སྐྱེས་སུ་བཏེགས་པའི་ལས་འབྲས།

ཨ་མས་ཚ་ཐབ་དྲོན་མོ་ཞིག་གི་ནང་ལོགས་ནས་ང་བཙའ་རྒྱུར་སྟ་གོན་བྱེད་བཞིན་འདུག ང་སྐྱེས་བྱུང་།

ཨ་མའི་ན་ཟུག་གི་འཁུན་སྒྲའི་ཁྲོད་ནས་ང་སྐྱེས་བྱུང་། ཨ་མས་འཇིག་རྟེན་འདིར་མི་ལྷག་མ་ཞིག་བཙའ་དགོས་པའི་དམིགས་ཡུལ་ག་རེ་ཡིན་ནམ། ད་ནི་ང་ལས་ལྷག་པའི་ལྷག་མ་ཞིག་སྐྱེ་མི་འོས།

ཨ་མས་ང་རང་ནམ་ཞིག་ལ་བཙས་པ་གསལ་ཆ་ཆེན་པོ་མེད་མོད། གལ་སྲིད་དུས་ཚིགས་ཤིག་གིས་དབྱེ་འབྱེད་བྱེད་དགོས་ཚེ་ཆར་བ་ཤག་ཤག་འབབ་པའི་དབྱར་དུས་ཤིག་རེད།

བྱིས་པ་སུ་ཡིན་རུང་ཨ་མའི་མངལ་ནས་ལྷུང་མ་ཐག་ཨག་སྐད་དང་བཅས་ཚེར་མའི་འཇིག་རྟེན་དུ་ལྷུང་བ་ནང་བཞིན། ངས་ཀྱང་འཇིག་རྟེན་གྱི་དཀར་ངོགས་ནས་ཨ་མར་དབང་བའི་ངུ་ཤུམ་ཡིད་ཚིམ་པ་ཞིག་ཕྱུང་། འདི་ནི་ངས་ཐོག་མར་སྐྱེས་སུ་བཏེགས་པའི་ཨ་མའི་དྲིན་གཟོ་ཞིག་གི་ཚབ་ཏུ་ཡིན་པ་བསྙོན་དུ་མེད། ང་རང་གཙང་ཞིང་དྲོ་བའི་ཨ་མའི་བུ་སྣོད་ལས་འཇིག་རྟེན་གྱི་གྲུ་ཟུར་འདིར་ཐོན་དུས། ང་ནི་བྱིས་པ་གཞན་དག་དང་འདྲ་བར་ངུ་ཤེས་ཀྱང་དགོད་ག་ལ་ཤེས། ང་སྐྱེས་རྗེས། ང་ནི་རྡོ་ལོག་གོར་མོ་ཞིག་དང་འདྲ། ང་ལ་རྒྱ་མ་ལྔ་དང་སྲང་བཞི་ལས་མེད། འདི་ལྟར་འཆད་ཡོང་དུས་ང་ནི་མི་ཞིག་གི་ཚད་གཞི་ལོན་མེད་པའམ་མི་ཞིག་ཡིན་མིན་ཡང་ཁ་ཚོན་གཅོད་དགའ།

