ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོ་གང་དུ་འགྲོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཉྭ་སྲིན་པོ།   སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ངས་ཆེས་མཇུག་མཐར་བདག་པོ་ཆེ་བ་མཐོང་དུས་ནི་ཞོགས་པ་ཞིག་སྟེ། ང་སྲང་མདོའི་རྩྭ་གསེབ་ཅིག་ཏུ་སྡོད་དུས།བདག་པོ་ཆེ་བ་རླངས་འཁོར་ཞིག་གི་གཞུག་སྒམ་ནང་བསྡད་ནས་འགྲོ་བ་མཐོང་། ཁོས་ང་མཐོང་མ་ཐག་ཀི་ཤད་འགའ་བཏབ་བྱུང་། ངས་ཀྱང་ཟུངས་ཟད་པའི་ལུས་ཀྱི་སྟོབས་ཤུགས་ཡོད་རྒུ་བཀོལ་ནས་ཁོར་ལན་བྱིན་པ་དང་རྗེས་སུ་བརྒྱུགས་མོད། ཁ་ལོ་པས་བདག་པོ་ཆེ་བའི་འབོད་སྐད་ལ་སྣང་དོགས་གང་ཡང་མ་བྱས་པས། རླངས་འཁོར་རྒྱང་ལ་ཤོར་ཞིང་ཁོ་ངའི་མིག་མདུན་ནས་རིང་ནས་རིང་དུ་ཕྱིན་ཞིང་མཐའ་མར་གྲིབ་མ་ཕྲན་བུ་ཞིག་ཏུ་གྱུར། བདག་པོས་ང་ལ་ལྟ་བའི་མིག་མདངས་ཀྱི་གཏིང་ན་སྐྱོ་ངལ་གྱིས་ཁེངས་འདུག་པར་མ་ཟད། ཤ་ཉེ་དུ་འདུ་འབྲལ་གྱི་གདུང་བ་ཞིག་ཀྱང་མངོན་འདུག་པ་ཚོར། ཁོས་ང་མཐོང་བ་ནི་ལོ་མང་སྔོན་བྲལ་སོང་བའི་ཆུང་མ་མཐོང་བ་དང་འདྲ་ལ་རང་གི་ནོར་བུ་གང་ཞིག་སྐད་ཅིག་ལ་ལག་ནས་ཤོར་བ་དང་ཡང་མཚུངས། ཡིན་ཡང་བྲལ་ནས་ཡུན་རིང་འགོར་བའི་ངེད་གཉིས་ཡང་བསྐྱར་ལྷན་འཛོམས་བྱུང་མ་ཐུབ།ད་ལྟ་བདག་པོ་ཆེ་བས་ཉིན་རྒྱུན་འབྲོག་པ་འདུས་སྡོད་བྱས་པའི་གཞིས་གསར་གྱི་ལོ་ལོན་ཚོ་དང་མཉམ་དུ་ཕ་ཡུལ་གྱི་སྐོར་ལ་གཏམ་གླེང་བྱེད་ཀྱིན་ཡོད་པ་སྨོས་མ་དགོས།རིམ་བཞིན་གར་ཡོང་མི་ཤེས་པའི་འབྲོག་པ་མང་པོ་རྫོང་མཁར་གྱི་མཐའ་རུ་སྤར་ཅིང་གཞོན་པ་དག་གིས་སྲང་ཕྱགས་པ་དང་ཟ་ཁང་དང་རླངས་འཁོར་འཁྲུ་ཁང་སོགས་ཀྱི་ཞབས་ཞུའི་ལས་ཀ་གཉེར།ལོ་ལོན་ཚོ་ཉིན་རྒྱུན་གྲོང་མཐའི་སྲང་བར་སོ་སོར་ཉུལ་བའམ་ཞིག་རལ་དུ་སོང་བའི་མ་ཎི་ཁང་དུ་འཁོར་ལོ་བསྐོར་བར་འགྲོ། གནས་འདིར་འབྲོག་པ་ཇེ་མང་དུ་གྱུར་པ་དང་ལྷན་དུ་གྲོང་མཐར་ཁྱི་ལྡོམ་ཡང་ཇེ་མང་དུ་སོང་སྟེ། ལན་རེར་ཁྱུ་དང་ཁྱུ་བསྒྲིགས་ནས་འགྲོ་བས་ཡར་འགྲོ་མར་འགྲོའི་མི་དག་གིས་རྒྱང་རིང་བསྐོར་ནས་མི་འགྲོ་ཐབས་མེད་དུ་གྱུར་ལ།

