ཀྲུང་གོ་བོད་ཀྱི་དྲ་བ།

མངལ་ལྟུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​རྟ་མགྲིན་འཚོ།   སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 1

ཁྱོད་ལ་མངལ་འཁོར་འདུག

མོའི་སད་མ་ཐག་པའི་རྣམ་ཤེས་ཀྱིས་ཚིག་དེ་ཐོས་རྗེས། ག་ཞིག་ནས་དགའ་གྱི་ལེར་སོང་མོད། ཡིན་ནའང་མོས་ཡོད་ཚད་དཀར་རས་ཀྱིས་བཀླུབས་པའི་ཁང་མིག་དང་། དེའི་དཀྱིལ་ན་ཀྲོང་ངེར་འགྲེང་འདུག་པའི་གོས་དཀར་ཅན་དེ་མཐོང་རྗེས། ཅི་ཡིན་མེད་པར་ཚེ་སྲོག་ཅིག་ལ་ཡོད་མི་འོས་པའི་སྐྱོ་ངལ་ཞིག་སེམས་པའི་གཏིང་རིམ་ནས་ཙག་ཤེད་ཀྱིས་ལྡང་ཡོང་། ཡིན་ནའང་མོས་འདི་ནི་ད་གཟོད་མི་ཡུལ་དང་དངོས་ཡོད་འཚོ་བར་ལྡན་པའི་ཚོར་འདུ་ཡིན་པ་གསལ་པོ་ཤེས་ཡོད། ཡང་མོའི་རྣམ་ཤེས་རྟ་རྔ་འདྲ་བོ་དངོས་ཡོད་འཚོ་བར་ཞུགས་པའི་སྐད་ཅིག་མ་དེར། མོའི་དྲན་པའི་ཡ་ངོགས་ན་རྒྱུ་བཞིན་པ་ནི་མདང་གི་རྨི་ལམ་ཁྲོད་མོ་དང་ཤ་འདྲེས་པགས་འདྲེས་བྱེད་བཞིན་པའི་ཤ་བ་རྒོད་པོ་དེ་ལས་གཞན་ཅི་ཡང་མེད།

ལོ་འདི་འགར་མོ་རང་ཆེས་འགྲོ་མི་ཕོད་པ་ནི་སྨན་ཁང་ཡིན་ལ། ཆེས་འཕྲད་མི་ཕོད་པ་ནི་གོས་དཀར་ཅན་གྱི་སྨན་པ་དེ་དག་ཡིན། དེ་ཡང་མོའི་མདུན་ན་ཀྲོང་ངེར་འགྲེང་འདུག་པའི་གོས་དཀར་ཅན་དེས་མོའི་དྲན་པའི་རྨ་ཁ་སླར་སློག་བྱས་ཏེ། ལོ་གསུམ་སྔོན་གྱི་ཁོ་ཡིས་གོས་དཀར་གྱི་ལྭ་རིང་དེ་གྱོན་ནས་ལས་སྒྲུབ་གནང་བཞིན་པའི་ལོ་ཟླ་དག་དྲན་གསོ་བྱུང་བས་ཡིན། སྐབས་འདིར་མོ་ལ་ལྷག་པ་ནི། རང་གི་མིག་མཐའ་ནས་ཟ་འགྲམ་བརྒྱུད་དེ་མལ་རས་སྟེང་ལྷུང་བཞིན་པའི་མཆི་མ་རྡོག་པོ་དེ་ཁོ་ན་ལས་མ་འདས།

གོས་དཀར་ཅན་དེས་གདོང་ལ་ཁ་རས་མཆུ་ཏོ་ཅན་ཞིག་བརྒྱབ་སྟེ། མོ་ལ་ལུས་ཕུང་གསོ་དགོས་ཚུལ་དང་། མངལ་གྱི་ཕྲུ་གུ་ཟླ་ངོ་གཉིས་ལ་ལོན་ཡོད་ཚུལ་སོགས་བསྒོ་བའི་སྐབས་ལ། མོས་ཅི་ནུས་ཀྱིས་རང་གི་མཐོང་ལམ་དུ་གོས་དཀར་ཅན་ཐོགས་གཡོལ་བཞིན་ཡོད། དེ་བས་མོས་སྨན་ཁང་དེའི་སྒེའུ་ཁུང་ལས་འཕྲོས་ཡོང་བའི་ཉི་ཐིག་ལ་སེམས་པ་གཡེང་དགོས་བྱུང་ལ། ཉི་ཐིག་དང་ཕྲུ་གུའི་བར་དུ་ཉེར་ལེན་གྱི་འབྲེལ་བ་ཞིག་ཡོད་དམ། ཡང་དྲོད་ཁོལ་དང་ཚེ་སྲོག་བར་ལ་རྒྱུ་འབྲས་ཀྱི་རྣམ་གཞག་ཅིག་ལྡན་ནམ། མོས་འདི་ལྟར་བསམ་གཞིག་གི་སྒོ་མོ་རྒྱང་དུ་བརྐྱངས་པས། མོའི་མལ་ཁྲིའི་ལོགས་ན་གོས་དཀར་ཅན་གྱི་སྨན་པ་དེའི་བསྒོ་ཚིག་དག་ལ་ཡ་ལན་དང་ཨ་ལན་སྤྲོད་བཞིན་པའི་སྐྱེས་པ་དེར་ཡིད་འཇོག་ཉག་ཙམ་ཡང་བྱས་མེད། ཁོ་ནི་མོའི་ཁྱིམ་མཚེས་སྐྱེས་པ་ཙམ་ཡིན་པས་མོས་ཁྱིམ་མཚེས་སྐྱེས་པ་ཞིག་ལ་དེ་འདྲའི་དོ་སྣང་བྱ་དགོས་དོན་མི་འདུག་བསམས་ཡོད། ལྷག་པར་མོ་རང་ལོ་ངོ་གསུམ་གྱི་ཡར་སྔོན་ནས་བཟུང་མི་ཡུལ་འདི་དང་ཁ་འབྲལ་བའི་འདུན་པ་ཡོད་པས། མོས་མཐའ་འཁོར་གྱི་ཡོད་ཚད་ལ་དེ་འདྲའི་དོ་སྣང་བྱེད་རིན་མེད་པའི་ངེས་ཤེས་རྙེད་ཡོད་པ་འདྲ། གང་ལྟར། དེ་རིང་གི་མོ་ནི་རང་ལུས་རང་ལ་མི་དབང་བ་དང་རང་སེམས་རང་གིས་མི་ཆུམ་པ་འདྲ།