ང་རང་སྐྱེས་པའི་དུས་དེ་ནས་བཟུང་། ཨ་མས་ང་ལ་རང་དང་འཚམ་པའི་མིང་ཞིག་བཏགས། རྗེས་སུ། ང་རང་མི་བརྒྱའི་གྲས་སུ་ཚུད་ཐག་ཆོད། མིང་འདི་ཨ་མ་ཁོ་ནས་བཏགས་པ་ཞིག་མ་ཡིན་ཏེ་ང་རང་ཨ་མའི་མངལ་དུ་སྦྲུམ་ཡོད་དུས་ཨ་ཕས་བཅའ་བ་རིམ་གྲོ་དང་བཅས་ཆེད་དུ་དགོན་པ་ཞིག་ལ་སོང་ནས་སྲི་བསྟོད་དུས་དགེ་ལུགས་པའི་བླ་མ་ཞིག་གི་སྐུ་མདུན་ནས་བསླངས་པ་ཡིན་ཟེར། བུ་ཞིག་ཡིན་ན་ཆོས་དར་དང་། བུ་མོ་ཞིག་ཡིན་ན་ཆོས་སྐྱིད་ཅེས་ཤོག་བུ་དཀར་པོ་ཞིག་གི་སྟེང་ལ་ཡི་གེ་ནག་ལམ་མེར་བྲིས། རྗེས་སུ། མིང་འདི་རྒྱུན་འབྱམས་སུ་གྱུར་མོད། ཡིན་ཡང་མི་ཚང་མས་ང་ལ་འདི་ལྟར་འབོད་དུས་ངའི་ཡིད་ཁམས་རབ་ཏུ་འཁྲུགས་ཤིང་སྐད་ཅིག་ཉིད་དུ་སྙིང་རླུང་སྟོད་ལ་འཚང་ཡོང་། མིང་འདི་ང་ཡི་དངོས་མིང་ཡིན་བཞིན་དུ་ད་དུང་ཡང་རང་ཉིད་དོགས་མི་བདེ་བའི་ངང་ཚུལ་ཞིག་འབྱུང་བ་ནི་རང་གིས་རང་ལ་ལེ་བདའ་བྱེད་སྟངས་ཤིག་ལས་ངེས་གཏན་གྱི་དམིགས་ཡུལ་ཅི་ཡང་མེད་པ་འདྲ།

ཨ་མས་ང་སྐྱེས་དུས་གནམ་ནས་འབྲུག་གྲགས་ཤིང་གློག་དམར་ཆེམ་ཆེམ་དུ་འཁྱུག་གིན་འདུག་ཟེར། ལོ་དེར་ངས་འབྲུག་སྐད་ཡེ་ནས་མ་ཚོར། འབྲུག་དེ་ཆེད་དུ་ང་ལ་གྲགས་པ་མ་ཡིན་ཏེ། འབྲུག་དེ་བསམ་གཟས་ནས་གྲགས་པའང་གཏན་ནས་མ་རེད། འབྲུག་དེ་དུས་ཚིགས་ཤིག་གིས་མངགས་པའི་ཕོ་ཉ་ནང་བཞིན། མཚམས་རེར་གྲགས་ལ་མཚམས་རེར་ཁུ་སིམ་མེར་གནས། ང་ནི་འབྲུག་གྲགས་དུས་སྐྱེས་པ་ཞིག་ཡིན་ཚེ་མིང་ལ་འབྲུག་ཅེས་པའི་མིང་ཞིག་ཇི་ལྟར་མ་ཐོགས་པ་ཡིན་ནམ།

ང་ལ་ནུ་བོ་ཞིག་ཡོད། ངའི་ནུ་བོ་ལའང་ང་དང་འདྲ་བའི་རུས་མིང་ཞིག་བཏགས་ཡོད། འདི་ནི་ངེད་ཚང་གི་ཁྱིམ་རྒྱུད་འདིའི་བཟློག་ཏུ་མེད་པའི་རྩ་བའི་ཡན་ལག་ཅིག་ཏུ་གྲུབ་ཚར། ཕར་བལྟས་ཚོད་དུ་ངའི་ནུ་བོའི་མིང་འདི་ངའི་མིང་དང་བསྡུར་ན་སྙན་ཞིང་སྙན་ལ། ལོབས་དགོས་ཚེ་སྐད་ཅིག་ཉིད་དུ་ལོབས་འགྲོ་བའི་རིགས་དེ་ཡིན།

དེ་བས། ངས་ནམ་རྒྱུན་ནུ་བོའི་མིང་ནས་ཡང་ཡང་བཟུང་སྟེ་སྐད་གསང་མཐོན་པོས་འབོད་རྒྱུར་དགའ་ཞིང་། ང་ས་གང་དུ་སོང་ན་ངས་ཁོའི་ལག་ཟུང་གཉིས་ཀར་དམ་པོར་འཇུས་ནས་འཁྲིད་དགོས་ཤིང་། འཚོ་བ་ཞེས་པའི་སྒྲོམ་གཞི་ཆེན་པོ་འདི་ནས་ངེད་གཉིས་ནམ་ཡང་ཐར་ཐབས་མེད་པ་སྔ་མོ་ནས་ཤེས་ཡོད། གང་ལྟར་ངེད་ཕུ་ནུ་གཉིས་ཀའི་བར་ལ་འདི་འདྲའི་བརྩེ་འདང་ཆེན་པོ་ཞིག་ཆགས་ཐུབ་པའི་འབྱུང་རྐྱེན་དེ་སུས་ཀྱང་མ་མཐོང་བའི་ཚུལ་གྱིས་བཏང་སྙོམས་སུ་བཞག་ཡོད།