“ཁྱི་ལྡོམ་འདི་ཚོ་རྩ་རྫོགས་བྱ་རན།”

“ཁྱི་ལྡོམ་འདི་ཚོས་ད་ལྟ་རང་གི་བདག་པོར་ཡང་རྨུག”

“ཁྱི་ལྡོམ་འདི་ཚོས་ཉིན་ཞིག་བྱིས་པ་ཞིག་བཟའ་ངེས་རེད”ཅེས་པ་སོགས་ཀྱི་གཏམ་སྣ་ཚོགས་སྲང་མགོ་ནས་སྲང་མདོར་ཁྱབ་ལ་སྟོང་པར་ལུས་པའི་རི་ལུང་དང་རྩྭ་ཐང་གི་ཁུགས་པ་སོ་སོར་ཡང་ཁྱབ།

2

ང་རང་འཇིག་རྟེན་ཁྱི་ལུས་བླངས་ནས་ལོ་ལྔ་འགོར་བའི་སྟོན་མཇུག་གི་ཉིན་ཞིག་ལ།ངེད་ཚང་ལ་གར་ཡོང་མི་ཤེས་པའི་མགྲོན་པོ་འགའ་སླེབས།ལོ་འགའི་སྔོན་ནས་བཟུང་ང་ཚོའི་རུ་བའི་ཁྱིམ་ཚང་རེ་རེའི་སྒོ་མདུན་དུ་གཞུང་ལམ་བསྐྲུན་པས།མགྲོན་པོ་དེ་དག་གིས་ཀྱང་ཐེ་ཚོམ་སྤུ་ཙམ་མེད་པར་རླངས་འཁོར་ངེད་ཚང་གི་སྒོ་རའི་མདུན་དུ་བཏང་ནས་སླེབས། ཁོ་ཚོ་ནི་ཡུལ་ཚོའི་མི་གཞན་དག་དང་མི་འདྲ་བར་རྟ་ལ་བཞོན་མེད་པ་དང་།ལྕགས་ནག་གི་མགོ་སྐོར་དང་གློ་གྲི་ཡང་བཏགས་མི་འདུག ཁོ་ཚོས་སྐྲ་རིང་པོ་བཞག་ཅིང་གཡུ་ཡི་ཁྲ་བཏབ་པའི་རྣ་ལུང་སྒོར་མོ་དེ་རིགས་ཀྱང་བཏགས་མི་འདུག ཤ་རྩ་སྨུག་མདོག་གིས་ཟིན་མེད་པར་དཀར་བའི་མདངས་དང་ལྡན་པས་ནམ་རྒྱུན་མགྲོན་དུ་འོང་བའི་ཡུལ་མི་གཞན་དག་དང་མི་འདྲ་བའི་ཆ་མང་དུ་འདུག ཁོ་ཚོ་རླངས་འཁོར་ལས་བབས་རྗེས་ངས་ཐོག་མར་དེ་དག་ལ་དོ་སྣང་ཆེན་པོ་བྱུང་སྟེ། ཁྱིམ་སྲུང་པ་ཞིག་གི་ཆ་ནས་ལྕགས་ཐག་གསིག་འཐེན་གྱི་སིལ་སྒྲ་དྲག་པོ་དང་ངར་སྐད་ཆེན་པོ་བཏོན་ནས་ཉེན་བརྡའི་ཁྲོད་ནས་ཁོ་ཚོ་ཁྱིམ་དུ་བསྐྱལ་རྗེས།ཕྱིར་ཁུང་དུ་འཛུལ་ནས་ངལ་གསོས་པ་ཡིན།