2

མོས་འཚོ་གནས་ཀྱི་ཆེད་དུ་ཁྱིམ་མཚེས་སྐྱེས་པ་དེའི་རོགས་སྐྱོར་དང་ལེན་བྱས་ཡོད། ད་དུང་ལས་གྲོགས་ཀླད་དམར་དེ་དང་། ཁང་བདག་ཚང་གི་རྒྱུན་མགྲོན་ན་གཞོན་དེ། ཁོ་ཚོའི་རོགས་རམ་དང་ལེན་བྱས་ཡོད། དོན་དམ་དུ་དེ་ནི་འཚོ་གནས་ཁོ་ནའི་སླད་དུ་ག་ལ་ཡིན་ཏེ། མོའི་མངལ་གྱི་ཕྲུ་གུ་དེ་དག་གི་སླད་དུའང་ཡིན་ངེས་ལ། མོ་རང་ད་རུང་འཇིག་རྟེན་མི་ཡུལ་དུ་དབུགས་ཀྱི་རྒྱུ་བ་མ་ཆད་པར་འཚོ་ཞིང་གནས་པའང་དོན་དམ་པར་ཕྲུ་གུ་དེ་དག་གི་ཆེད་དུ་ཡིན། ཡིན་ནའང་མོའི་སྔོན་བསགས་ལས་སྨིན་གང་ཞིག་གིས་མ་འདང་བ་ཡིན་ནམ། གང་ལྟར་མོ་ལ་མི་ཡུལ་གྱི་བྱང་ཐང་འདིར་ཕྲུ་གུ་ཞིག་གི་ཨ་མ་བྱེད་པའི་ལས་སྐལ་ཡེ་ནས་བསྒགས་ཡོད་པ་འདྲ།

ཕྱི་དྲོ་དེར། སྨན་ཁང་ནས་ཕྱིར་ལོག་དུས། ཁྱིམ་མཚེས་སྐྱེས་པས་མོ་ལ་མངལ་གྱི་ཕྲུ་གུར་ཁྱིམ་གཞི་ཆ་ཚང་ཞིག་བསྐྲུན་ཆེད་འུ་གཉིས་ཀྱིས་གཉེན་སྒྲིག་ཡི་གེ་བླངས་ཆོག་ཟེར། མོས་ཁྱིམ་མཚེས་སྐྱེས་པས་ཚིག་དེ་བརྗོད་པའི་སྐབས་ཀྱི་གདོང་གི་གཟབ་ནན་དང་ཞུ་བ་བསྲེས་པའི་ཉམས་འགྱུར་མཐོང་མ་ཐག སྙིང་རྗེ་འདྲེས་མའི་སེམས་འགུལ་ཞིག་ཐེབས་མོད། ཡིན་ནའང་མོས་མ་གོ་ཁུལ་གྱིས་སྔར་བཞིན་མདུན་གྱི་ལམ་ལ་ཅེར་བ་ལས་ངག་ལས་ཅི་ཡང་མ་འཁྲོལ། དོན་དམ་དུ་ཐེངས་འདིའི་ཕྲུ་གུ་ཉིད་བདེ་བླག་ངང་འཇིག་རྟེན་མི་ཡུལ་དུ་བསུ་ཐུབ་མིན་ཐད་མོ་རང་ཉིད་ལའང་ཡིད་ཆེས་བྲལ་ལ། ལྷག་པར་ལོ་སྔོན་མ་གཉིས་ཀྱི་རིང་ལའང་མོའི་མངལ་དུ་ཕྲུ་གུ་རེ་འཁོར་མོད། མཐའ་མར་རྒྱུ་མེད་རྐྱེན་མེད་ངང་རང་ཤུད་ཀྱིས་མངལ་ལྟུང་བྱས་པ་མིན་ནམ། དེ་རིང་གཉེན་སྒྲིག་ཡི་གེ་ཞེས་པའི་ཐ་སྙད་དེ་ཐོས་མ་ཐག་མོའི་ཡིད་ཀྱི་རྟིང་སོ་ནས་ཁོ་དང་མོ་ཡི་པར་ཆུང་དེ་དྲན་ཡོང་། པར་ཆུང་དེ་ནི་འཛུམ་གྱིས་འཁྱིལ་བའི་པར་ཆུང་ཞིག་ཡིན་ལ། ཁོ་རང་འཇིག་རྟེན་འདིར་འཚོ་མྱོང་བའི་བདེན་དཔང་ཞིག་ཀྱང་ཡིན། སྐད་ཅིག་མ་དེར་མོས་གམ་གྱི་ཁྱིམ་མཚེས་སྐྱེས་པ་དེ་ནི་ཁོ་ཡིན་ན་ཅི་མ་རུང་སྙམ།

མོ་དང་ཁྱིམ་མཚེས་སྐྱེས་པ་གཉིས་ཕྱིར་སྡོད་གནས་སུ་སླེབས་དུས། མོའི་ཁང་པའི་སྒོ་འགྲམ་ན་ཤ་བ་རྭ་མེད་ཅིག་གིས་ཁོ་མོ་ཕྱིར་ལོག་པར་བསུ་བའི་དོད་ཀྱིས་འགྲེང་འདུག་ལ། མོས་དེ་མཐོང་མ་ཐག་ག་ཞིག་ནས་དགའ་མགུ་སེམས་ཀྱིས་མི་མནོན་པ་ཞིག་འཕྱུར་ཡོང་ལ། ཤ་བ་དེའི་ཕྱོགས་སུ་ཧུར་གྱིས་བརྒྱུགས།

3

མོའི་མིང་ལ་རིག་བཟང་དཔལ་མོ་ཟེར། འོན་ཀྱང་མོས་རང་ཉིད་ནི་རིག་བཟང་ཞིག་མིན་ཚུལ་ལབ་པས། ཁོས་དེས་ན་ཁྱོད་ལ་བཟང་མོ་ཞེས་འབོད་འོས་ཟེར། དེ་ནས་བཟུང་ཁོས་མོ་ལ་བཟང་མོ་ཞེས་འབོད་ཅིང་མོས་ཀྱང་རང་ཉིད་ནི་དངོས་གནས་བཟང་མོ་ཞིག་ཡིན་པར་རློམ་ཡོད། མ་མཐའ་ཡང་ཁོ་རང་འཇིག་རྟེན་དཀར་ངོགས་དང་མ་བྲལ་བའི་སྔོན་གྱི་ཕྱི་དྲོ་དེའི་བར་དུ་དེ་ལྟར་རློམ་ཡོད།