ལོ་དེར་ཅི་ཞིག་གི་ལོ་ཡིན་པ་བརྗེད་སོང་། ཕལ་ཆེར་ང་ལ་མཚོན་ན་རང་ལོ་ཡིན་ངེས། རང་ལོ་ཡིན་དུས་རང་ངོ་རང་གིས་ཟིན་དགོས་ཏེ་ངས་དུས་གཏན་དུ་བྱ་བ་ཞིག་གི་བགེགས་དང་བར་ཆད་ལ་རེ་ཞིང་བསྒུགས་ནས་བསྡད། ཡིན་ཡང་ལོ་དེར་སྟབས་ལེགས་པ་ཞིག་ལ་ངས་སྡེ་འདབས་ནས་ཤོག་ཐང་ཞིག་རྙེད། ང་འགྲོ་ཁར་ཤོག་ཐང་དེ་ཤུལ་དུ་བསྐྱུར། ཤོག་ཐང་དེ་ཁྱེད་ཀྱི་ལག་ནས་ལོ་ངོ་ག་ཚོད་ཅིག་འགོར་སོང་བ་ཚོད་དཔག་བྱེད་དཀའ། དངོས་པོ་གང་ཡིན་རུང་ལོ་ཡིས་ཟིན་ཚད་ཅིག་གིས་དེ་ལ་དེ་བསྟུན་གྱི་རིན་ཐང་ཆེས་ཆེར་ལྡན་ལ། ལ་ལ་ཞིག་རྙིང་པར་གྱུར་ཚེ་མེད་བརླག་ཏུ་འགྲོ་སླ་ཞིང་། ལ་ལ་ཞིག་རྙིང་པར་གྱུར་ཚེ་ཁྱིམ་རྒྱུད་ཀྱི་ནོར་བུ་རྩ་ཆེན་ཞིག་ཏུ་འགྱུར་ངེས། དུས་ད་ལྟ་ཁྱེད་དང་ཤོག་ཐང་འདི་གཉིས་ནི་མཉམ་དུ་རྒས་ཤིང་མཉམ་དུ་འཆི་དགོས་པ་ཆོས་ཉིད་ཅིག་ཏུ་གྲུབ་ཡོད་སྟབས། འཆི་གསོན་གྱི་རབ་ཁ་ནས་ངས་ལབ་པའི་སྐད་ཆ་དག་ལ་ཆ་འཇོག་ཅི་ཡང་མེད།

ལོ་གཅིག་གི་རྗེས། ངེད་ཕུ་ནུ་གཉིས་སོ་སོར་ཁ་གྱེས་དགོས་བྱུང་། ང་འདི་ལྟར་ཐག་རིང་ཞིག་ལ་བུད་སོང་། ཁོའང་ངའི་རྗེས་སུ་འབྲངས་ཏེ་དེ་ལྟར་ཐག་རིང་ཞིག་ལ་འགྲོ་དགོས་ཚུལ་གླེང་། ངེད་གཉིས་ཀྱིས་འགྲོ་སའི་ལམ་ཁ་གཅིག་རུང་སྒྲུབ་བྱའི་དམིགས་ཡུལ་ཁ་ཁ་ཡིན་པས། ངས་འདི་ལྟར་བསམ་གཟས་ནས་ལམ་བུ་འདི་འདྲ་ཞིག་བདམ་དགོས་པའང་གཞི་ནས་རྟོགས་མ་སོང་ལ། ལམ་བུ་འདི་ཉིད་རང་དང་འཚམ་མིན་གྱི་ཕྱོགས་ལའང་བསམ་བློ་ཡེ་ནས་གཏོང་གིན་མེད།

