐེན་ལ། ཟླ་བའི་ལྷ་མོ་གཡང་ཊིའི་གྲུ་ལ་བསྡད་དེ་ཨ་སྔོན་དབྱིངས་སུ་བགྲོད་པ་ནི་བདེ་བ་ཅན་གྱི་ཕྱི་དྲོའི་ས་སྲོད་མཚམས་སུ་སླེབས་པ་འདྲ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།