དོན་དམ་དུ། ཁོའི་དྲན་པའི་འོ་མཚོ་ན་འཁྱིལ་བའི་རིག་བཟང་དཔལ་མོ་ནི་དངོས་གནས་བཟང་མོ་ཞིག་ཡིན་ངེས་ཏེ། ཁོ་རང་འཚོ་གནས་སུ་ཡོད་དུས་མོའི་མངལ་ནས་ཕྲུ་གུ་གཅིག་ཀྱང་མངལ་ལྟུང་བྱུང་མེད། ལྷག་པར་ཁོ་དང་མོ་ཡི་ཕྲུ་གུ་མཚེ་མ་གཉིས་མོའི་མངལ་གྱི་གུར་ཆུང་ན་ལྷམ་མེར་བཞད་ཡོད་པས། མོས་ཀྱང་རང་ཉིད་ནི་བཟང་མོ་ཞིག་ཡིན་མིན་ཐད་ལ་ཐེ་ཚོམ་ཕྲན་ཙམ་ཡང་སྐྱེས་མྱོང་མེད།

དགོང་མོ་དེར་མོ་དང་ཁྱིམ་མཚེས་སྐྱེས་པ་གཉིས་ཀྱིས་མཉམ་དུ་དགོང་ཇ་རོལ་རྗེས། མོས་འཐུང་མ་ཚར་བའི་ཕྱེ་ཐུག་འཕྲོ་མ་དག་མོ་རང་ཕྱིར་ལོག་པར་བསྒུགས་ནས་ཡོད་པའི་ཤ་བར་ཁ་ཟས་སུ་འཁྱེར་དགོས་ཚུལ་ལབ། ཁྱིམ་མཚེས་སྐྱེས་པ་དེས“ཤ་བ་ཟེར་བ་དེ་སུ་ཡིན། ངས་མཐོང་མྱོང་མེད་པ་ཅིའི་ཕྱིར་ཡིན”ཞེས་མ་ཁམས་པའི་ཉམས་ཀྱིས་ཚུར་ལབ་ཡོང་། མོས་ཁྱིམ་མཚེས་སྐྱེས་པའི་ཕྲག་དོག་གིས་ཕྱུག་པའི་ཚིག་དེ་ཐོས་མ་ཐག སུན་སྣང་དང་ཞེན་པ་ལོག་པ་ལྟ་བུའི་ཚོར་བས་རྐྱ་འཐབ་པར་གྱུར།

“རི་དྭགས་ཤ་བ་རེད། ངས་དེ་སྔ་མོ་ནས་གཡུང་དུ་ཕབ་ཡོད་པས་ད་ལྟ་ཁང་པའི་ནང་དུ་ང་ཕྱིར་ལོག་པར་བསྒུགས་ནས་ཡོད། ”

“རེད་རེད། ཡང་ཤ་བའི་འདྲ་པར་དེ་ཡིད་ལ་འཁོར་གྱིན་ཡོད་པ་ཨེ་ཡིན། ཧ་ཧ་ཧ། ཁྱོད་འདི་ད། མངལ་འཁོར་དུས་ཟས་འདོད་ཇེ་ཆེར་འགྲོ་ངེས་པ་རྒྱུན་ལྡན་རེད། དེ་ལ་རྫུན་ལབ་དགོས་དོན་ཡོད་དམ།······འོན་ཀྱང་དོ་ནུབ་ཕྱིར་འདིར་ཡོང་རོགས། ཧུ་ཧུ་ཧུ།”

མོས་ཁྱིམ་མཚེས་སྐྱེས་པའི་ཁ་འགུལ་ན་ཁོག་གི་རྒྱུ་མ་མཐོང་བས། ཁོའི་ཡོད་ཚད་མཐིལ་རྟོགས་ཡོད་སྙམ་པའི་ཁེངས་ཉམས་དང་གཡོ་ཁྲམ་འདྲེས་མའི་གདོང་ལ་ཅིས་ཀྱང་བལྟ་མ་འདོད། དེ་བས་མོས་ཅི་ཡང་མ་ལབ་པར་རང་ཁྱིམ་དུ་ལོག

4

ཁོ་ནི་ལོ་གསུམ་སྔོན་གྱི་དགུན་ཁའི་ཕྱི་དྲོ་ཞིག་ལ་རྐྱེན་ལམ་དུ་ཤོར་བ་ཡིན། ཕྱི་དྲོ་དེ་ནི་སྤྲིན་པ་དང་རླུང་བུ་གཅིག་ཀྱང་མེད་པའི་ཕྱི་དྲོ་ཞིག་རེད། ཡིན་ནའང་། ཕྱི་དྲོ་དེས་མོའི་འཚོ་བ་ལ་གནམ་ས་བླ་འོག་བརྗེས་པ་ལས་ཀྱང་ཆེ་བའི་འགྱུར་ལྡོག་ཅིག་བསྩལ། འགྱུར་ལྡོག་དེ་ནི་མོའི་ཤ་དང་ཁྲག་གི་རྒྱུ་བ་རུ་ཟུག་ཟིན་པའི་མི་ཕོ་ཁོ་རང་འཇིག་རྟེན་དཀར་ངོགས་ནས་མཐར་སྤྲད་པར་མ་ཟད། དེ་དང་ཆབས་ཅིག་མོའི་རྒྱུད་ཀྱི་དྲོད་ཁོལ་དང་བརྩེ་འདང་། ད་དུང་མོས་ཚེ་ནོམ་དུ་སྒོམ་བཞིན་པའི་ལྷད་མེད་ཀྱི་བརྩེ་དུང་དེའང་སྟོན་གྱི་ཁུར་མོང་ཇི་བཞིན་རྨེག་མེད་དུ་བཏང་།

ཡིན་ནའང་། གལ་སྲིད་ཁོ་རང་ད་ལྟའང་འཇིག་རྟེན་མི་ཡུལ་ན་བདེ་བར་བཞུགས་ཡོད་ཚེ། ཕྱི་དྲོ་དེའང་དྲོད་སྐྱིད་དང་དགའ་མགུ་ཡིས་ཕྱུག་པའི་ཕྱི་དྲོ་ཞིག་ཅིས་ཀྱང་ཡིན་ངེས་ཏེ།