འདི་ནའང་ངའི་ཕ་ཡུལ་གྱི་ནམ་མཁའ་དང་ས་གཞི་ཡོད། ང་ས་ཆེན་པོ་འདིའི་སྒལ་གཞུང་ནས་མཆོད་རྟེན་ལྟར་ཀེར་གྱིས་འགྲེངས་ཏེ་རྟེན་འབྲེལ་དུ་རློམ་ཆོག་པའི་རྟགས་དང་མཚན་མ་ཞིག་ལ་རེ་བའི་མིག་ཟུང་བཅོལ་ཡོད། གློ་བུར་དུ་ངའི་མགོ་ཐོག་ནས་སྐར་མདའ་ཞིག་ཤར་མར་འཐེན་སོང་། སྐར་མདའ་དེ་ནུབ་ནས་བྱང་དུ་རྒྱུ་ཞིང་། སླར་ཡང་བྱང་ནས་ནུབ་ཏུ་རྒྱུ། ལྟས་ངན་པ་ལ། ང་ལ་བསམ་ཡུལ་ལས་འདས་པའི་བགེགས་དང་བར་ཆད་ཅིག་འབྱུང་བར་སྨོན།

ངས་ཡང་བསྐྱར་ཕ་ཡུལ་ལ་རྒྱང་ལྟ་ཐེངས་ཤིག་བྱས། ང་སྐྱེས་སའི་གཡང་ལུང་སྡེ་བའི་ནམ་མཁའ་ཧྲིལ་པོར་མཚན་སྨུག་གིས་ཡོངས་སུ་ཁེབས་ཤིང་། རྒད་པོ་གཡང་སྐྱབས་ཚང་གི་ཁྱི་རྒན་རྒྱ་བོ་དེས་ཐག་རིང་གི་མགྲོན་པོ་སུ་ལ་ཞེ་སྡང་གི་འཁོན་སེམས་ཡོད་པ་ནང་བཞིན་མགོ་བོ་གནམ་ལ་འཁོར་ནས་ཟུག་སྐད་འབྱིན་པ་དེའང་བསིལ་བསིལ་ཀྱི་རླུང་བུ་དང་བསྡེབས་ཏེ་ངའི་རྣ་ལམ་ལ་ཡང་དང་བསྐྱར་དུ་འཛུལ་ཡོང་། ངས་གོམ་གཅིག་མདུན་དུ་སྤོས། གོམ་གསུམ་ཕྱི་རུ་བསྣུར།

མུན་པའི་རྔམ་ཁ་ཇེ་མཐུག་ནས་ཇེ་མཐུག་ཏུ་གྱུར། ས་སྲོས་ཀྱི་མཁའ་མཐའ་ནས་ཞི་འཇམ་གྱི་རླུང་བུ་ཡང་མོ་ཞིག་གིས་ཕ་ཀིའི་རི་ཁ་ན་ཞོ་ལྟར་ཆགས་པའི་གཡང་ལུང་སྡེ་བའི་རི་ལུང་ཀུན་ལ་ཆེས་ལྷིང་འཇགས་མ་ཡིན་པའི་ལྷིང་འཇགས་ཤིག་ཡུན་གྱིས་བསྐྱལ་ཡོང་།