བདག་པོ་ཆུང་བ་ནི་རྐ་རྒན་སྡེ་བའི་སྡེ་དཔོན་ཡིན་པས། ངེད་ཚང་ལ་རྒྱུན་པར་མགྲོན་ཚུར་ཡོང་གི་རྒྱུན་མི་འཆད་ལ།ཁོ་རང་ཡང་ཁྱིམ་དུ་སྡོད་པའི་སྐལ་བ་ཤིན་ཏུ་ཕྲ།

དེ་རིང་ཁོ་ཚོས་ཇ་ཆང་གི་དཔལ་ལ་རོལ་ནས་ཕྱི་དྲོ་ཞིག་བསྐྱལ་ཅིང་མཚན་གྱི་མུན་པ་དང་ལྷན་དུ་མགྲོན་པོ་དེ་དག་ཕྱིར་ལམ་དུ་ཆས། ཁོ་ཚོས་མུན་ནག་གི་ཁྲོད་ནས་ཚོད་ཚོད་དུ་བཏང་ཡོང་བའི་རླངས་འཁོར་གྱི་དུང་སྒྲ་དེས་ནི་ལྷིང་འཇགས་ཀྱི་རྩྭ་ཐང་འདིར་འབོད་པ་གང་ཞིག་གཏོང་བ་དང་འདྲ་བར། སེམས་ལྷོད་ལ་འབབ་མི་ཐུབ་པར་འདུག་མོད། ཅུང་ཙམ་ནས་རྩྭ་ཐང་སྔར་བཞིན་ལྷིང་འཇགས་ལ་སིམ་ཞིང་སྒོ་ཁྱིའི་ཟུག་སྐད་དང་འབྲི་མོའི་ངུར་སྒྲ།ལུག་གི་འབའ་དིར།རྟ་ཕོའི་འཚེར་སྐད་སོགས་ཀྱིས་རྩྭ་ཐང་འདིའི་ལྷིང་འཇགས་ཀྱི་གཏིང་ཇེ་ཟབ་ཏུ་བཏང་ཡོང་།

ཉིན་གཉིས་པ་ནས་བཟུང་། བདག་པོ་ཆུང་བའི་འདུར་རྒྱུག་ཇེ་རྒོད་དུ་གྱུར་ལ། ངེད་ཚང་གི་འཚོ་བའི་ལྷིང་འཇགས་ཀྱང་དབྱར་གྱི་ཤྭ་འོད་ཀྱིས་བདས་པ་བཞིན་བྲེལ་འཚུབ་ཀྱི་ཁྲོད་དུ་ལྷུང་། བདག་པོ་ཆུང་བས་ཞྭ་དཀར་པོ་གྱོན་མཁན་གྱི་མགྲོན་པོ་མང་པོ་བསུས་ཏེ་ཟླ་གཅིག་ལྷག་གི་རིང་དུ་སྒོ་ཟོག་ཁ་ཚང་བཙོངས་པ་དང་། ཤུལ་དུ་ལུས་པའི་ཚེ་ཐར་འགའ་ཡོད་པ་ཡང་ཁོའི་མ་སྤུན་ཆེ་བ་ཚང་ལ་བཅོལ།