རྒྱུ་མཚན་ཕྱི་དྲོ་དེ་ནི་མོའི་མངལ་གྱི་མཚེ་མ་གཉིས་བདེ་ལེགས་ངང་འཚར་ལོངས་ཡོང་ཆེད། ཁོ་དང་མོ་གཉིས་ཀྱིས་གོས་དཀར་ཅན་གྱི་ལས་གནས་བློས་བཏང་ཞིང་ནང་ལོགས་ཀྱི་གྲོང་ཁྱེར་དེ་དང་གྱེས་ཁ་བཞག་ནས་ཕྱིར་ཕ་ཡུལ་དུ་ལོག་རྗེས། ཕ་ཡུལ་གྱི་དགོན་གནས་གྲགས་ཅན་ཨ་མྱེས་ཤ་བོ་དགོན་དུ་མོའི་མངལ་གྱི་མཚེ་མ་གཉིས་ཨ་མྱེས་ཤ་བོ་ལ་ལུས་བཅོལ་བྱེད་པར་སོང་བའི་ཕྱི་དྲོ་དེ་ཡིན།

“སྙིང་ཉེ། ཁྱོད་ཀྱིས་མཚེ་མ་གཉིས་ནི་བུ་གཉིས་ཡིན་འདོད་དམ། ཡང་ན་བུ་མོ་གཉིས་ཡིན་འདོད། གང་ལྟར་ངས་ཁྱོད་ཀྱི་འདུན་པ་ལྟར་བཙས་ཆོག”

“ཧ་ཧ་ཧ། དེས་ན་ངས་འདུན་པ་ནི་བུ་གཅིག་དང་བུ་མོ་གཅིག་སྐྱེ་རྒྱུ་དེ་ཡིན།”

འདི་ནི་མི་འདོད་པའི་རྐྱེན་ངན་དེ་མ་བྱུང་བའི་སྔོན་གྱི་ཁོ་དང་མོ་ཡི་ལབ་གླེང་ཡིན་ལ། ཁོ་དང་མོ་ཡིས་སེམས་པས་སེམས་པར་གཏད་ཅིང་། མཆིན་པས་མཆིན་པར་གླན་པའི་མི་ཡུལ་གྱི་ཞིང་ཁམས་འདིའི་ཆེས་མཇུག་མཐའི་ལབ་གླེང་ཡིན།

དོན་དམ་དུ་མོས་དྲི་བ་དེ་ཁོ་ལ་ཐེངས་གང་མང་དུ་དྲིས་མྱོང་། ཡིན་ནའང་ཁོས་ནམ་རྒྱུན་ཕྲུ་གུ་བདེ་ཐང་ཡིན་པས་ཆོག བུ་བུ་མོ་གང་ཡིན་ཐད་ཁོ་ལ་ཁྱད་པར་མེད་ཚུལ་དང་། གང་ཡིན་རུང་ཁོའི་སྙིང་གི་ནོར་བུར་འཛིན་ངེས་ཚུལ་སོགས་ཀྱིས་ཐོལ་བར་བྱས་ཏེ། ལན་ཁ་གསལ་པོ་ཞིག་ཅིས་ཀྱང་སྟེར་མི་སྲིད། ཡིན་ནའང་ཕྱི་དྲོ་དེར་རྒྱུ་མཚན་ཅིའི་ཕྱིར་ཡིན་པ་མི་ཤེས་མོད་ཁོས་དྲི་བ་དེའི་ལན་སྐལ་མོ་ལ་ལྷག་ལུས་མེད་པར་གསལ་པོར་སྤྲད་བྱུང་། ཡིན་ནའང་མོས་ཕྱི་དྲོ་དེ་དྲན་པའི་གཞུ་མོར་བཀུག་ནས་རང་ཉིད་ཀྱི་ལས་དབང་ལ་ལེ་འདེད་དང་ཁོའི་མི་ཚེ་ལ་གདུང་སེམས་སྐྱེ་ཐེངས་རེར། སྦི་རག་གིས་ཉོག་པར་གྱུར་པའི་ཁ་ལོ་པ་སྨྱོན་པ་དེར་སྲིད་པར་ཤོང་བའི་དམོད་པ་བོར་རྒྱུ་ཡེ་ནས་བརྗེད་མེད།

ཡང་ཕྱི་དྲོ་དེ་ནས་བཟུང་མོས་བཟང་མོ་ཞེས་པའི་གཅེས་མིང་བོར་ཟིན་པ་དང་ལྷན་དུ་རང་ཉིད་ཀྱང་བོར་སྟོར་བྱས། ལྷག་པར་ཁོ་རང་འགྲིམ་འགྲུལ་དོན་རྐྱེན་དེས་ལྔ་ལམ་དུ་བསྐྱལ་བ་ལས་མོའི་ལུས་སེམས་སྡུག་གིས་གཟིར་ཏེ་མངལ་གྱི་མཚེ་མ་ཡང་རང་ཤུད་ཀྱིས་མངལ་ལྟུང་བྱུང་བས། མོས་རང་ཉིད་ནི་མིའི་ཡུལ་དུ་རྣམ་ཤེས་དབུལ་བའི་བེམ་པོ་ཁེར་འགྲོ་འབའ་ཞིག་ཏུ་བསམས་ཡོད།

མི་ཡུལ་དུ་རྣམ་ཤེས་ཀྱི་གཞི་རྟེན་དབུལ་ཚེ་ཤ་ཁྲག་གིས་གདོས་པའི་ཕུང་པོ་ཉིད་ནི་སྣོད་ཆས་ཤིག་གམ་ཤུན་ལྐོགས་ཙམ་ལས་འགོངས་ཐབས་བྲལ་བ་འདྲ། ཁོ་རང་རྒྱང་དུ་བཞུད་པ་ནས་བཟུང་། མོས་རང་ཉིད་ཀྱི་རྣམ་ཤེས་བོར་བས་འཚོ་གནས་ཀྱི་ཡང་སྙིང་བོར། དེ་བས་མོས་ཅིས་ཀྱང་མི་ཡུལ་འདི་ནས་བུ་གཅིག་དང་བུ་མོ་གཅིག་ཁོའི་ཆེད་དུ་བཙའ་དགོས་པར་སེམས་ཤིང་། དེ་ལ་འབད།