རྒད་པོ་གཡང་སྐྱབས་རྟབ་རྟབ་པོར་ཁང་མིག་ཆུང་ཆུང་ཞིག་ནས་ཕྱིར་བུད་དེ་སྒོ་འགྲམ་ན་ཡོད་པའི་ལྕགས་ཁེམ་ཡུ་མེད་ཅིག་ལག་ཏུ་བཟུང་ཞིང་། ཁྱིམ་གྱི་དཀྱིལ་སྙིང་ན་ལྷབ་ལྷུབ་ཏུ་སྐྱོད་པའི་དར་ལྕོག་དེའི་འགྲམ་ནས་དགུང་བསང་ཞིག་བཏང་ཞིང་། དེའི་རྗེས་ལག་ཟུང་གཉིས་ཀས་མཆོད་ཁང་གི་སྒོ་དེ་དལ་བུར་ཡར་བཀྱགས་ཏེ་ནང་དུ་འཛུལ་བསམས་མོད། མ་བསམ་ས་ནས་ཙིར་སྒྲ་དང་བཅས་ཐན་སྐད་ཅིག་གྲགས་བྱུང་བས་ཁོར་སྡེ་འདིའི་མི་ཐམས་ཅད་གཉིད་ལས་དཀྲོགས་སོང་བའི་ཚོར་སྣང་ཞིག་ངང་གིས་སྐྱེས་སོང་། དེ་ལྟར་དོགས་མ་བདེ་བའི་ཚུལ་གྱི་མཆོད་ཁང་དུ་སླེབས་མ་ཐག་ཐོག་མར་མར་ཁུའི་སྣུམ་ཞག་འཁྱིལ་བའི་མཚན་ཐུན་རྐོང་བུ་གང་གི་སྡོང་རས་ལ་མེ་བསྒྲོན་ཞིང་།མཚམས་དེར་མཆོད་ཁང་ནས་དཀར་གསལ་གྱི་ཟླ་འོད་ཅིག་ཤར་བ་དང་འདྲ་བར་རེ་ཞིག་གསལ་ལམ་མེར་གྱུར། དེ་ནས་རས་གདན་ཧྲུལ་པོ་ཁ་ཞེང་ཆེ་བ་ཞིག་དུས་རྒྱུན་ཕྱག་འཚལ་སའི་གནས་དེར་འཛུར་མེད་དུ་བཏིངས། དེའི་སྟེང་ནས་སྐྱིལ་ཀྲུང་གོར་མོ་རི་འདྲ་བ་ཞིག་བཅོས་ཤིང་རས་ཐུམ་སེར་པོ་ཚི་དྲེག་ཅན་ཞིག་གིས་བཏུམས་པའི་དཔེ་ཆ་སྣ་ཐུང་ཞིག་གི་ཁ་ཕྱེས་ཏེ་རྒྱུན་ལྡན་ལྟར་སྐད་གསང་དམའ་མོས་ཁ་ཏོན་ཡོད་ཚད་མཇུག་རྫོགས་གྲབས་བྱས་ལ། དེ་དགོང་ཡང་མདང་དགོང་དང་འདྲ་བར་ལག་གཡས་པས་ཙན་དན་གྱི་ཕྲེང་བ་དེ་ཤུགས་ཀྱིས་བགྲང་ཞོར། ལག་གཡོན་པས་མ་ཎི་འཁོར་ལོའི་གཟུང་ཐག་གི་སྣེ་ལ་འཇུས་ཤིང་ཡུན་ཐུང་ཞིག་ལ་མིག་ཟུང་གཉིས་ཀ་བཙུམ་ནས་ཐོད་པའི་དཔྲལ་བར་བབས་པའི་གཉེར་མ་དེའང་འགུལ་ཙམ་ཡང་མི་བྱེད་པར། ཁ་མུར་མུར་གྱིས་གསོལ་བ་ཞིག་སྙིང་ལ་སྒོམ་བཞིན་པའི་བར་གླགས་སུ། གློ་བུར་དུ་ཁྱིམ་གྱི་ཕུགས་ན་ཡོད་པའི་ཁང་མིག་ཅིག་ནས་མཚམས་རེར་གསལ་ལ་མཚམས་རེར་མི་གསལ་བའི་བགྲེས་མོ་ཞིག་གིས་སྐད་ཅོར་ཆེན་པོས“ང་སྐོམ་གི། ང་ལྟོགས་ཀ།

ང་བདག་བྱེད་མཁན་སུ་ཡིན”ཞེས་དུས་རྒྱུན་ཐོས་འཛིན་གྱི་བུ་གར་བརྒྱུད་མྱོང་བའི་སྐད་ཆ་ཞིག་གིས་ཁོའི་ཡིད་ཀྱི་གཏིང་ན་རྒྱུ་བའི་སེམས་ཤུགས་ཡོད་ཚད་མེ་ལྟར་བསྒྲོན་ཞིང་བལ་ལྟར་བསལ་བྱུང་བས་ཅི་བྱ་གཏོལ་མེད་ཀྱི་ལས་དག་ནི་ཅི་འདྲའི་འཇིག་རྟེན་འདིའི་སྡུག་བསྔལ་འབའ་ཞིག་ཏུ་བསམས་བྱུང་།