3

ཉིན་ཞིག་བདག་པོ་ཆུང་བས་ལག་སྐྱོར་འཁོར་ལོ་ཞིག་གླས་ཏེ་ཁྱིམ་གྱི་ཅ་ལག་ཕལ་ཆེར་དེའི་ནང་དུ་བརྩིགས།ཁྱིམ་ཕྱི་ནང་གི་བཀོལ་དུ་རུང་བའི་ཅ་དངོས་ཅི་ཡང་མ་བསྐྱུར་བར་ནང་ལ་བསྡུས་ཤིང་།སྒོ་སྒེའུ་ཁུང་ལ་ཡང་ས་རྩིག་བརྒྱབ་ནས་སྟེང་དུ་འདམ་གྱིས་བྱུགས་པས་ཡུན་རིང་ལ་རུ་བ་དང་ཁ་འབྲལ་རྒྱུ་ཡིན་པ་ཐག་གིས་ཆོད་མོད། གཏན་དུ་རྩྭ་ཐང་དང་བྲལ་བའི་ཚོད་དཔག་གང་ཡང་བྱ་མི་ཐུབ། ཞོགས་པ་དེར་བདག་པོ་ཆེ་བས་ང་ལ་ནམ་རྒྱུན་དང་འདྲ་བའི་གོར་ཆག་དང་རྩམ་ལྡུར་གྱི་ལྟོ་མང་ཙམ་བླུད་རྗེས་ལྕགས་ཐག་གི་འདོགས་ཐག་གློད་པས། 

ང་ཡང་ཁོའི་རྗེས་སུ་འབྲངས་ནས་རུ་བའི་ལྟག་རྒྱབ་ཀྱི་རྩྭ་རའི་ནང་སོང་། ཁོ་ནམ་རྒྱུན་སྡོད་སའི་དེའུ་འབུར་དེའི་སྟེང་དུ་ཙོག་ཅིང་ཕྲེང་བ་ནག་པོ་དེ་བགྲང་མཚམས་གཏན་ནས་བཞག་མ་བྱུང་ལ།གསལ་ལ་མི་གསལ་བའི་ཁ་ཏོན་གྱི་སྒྲ་དེ་ཡང་མཚམས་མི་འཇོག་པར་མིག་གིས་རྒྱང་རིང་དུ་བལྟས་ནས་འདུག ཁོའི་མིག་མདངས་སུ་རྐ་རྒན་རྩྭ་ཐང་ཤར་འདུག་ལ། སེར་པོར་འགྱུར་བཞིན་པའི་རྩྭ་ཐང་གི་རི་ལུང་དག་ཤར་འདུག ཁོས་དབུགས་རིང་ཐེངས་ཤིག་ཕྱུང་རྗེས། ཁ་ཏོན་གྱི་སྒྲ་ཡང་ཇེ་དམའ་ནས་ཇེ་དམའ་རུ་གྱུར་ཏེ་སྐྱོ་ཉམས་གང་ཞིག་གིས་གདོང་ཡོངས་སུ་གཡོགས།ཅུང་ཙམ་ནས་བདག་པོ་ཆུང་བའི་འབོད་སྒྲ་ཐོས་པས་ཁོས་འཐད་ལ་མི་འཐད་པའི་གོམ་འགྲོས་ཁྱིམ་གྱི་ཕྱོགས་སུ་བསྒྱུར་པས་ང་ཡང་རྗེས་དེད་ནས་སྒོ་རའི་ནང་དུ་ཕྱིན།