5

མཚན་མོ་དེར། མོས་རྭ་མེད་པའི་ཤ་བ་དེ་བཞོན་རྟར་ཕབ་ནས་རྒྱང་བཞུད་བྱས། མོས་ཤ་བ་དེར་ཁ་ལོ་དང་ལམ་སྟོན་ཅི་ཡང་མ་བྱས་ཀྱང་གར་འགྲོ་གནས་ཀྱི་ལམ་ཐིག་ཁོ་ལ་གསལ་ཆ་ངེས་པ་འདྲ། ཤ་བ་དེས་མོ་རང་ཁུར་ནས་སྨག་རིམ་གྱི་མཚན་གཞུང་བརྒལ་ཏེ་རྒྱང་རིང་གི་ཐོ་རངས་ལ་བསྙེགས། ལམ་བར་དུ་མོ་དང་ཁོ་ཡིས་ལོ་གསུམ་སྔོན་ལས་སྒྲུབ་གནང་མྱོང་བའི་གོས་དཀར་གྱི་ཞིང་ཁམས་དེ་བརྒྱུད། གནས་དེ་རུ་ངུ་འབོད་དང་འོ་དོད་ཀྱིས་འཚང་ཁ་རྒྱག་བཞིན་མཆིས་ནའང་། མོས་དེ་དག་ཡོད་ཚད་མི་ཡུལ་དུ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་བསམས་ཏེ། ཕྱི་མིག་ལན་གཅིག་ཀྱང་མ་གནང་བར་མུ་མཐུད་དུ་རྒྱང་བཞུད་བྱས།

ཤ་བ་དེས་མོ་རང་རྒྱབ་ཏུ་ཁུར་ཏེ་རྒྱང་བཞུད་ཀྱི་གོམ་ཁ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་བཏང་། མོ་ནི་བང་གིས་རྒྱུག་བཞིན་པའི་ཤ་བ་ཞིག་ལ་བཞོན་ཡོད་ནའང་རང་ཁྱིམ་གྱི་འབོལ་ཁྲི་ལ་བསྡད་དེ་རྒྱལ་ཁམས་འགྲིམ་བཞིན་པའི་ཉམས་སྣང་འཕོས་ཤིང་། མཁའ་རུ་བཀྲ་བའི་སྐར་ཚོགས་ལ་ཅེར་བཞིན་ཁྲག་ཐིགས་འཛག་བཞིན་པའི་ཟླ་བ་ལ་གདུང་སེམས་སྐྱེས། ཏག་ཏག་སྐབས་དེར། མདུན་ཕྱོགས་ཀྱི་སྨག་རུམ་ལས་གློག་འོད་ཅིག་གསལ་ལྡིང་ངེར་མཆེད་ཡོང་ལ། གློག་འོད་དེའི་ཁུངས་སྣེ་རུ་གྲོང་ཁྱེར་དེའི་རི་དྭགས་ཁང་གི་སྒོ་བྱང་བཀལ་འདུག སྒོ་བྱང་དེས་མོ་ལ་རང་གར་སྡོད་མི་ཚུགས་པའི་ན་ཟུག་ཅིག་བསྐྱེད་ལ། ཁོ་རང་འཇིག་རྟེན་མི་ཡུལ་དུ་ཡོད་དུས་ཀྱི་གཟའ་མཇུག་གང་མང་ལ་སྒོ་བྱང་དེའི་འོག་ནས་ཡར་འཛུལ་མར་ཡོང་བྱས་པའི་དྲན་པ་གསོས། ད་དུང་རི་དྭགས་ཁང་དེའི་རི་དྭགས་ཕལ་མོ་ཆེ་ཁོས་པར་དུ་བཏབ་ཡོད་པ་ཡིད་ལ་འཕོས་པས། མོ་རང་མཚན་མོ་འདིར་ཅིས་ཀྱང་རི་དྭགས་ཁང་དེར་ལན་གཅིག་འགྲོ་དགོས་བསམས། ཡིན་ནའང་མོའི་བཞོན་རྟར་གྱུར་པའི་ཤ་བ་དེས་གོམ་ཁ་སྔར་བཞིན་ཇེ་མགྱོགས་ནས་ཇེ་མགྱོགས་སུ་བགྲོད་པ་ལས། གློག་འོད་དེ་དང་རི་དྭགས་ཁང་དེའི་ཕྱོགས་ལ་མིག་ཞགས་ཙམ་ཡང་མི་འཕེན། དེ་བས་མོས་རང་དང་རྒྱང་དུ་གྱེས་བཞིན་པའི་སྒོ་བྱང་དེ་དང་རི་དྭགས་ཁང་དེ་ལ་འཁྲེང་ཞེན་གྱི་ཕྱིར་མིག་འཕེན་བཞིན། རི་དྭགས་ཁང་དེའི་ནང་ལོགས་ན་ལག་ཏུ་པར་ཆས་ཐོགས་ཏེ་རི་དྭགས་གང་ཞིག་པར་དུ་འདེབས་བཞིན་པའི་ཁོ་ལ་ཡང་རྒྱང་དུ་གྱེས་བཞིན་པའི་ཉམས་སྣང་སྐྱེས།