ཏག་ཏག་རྐང་པ་གཉིས་དྲུད་ནས་འགྲོ་བའི་ཧྲག་ཧྲག་གི་སྒྲ་དང་བཅས་རྒད་པོ་གཡང་སྐྱབས་ཀྱིས་དལ་བུར་ཕུགས་ཀྱི་ཁང་མིག་གི་སྒོ་དེ་ཕྱེས་མ་ཐག་བགྲེས་མོ་དེས་འདི་ལྟར“གྱང་ངོས་སུ་བཀལ་པའི་ཐང་ཀ་འདི་མར་ལོངས་དང་། ང་ལ་རྨི་ལམ་འཁྲིགས་ཀྱིན་འདུག འཇིགས་སུ་རུང་བའི་ཞལ་གཟུགས་འདིས་ང་ལ་དུས་གཏན་དུ་སྡང་མིག་གིས་བགྲད་ནས་ངའི་ལུས་ངག་ཡིད་གསུམ་ཐམས་ཅད་ལ་དྲག་སྐྱེད་མི་ནུས་པའི་གཤག་བཅོས་ཐེབས་བཞིན་ཡོད། ཐང་ཀ་འདི་འགེལ་སྟངས་འཆུག་ཡོད་དམ། ཡང་ན་ལྟེབ་དྲིལ་འཆུག་ཡོད། ཐང་ཀ་འདི་ཅི་ཞིག་གི་ཐང་ཀ་རེད། ཐང་ཀ་འདི་སུས་ཁྱེར་ཡོང་བ་ཡིན། ཐང་ཀ་འདི་གང་ནས་ཁྱེར་ཡོང་ན་དེར་ཕྱིར་འཁྱེར་རོགས། ང་འདི་ལྟར་འཆི་ན་འཆི་མི་ཐུབ་ལ་གསོན་ན་གསོན་ཐུབ་ཀྱིན་མེད། འདི་ལྟ་བུའི་རྣམ་སྨིན་ང་ཁོ་ནར་འཁོར་དགོས་དོན་གཏན་ནས་མེད།

ཐང་རྙིང་དེ་སྤྱིར་བཏང་གི་ཁྱིམ་ཚང་ཞིག་ནས་བཞག་ན་ཆགས་འཇིག་ཉམ་ང་ཡོང་བ་གདོན་མི་ཟ། ནམ་ཞིག་ལ་ངའི་རྐང་ལག་གཉིས་ཀར་འགུལ་སྐྱོད་ཀྱི་ནུས་པ་ལྡན་ཚེ་ངས་ཐང་རྙིང་འདི་ཤོག་ཧྲུལ་བཞིན་གད་སྙིགས་ཀྱི་ཕུང་པོའི་ནང་གཡུག་ངེས། ཐང་ཀ་འདི་འུ་ཚང་ལ་ཁྱེར་ཡོང་བ་ནས་བཟུང་ངས་མགོ་ཐོག་གི་ཉི་མ་སེར་པོ་གན་རིག་ཐུབ་མེད། ཤོག ང་བསྐྱོར་ནས་ཕྱི་རོལ་ཏུ་ཁྲིད་ཅིག དེ་རིང་ཆར་བ་ཞིག་འབབ་བཞིན་འདུག ང་ཕྱི་རོལ་ཏུ་སོང་ནས་རང་ཉིད་ལ་རྡུལ་དག་པའི་བྱབས་ཁྲུས་གཙང་མ་ཞིག་བྱ་ན་འདོད།”ཅེས་ཟེར་བཞིན་བྱ་རྒོད་ཀྱི་སྡེར་མོ་དང་འདྲ་བའི་རྩིང་རགས་ཀྱི་ལག་པ་འདར་ལྕུག་ལྕུག་གིས་ཚུར་བསྲིངས་ནས“ཚེ་རིང་རྒྱུ་ཚོ། ཁ་དྲོ་རྒྱུ་ཚོ། ང་ཕྱི་རོལ་ཏུ་ཁྲིད་ཅིག ངས་འོད་སྣང་མཐོང་འདོད།”ཅེས་ཁ་ལྕེ་ལྦུ་བའི་གསེབ་ནས་སུ་ཞིག་ལ་མཛུབ་མོས་ཤར་བསྟན་གྱིས་དམིགས་བཙུགས་ནའང་གུད་ཀྱི་རྒད་པོ་གཡང་སྐྱབས་ཀྱིས་རང་གི་ཁ་ཏོན་དེའི་མཇུག་སྣེ་སྐྱོང་བཞིན་ཁ་ཡ་ཙམ་ཡང་མ་བྱས། དོན་དུ་བཟའ་ཟླ་འདི་གཉིས་ཀྱི་བར་ལ་འཁྲུག་ལོང་དོད་པའི་ཁ་འཛིང་ཞིག་གི་མཐོ་རླབས་འཕྱུར་ཡོད་ཚེ་སེམས་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་འགྱུར་ངེས་ལ། ཡང་བསྐྱར་བགྲེས་མོ་དེས་ཁ་ནས་ཅི་བཤད་འདི་བཤད་མེད་པར“ཤུལ་ཆད་རྒྱུ་ཚོ། རོ་འབུད་རྒྱུ་ཚོ། དམྱལ་བ་ནས་སྐྱེ་རྒྱུ་ཚོ། ང་ལྟོགས་ཀི། ང་སྐོམ་གི། ང་བདག་བྱེད་མཁན་སུ་ཡིན།”ཞེས་མིའི་སེམས་ལ་དྲན་མི་ཐུབ་པའི་སྡུག་དམེ་ལུང་བ་གང་བཏོན་རུང་མོའི་སྐད་ཆ་ནི་སྔར་བཞིན་རྣ་རྒྱབ་ཀྱི་རླུང་ལྟར་ཁོར་ཡུག་འདིའི་ཕྱི་ནང་གསང་གསུམ་ལ་ཁད་ཀྱིས་སིམས་ཤིང་ཁད་ཀྱིས་ཡལ་འགྲོ་བས། མོ་ལ་ཞེ་ཐོགས་པའི་ཨ་ལན་སྟེར་མཁན་ཞིག་ཅིས་ཀྱང་ཡོད་མི་སྲིད། སྐབས་དེར་རྒད་པོ་གཡང་སྐྱབས་དངངས་འཚབ་ཅིག་གིས་ཡར་ལངས་བྱུང་ལ། རྒད་པོ་གཡང་སྐྱབས་ཡར་ལངས་ཚུལ་དེ་མེ་སྒྱོགས་ཆེན་པོ་ཞིག་གིས་དགྲ་བོའི་འཇབ་རྒོལ་ལ་གདོང་གཏོད་པ་དང་འདྲ་སྟེ། ཁོས་ད་གཟོད་གནམ་རྒན་མར་ཆེས་མཐའ་མཇུག་གི་ལེ་བདའ་ཐེངས་ཤིག་བྱེད་དགོས་པའི་ཚད་དུ་ལྷུང་། “ཨ་ཧོ། མགོ་ནག་སྐྱིད་སྡུག་གནམ་གྱི་ལག ཐབ་ཁ་དྲོན་མོ་རང་གི་ལག”ཅེས་བཤད་ཞོར་ཡིད་མུག་པའི་སྐྱོ་གདུང་གི་ཁྲོད་ནས་རང་གི་ཁང་མིག་ཕྱོགས་སུ་ཉེ་བར་བཅར། ཕྱི་རོལ་གྱི་ཆར་བའི་ཤག་སྒྲ་རྒྱུན་མི་འཆད་པར་ཐོས་རྗེས་གཡང་སྐྱབས་གཏན་ནས་གཉིད་མ་ཁུགས། དོ་དགོང་ཡང་ནམ་རྒྱུན་དང་འདྲ་བར་ཁོས་མཚན་ལམ་རིང་མོར་རང་ཉིད་ལ་དབང་བའི་རྨི་ལམ་སྐྱིད་པོ་ཞིག་ལ་རོལ་ཐབས་བྲལ། གང་ཞིག་ལ་སྙིང་པོ་མེད་དུས་སུ། ཅིས་ཀྱང་སེམས་ཁྲལ་བྱས་ཀྱང་སྙིང་པོ་ཡེ་ནས་མེད། དེ་བས་ཁོ་དང་ཁོར་ཡུག་ཆུང་ཆུང་འདིའི་བར་ལ་བསྟུང་དཀའ་བའི་བར་ཐག་ངེས་ཅན་ཞིག་གིས་ཆོད་ཡོད་པ་ཁ་ཚོན་བཅད་ཆོག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།