ཡིན་ནའང་། འགྲོས་མགྱོགས་པའི་ཤ་བའི་རྟ་ཕོ་དེ་ནཱ་ལནྡཱ་ཞེས་པའི་སྐྱོར་ཀློག་གླིང་གར་སླེབས་དུས། ཁོས་གོམ་ཁ་དལ་བར་བཞག་སྟེ“བཟང་མོ་མར་བོབས་དང་། འུ་གཉིས་ཀྱི་བུ་དང་བུ་མོས་གླིང་ག་འདི་ན་སྐྱོར་ཀློག་བྱེད་བཞིན་མཆིས། ཁྱོད་རང་གནས་འདིར་སླེབས་པར་ཁོ་གཉིས་ཀྱིས་ཉིན་སྒུག་མཚན་སྒུག་བྱས་ནས་ཡོད”ཅེས་ཟེར་ཞིང་སྐད་དེ་ནི་ཅི་འདྲའི་རྒྱུས་མངའ་ཡོད་པ་ཞིག་རེད་ཨང་། དེ་འཕྲལ་མོས་ཤ་བའི་ཕྱོགས་སུ་ལན་གཅིག་ལྟ་དུས། ཤ་བ་དེ་སེ་གོལ་གཏོགས་ཡུན་ཙམ་ལ་མི་སྣང་བར་གྱུར་ཅིང་གོས་དཀར་གྱོན་པའི་ཁོ་རང་མོའི་མཐོང་ལམ་དུ་མངོན་ཡོང་། སྐད་ཅིག་མ་དེར་མོ་རང་ཚིག་གིས་ཁྲོལ་ཐབས་བྲལ་བའི་དགའ་བ་ཞིག་གིས་མྱོས་ཤིང་། ཁོ་དང་ལྷན་དུ་ཞེ་ལྷོད་ལྷོད་ཀྱིས་ལོ་ངོ་གསུམ་རིང་གི་སེམས་ཚོར་དག་ལྷུག་པར་བརྗོད་འདོད་དྲག་ཏུ་སྐྱེས། ཡིན་ནའང་སྐབས་དེའི་ཁོ་ནི་ནད་པ་གང་ཞིག་ལ་གཤག་བཅོས་བྱ་བར་བྲེལ་བ་ལྟ་བུའི་ཚུལ་གྱིས་མོ་ལ་བུ་དང་བུ་མོ་ཡོད་སར་མྱུར་མོར་འགྲོ་དགོས་ཚུལ་དང་ཁོ་རང་གཏན་དུ་ཁྱོད་ཀྱི་གམ་ན་ཡོད་ཚུལ་སོགས་ལབ་པས། མོས་ཀྱང་ཤི་གསོན་གྱི་ཕ་མཐའ་བརྒལ་བའི་བུ་ཕྲུག་དག་ལ་ཐུག་འཕྲད་ལན་གཅིག་འབྱུང་རྒྱུ་ནི་སྐལ་བས་མི་རུང་བ་ཡིན་པས། ངེས་པར་དམ་འཛིན་བྱེད་དགོས་བསམས་ཏེ་ཁོའི་གོམ་ཁའི་རྗེས་སུ་བསྙེགས།

6

“ནཱ་ལནྡཱ་ཟེར་བ་སྟོད་འཕགས་པའི་ཡུལ་དུ་ཡོད་པ་མིན་ནམ།”

“དེ་ནི་མི་ཡུལ་གྱི་ནཱ་ལནྡཱ་ཡིན། དབྱིངས་ཁམས་འདིའི་ནཱ་ལནྡཱ་ནི་མི་ཡུལ་གྱི་ནཱ་ལནྡཱ་དེ་བཙུགས་པའི་རྗེས་ཀྱི་དུས་རབས་ཕྱི་མར་བཞེངས་པ་རེད། དེ་དུས་མི་ཡུལ་གྱི་ནཱ་ལནྡཱ་རུ་དྲག་དམག་གི་འཇིགས་པ་བྱུང་བས་རྣམ་ཤེས་བགྲང་འདས་ཀྱིས་ལུས་རྟེན་མ་རྙེད་པས་གནས་འདིར་གཞི་མལ་བྱས་པ་རེད། ”

“ལོ་འདི་གསུམ་རིང་ལ། ཁྱོད་རང་ཡང་གནས་འདི་ནས་གཞི་མལ་བྱས་པ་ཡིན་ནམ། ”

“བཟང་མོ་ལགས། དེ་ག་ལ་ཡིན། ང་ནི་ཁྱེད་ཀྱི་ལྷུམས་སུ་ལན་གྲངས་གསུམ་ལ་ཞུགས་ཏེ་ལུས་རྟེན་རྙེད་པར་འདུར་རྒྱུག་བྱས་པས། གནས་འདི་ནས་སྡོད་པའི་ཁོམ་པ་ག་ལ་ཡོད། ཡིན་ནའང་གནས་འདི་རུ་ལོ་གྲངས་དུ་མར་མུ་གེ་དང་ཐན་པ་བྱུང་ཡོད་པ་འདྲ།”

“མུ་གེ། ནཱ་ལནྡཱ་རུ་མུ་གེ་བྱུང་ཡོད་དམ།”

“རེད། མུ་གེ་བྱུང་ནས་མི་ལོ་བརྒྱ་ལ་ཉེ་བ་འགོར་ཟིན། མི་ལོ་བརྒྱའི་ཡར་སྔོན་ནས་བཟུང་མིའི་ཡུལ་དུ་མི་གྲངས་ཚོད་འཛིན་གྱི་ཕྱིར་དུ་ཕྲུ་གུ་བགྲང་འདས་མངལ་ལྟུང་དང་མངལ་འགོག་བྱས་པས། ཕྱིས་སུ་སྦྲུམ་མར་འཁོར་མ་ཐུབ་པའི་རྣམ་ཤེས་དག་གནས་འདིའི་རྒྱུན་མགྲོན་དུ་གྱུར་པས། གནས་འདིར་མུ་གེ་མི་འབྱུང་ག་ལ་སྲིད།”

“ཕྲུ་གུ་དེ་དག་ནཱ་ལནྡཱ་རུ་གནས་མལ་བྱེད་དགོས་པའི་རྒྱུ་མཚན་ཅི། ཁོ་ཚོས་ལུས་རྟེན་མི་འཚོལ་ལམ།”

“ལུས་རྟེན་ལོས་འཚོལ། ཡིན་ནའང་ལོ་ངོ་འདི་དག་ལ་མིའི་ཡུལ་དུ་འཁྲུག་ཆེན་དུ་མ་དང་ནད་ཡམས་ལན་མང་བྱུང་བས་མི་ལུས་གྲངས་མེད་ཀྱིས་རྣམ་ཤེས་བོར་ཡོད། དེའི་ཕྱིར་རྣམ་ཤེས་འཁྱམ་པོ་མང་དྲགས་པས་མི་ཡི་ལུས་རྟེན་ཞིག་རྙེད་པ་ལས་སླ་མོ་ག་ལ་ཡིན། ད་དུང་མིའི་ཡུལ་དུ་རི་དྭགས་དང་གཅན་གཟན་གྲངས་མེད་ཅིག་རྩ་སྟོང་བྱུང་ཞིང་འཚོ་གནས་སུ་ཡོད་པ་དག་ཀྱང་རང་དབང་བྲལ་བས། ལྷུམས་སུ་ཞུགས་ཆོག་པའི་རི་དྭགས་སྦྲུམ་མ་ཞིག་ཀྱང་ཤིན་ཏུ་རྙེད་དཀའ་བར་ཆགས་ཡོད། ”

“དེས་ན་ངའི་མངལ་གྱི་ཕྲུ་གུ་དག་ཡང་ནས་ཡང་དུ་རང་ཤུད་ཀྱིས་མངལ་ལྟུང་འབྱུང་བ་ཅིའི་ཕྱིར་ཡིན། ”

“འོ་རེད། དེ་ཡང་མིའི་ཡུལ་གྱི་དབྱིངས་ཁམས་སུ་ལུས་རྟེན་མ་རྙེད་པའི་རྣམ་ཤེས་འཁྱམ་པོ་མང་དྲགས་པས། ཁོ་ཚོས་ལུས་རྟེན་འཐོབ་ཕྱིར་ཁྱོད་ཤི་ང་གསོན་གྱིས་འཐབ་མོ་བྱས་པའི་བསྐྱེད་འབྲས་ཡིན།”

“ཅི་འདྲའི་ཡ་ང་བ་ལ། གནས་འདི་ནི་མི་ཡུལ་ལས་ཀྱང་འཇིགས་སུ་རུང་བ་འདྲ།”

“བཟང་མོ། ཁྱེད་ཀྱིས་ནགས་ཚང་ཞི་ལུ་གཉིས་དྲན་ནམ། འཇིག་རྟེན་དཀར་ངོགས་སུ་ཡོད་དུས། ཁྱེད་ཀྱིས་དེབ་དེར་ལན་མང་བལྟས་པའི་བག་ཆགས་ཀྱིས་འུ་གཉིས་ཀྱི་ཕྲུ་གུ་དག་རྣམ་ཤེས་འཁྱམ་པའི་ཁྱོད་ཤི་ང་གསོན་གྱི་འཐབ་རར་ཞུགས་མ་དགོས་པར་གྲོ་མ་དང་རྟ་ཆས་ཟས་སུ་རོལ་ཆོག་པ་ཆགས་ཡོད། འདི་ནི་ཅིས་ཀྱང་དགའ་འོས་པའི་དོན་བྱ་ཞིག་ཡིན་ཡ།” “······ ”

7

ནགས་ཚང་ནེའུ་བློ་དང་ཨ་བོ་འཇའ་པེ་གཉིས་ཀྱིས་མིའི་ཡུལ་དུ་དམྱལ་ཁམས་ཉུལ་ཚུལ། མོའི་བློ་ངོར་ནམ་ཡང་གསལ་དུ་ངེས། ལོ་བཅུའི་སྔོན་གྱི་ས་སྲོད་ཅིག་ཏུ་ཁོས་གསོ་རིག་སློབ་གླིང་དེའི་རྒྱབ་རོལ་གྱི་ནགས་གསེབ་ནས《ནགས་ཚང་ཞི་ལུའི་སྐྱིད་སྡུག》ཅེས་པའི་དེབ་དེ། ཁོ་དང་མོ་ཡི་བརྩེ་དུང་གི་དན་རྟགས་སུ་མོ་ལ་ལེགས་སྐྱེས་སུ་ཕུལ།

མོས་ཀྱང་ས་སྲོད་དེའི་ཉི་མ་ནུབ་མཚམས་ནས་ཕྱི་ཉིན་གྱི་སྐྱ་རེངས་འགྱོག་རག་བར་དུ་དེབ་དེ་མཚན་ཀློག་བྱས། ཡིན་ནའང་མཚན་གཞུང་རིང་མོ་དེར་མོས་མ་འོངས་པའི་ཉིན་ཞིག་ལ། རང་གི་བུ་ཕྲུག་གི་སྟེང་ལའང་ནགས་ཚང་ཞི་ལུ་གཉིས་ཀྱི་མགོ་ཐོག་གི་ཉི་མ་དམར་པོ་དེ་ཤར་སྲིད་པ་ཡིད་ཀྱི་ཟུར་ཙམ་དུའང་དྲན་མ་ནུས།

ཡིད་སྐྱོ་བ་ཞིག་ལ། མཚན་མོ་དེར་མོ་རང་ཁོ་དང་བསྡོངས་ཏེ་རང་གི་ཕྲུ་གུ་མཚེ་མའི་ཕྱོགས་སུ་རེ་བས་ཆས་དུས། བུ་མོ་ནི་སྦྲ་རས་ནག་ཧྲལ་ཞིག་གི་ཐུ་འོག་ན་བཀྲེས་སྐོམ་གྱིས་གདུང་སྟེ་རང་ལུས་ཀེང་རུས་སུ་མངོན་ཞིང་། སྐྲ་ལོའི་ལན་བུའང་ཡེ་ནས་ཟད་དེ་ཕྱི་ལྟག་མཚམས་སུ་ཉག་མ་འགའ་ལས་ལུས་མེད། མོས་བུ་མོའི་ཤི་མ་གསོན་གྱི་བེམ་པོ་དེ་རིག་མ་ཐག་གདུང་སེམས་ཀྱིས་ཀུན་ནས་མནར་ཞིང་སྡང་སེམས་ཀྱི་མེ་ཁ་རབ་ཏུ་འབར། དེ་བས་མོས་རང་གིས་ནང་སེམས་ཀྱི་ན་ཟུག་དག་ཕྱིར་བྱོ་ཕྱིར་དགུང་སྔོན་ལ་གཏད་དེ་འོ་དོད་ཆེན་པོས་ངུ་འབོད་བྱས། ཏག་ཏག་སྐབས་དེར། མོའི་གམ་དུ་ཨ་བྲ་ཆུང་ངུ་ཞིག་གིས་གྲོ་མ་ཁྱོར་བ་གང་བསྣམས་ཡོང་སྟེ“ཨ་མ་ལགས། དེ་འདྲའི་གདུང་སེམས་སྐྱེ་མི་དགོས། མ་མཐའ་ཡང་ང་དང་ནུ་མོ་གཉིས་ལ་གྲོ་མ་དང་རྟ་ཆས་མོད་པོ་ཟས་སུ་ཡོད་པས་ངེད་གཉིས་ཀྱིས་ཅིས་ཀྱང་རང་གི་རྣམ་ཤེས་བོར་མི་སྲིད”ཅེས་ཟེར་ཞིང་སྲན་རྡོག་འགའ་དང་གྲོ་མ་འགའ་མོའི་མདུན་དུ་བླུགས།

མོས་རང་གི་བུ་ཡིས་ལུས་རྟེན་བརྗེས་རུང་མ་ངོ་ཟིན་འདུག་སྙམ་སྟེ་ཅུང་འཛུམ་བཞིན་པའི་མོད་ལ། སྦྲ་འདབས་སུ་གློ་ཉལ་དུ་འདུག་པའི་བུ་མོ་ཡར་ལངས་གྲབས་ཙམ་བྱས་ཏེ “ཨ་མ་ལགས། ཁྱེད་ཀྱིས་སེམས་ཁྲལ་དང་ལེ་འདེད་མི་བྱེད་རོགས། ངའི་རྣམ་ཤེས་ཉི་ཚེ་བ་འདིས་མི་ལུས་ཀྱི་རྟེན་གཞི་ཞིག་རྙེད་དཀའ་ནའང་། ཕུ་བོ་ནང་བཞིན་ཨ་བྲ་ཞིག་གི་ལུས་རྟེན་ཅིས་ཀྱང་རྙེད་ངེས། གལ་སྲིད་ཨ་བྲ་ཞིག་ཀྱང་མེད་ནའང་བྱ་བྱེའུ་འབའ་འབུ་གྲངས་མེད་ཀྱིས་ང་རང་ལྷུམས་སུ་ཞུགས་པར་བསྒུགས་ཡོད་ངེས”ཞེས་བཤད་ཞོར་རེ་བས་བརྟས་པའི་མིག་ཟུང་མོ་ལ་གཏད། སྐད་ཅིག་མ་དེར་མོས་ཡིད་ཀྱི་བརྙན་ཡོལ་དུ་རི་དྭགས་དང་གཅན་གཟན་བགྲང་འདས་སྦྲ་ཆེན་འདྲ་བའི་ལྕགས་གཟེབ་ཅིག་ཏུ་བཅུག་ཡོད་པ་འཕོས་ཡོང་།

8

ཉི་འོད་ཀྱི་ཟེགས་མ་ནི་ཁབ་ཀྱི་རྩེ་མོ་ཇི་བཞིན་སྒེའུ་ཁུང་བརྟོལ་ཏེ་མོའི་མིག་ལྕིབས་འོག་འཛུལ་ཡོང་། མོ་རང་རི་ལུང་གྲངས་མེད་ཅིག་འཛེགས་པ་ལྟ་བུའི་ངལ་དུབ་ཀྱི་སྣང་བས་ལུས་ཕུང་ཡོངས་བཀླུབས་ནའང་། རང་གི་བྲང་དུ་སྦྱར་ཡོད་པའི་ཤ་བའི་འདྲ་པར་དེ་མཐོང་རྗེས་ག་ཞིག་ནས་དྲོད་ལམ་ལམ་བྱེད་ཅིང་འདྲ་པར་ངོས་ཀྱི་ཤ་བ་དེར་ཅེར་ནས་ཡུད་ཙམ་ལུས།

ཡང་མོས་དྲན་པ་ལོ་ཟླ་ལ་གཡེང་མཚམས་བཞག་སྟེ་མལ་ཁྲི་ལས་ཡར་ལངས་གྲབས་བྱེད་སྐབས། རང་གི་སྔས་འབོལ་གྱི་ཚབ་ཏུ་གྱུར་པའི《ནགས་ཚང་ཞི་ལུའི་སྐྱིད་སྡུག》ཅེས་པའི་དེབ་དེའི་ཤོག་ངོས་འགའ་ཡང་མིག་ཆུས་བརླན་ཟིན་པ་ཚོར། ཏག་ཏག་སྐབས་དེར། ཁྱིམ་མཚེས་སྐྱེས་པ་དེ་མོའི་ཁང་པར་སླེབས་ཤིང་མོ་ལ་གཏད་དེ“དེ་རིང་ནས་ཕྱི་ལ་འགྲོ་དུས་ཁ་རས་འདི་རྒྱོབས་དང་། རབ་ཡིན་ན་ཁྱིམ་ནས་ཕྱིར་མ་འབུད”ཟེར། མོས་རྣམ་ཤེས་འཁྱམ་པོ་དེ་དག་ཡིད་ལ་འཁོར་ཞིང་། རང་གི་བུ་ཕྲུག་དེ་དག་ཀྱང་སེམས་ལ་དྲན་པས་འཚུབ་ཆ་དང་བཅས་ཏེ“ཅི་རེད། ཡང་ནད་ཡམས་བྱུང་བ་ཡིན་ནམ” ཞེས་དྲིས། ཁྱིམ་མཚེས་སྐྱེས་པས་མོའི་རྒྱུན་ལྡན་མིན་པའི་རྣམ་འགྱུར་དེར་ཧད་ཙམ་བྱས་རྗེས། དྲིས་ལན་དུ“རེད། ནད་ཡམས་རེད། མདང་ནུབ་གྲོང་ཁྱེར་འདིའི་མི་སྟོང་ཕྲག་གསུམ་ལྷག་ནད་ཡམས་ཀྱིས་བརླགས་ཚར་འདུག”ཅེས་བཤད་རྗེས་མོའི་ཁང་པར་ཕྱི་ཟྭ་བརྒྱབ་སྟེ་ལས་ཚོགས་སུ་ཕྱིན།

9

ཉིན་དེའི་ས་སྲོད་ཀྱི་མཚམས་སུ་མོས་མཚམས་སྤྲིན་ལ་རྒྱང་ལྟ་ཡང་ཡང་བྱས་རྗེས། ངག་ལས“བུ་མོ་དང་རྣམ་ཤེས་འཁྱམ་པོ་དེ་དག་སྐྱོབ་ཕྱིར། ངས་ཅིས་ཀྱང་རི་དྭགས་དེ་དག་ལ་རང་དབང་བསྩལ་དགོས”ཞེས་ཆིག་ལབ་ཅིག་བརྒྱབ་རྗེས། གདོང་ལས་མི་ལོ་གསུམ་དུ་མངོན་མ་མྱོང་བའི་འཛུམ་ཆུང་ཞིག་བཞད་ཅིང་། ཐོ་བ་ཞིག་དང་ལྕགས་སོག་ཅིག་མཆན་ལ་བཙིར་ཏེ་གྲོང་ཁྱེར་དེའི་རི་དྭགས་ཁང་ཆེན་མོའི་ཕྱོགས་སུ་གོམ་ཁ་བསྒྱུར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།