སྔ་དྲོའི་ཉི་མ་ག་ལེར་ལྷོད་ལ་བབས་པ་ན།ང་ཚོ་གཞི་ནས་ལམ་ལ་ཆས། ལག་སྐྱོར་འཁོར་ལོ་གཏོང་མཁན་ནི་མི་ཆ་མེད་ཅིག་རེད་ལ།ལག་སྐྱོར་འཁོར་ལོའི་གཞུག་སྒམ་དུ་ཅ་ལག་མང་པོ་བརྩིགས་ཤིང་། སྟེང་དུ་ང་དང་བདག་པོ་ཆེ་བ། བདག་པོ་ཆུང་བ་དང་ཁོའི་ཆུང་མ་བུ་ཕྲུག་བཅས་བསྡད་ཡོད། ཕ་ཡུལ་གྱི་རི་ལུང་ཁུགས་པ་དག་བརྒྱུད་དུས།འགྲོས་དལ་ལ་ལྡེམ་མྱུར་མེད་པའི་ལག་སྐྱོར་འཁོར་ལོས་དུ་བ་སྔོ་ལྷོག་ལྷོག་གཏོང་བཞིན་ཚོད་ཚོད་ལ་སྤྲུག་འཐེན་རེ་བྱེད་པ་ནི་རྐ་རྒན་རྩྭ་ཐང་ལ་ཟུག་དྲགས་པའི་ཁྱིམ་འདིའི་རྩ་བ་ཤུགས་ཀྱིས་འབལ་བ་དང་འདྲ་ལ།རྩྭ་ཐང་འདིའི་ལྷིང་འཇགས་ཀྱི་ངོས་སུ་ཤ་འདྲེས་པགས་འདྲེས་སུ་འབྱར་བའི་བདག་པོ་ཁོང་ཧྲིལ་གྱིས་བཀོག་ནས་འགྲོ་བ་དང་ཡང་མཚུངས།

ལག་སྐྱོར་འཁོར་ལོའི་གཞུག་སྒམ་ལས་ཁ་ཕྱིར་འཁོར་ཏེ་བལྟས་ཚེ། རྐ་རྒན་རྩྭ་ཐང་གི་ནམ་མཁའ་གཡའ་དག་ཅིང་སྤྲིན་གྱི་འདུ་འགོད་ཕྲ་མོ་ཙམ་ཡང་མེད་པས།མེ་ལོང་ཆེན་པོ་ཞིག་ཁ་ས་རུ་སྦྱར་ཡོད་པ་དང་མཚུངས་ཤིང་།མུ་མཐའ་མེད་པའི་རྩྭ་ཐང་གི་གཞི་རུ་འཕྲོས་པའི་ཉི་འོད་ཀྱིས་སྐྱེ་རྒུའི་སྐོམ་པ་སེལ།རྐ་རྒན་ཆུ་བོ་ནི་འགྲོས་དལ་ཞིང་ལྷུང་ལྷུང་གིས་རྩྭ་ཐང་འདིའི་འབྱུང་བཞིའི་ཟབ་སར་བཞུར་ལ།གར་ཡོང་མི་ཤེས་པའི་བསིལ་རླུང་གི་རྒྱུ་བ་དེ་ཐོག་མར་སྦྲ་འདབ་དག་དང་དེ་ནས་གཙང་པོའི་ཁ་བརྒྱུད་དེ་རི་ཤོད་རི་སྟེང་དུ་ལྡང་ཞིང་། ཐང་མར་བརྡལ་བའི་སྒོ་ཕྱུགས་ཀྱི་ཁྱུ་དག་ནི་ཆེད་དུ་རྩྭ་ཐང་འདིའི་སྟེང་དུ་བཏབ་པའི་ཕྲ་རྒྱན་ཞིག་དང་གཉིས་སུ་མེད།རྩི་ཤིང་སྣ་ཚོགས་ཀྱི་མགོ་ལྕོག་ལྡེམ་ལྡེམ་གཡོ་བ་མཐོང་མ་ཐག་ཡིད་ཀྱི་གཏིང་ནས་བསུང་ངད་ཅིག་ཀྱང་དྲན་ཡོང་མོད།གློ་བུར་དུ་ལག་སྐྱོར་འཁོར་ལོ་གསིག་རྡེབ་འགའ་བྱས་པ་དང་མཉམ་དུ་སྔོ་ལྷོག་ལྷོག་གི་དུ་བ་ཞིག་གིས་ཡོངས་སུ་བཏུམས་པས་ང་རང་སྐྱུག་མེར་ལང་བའི་ཚོར་བ་གང་ཞིག་གིས་མེ་ཏོག་དང་རྩི་ཤིང་གི་བསུང་ངད་དེ་དག་ཀྱང་བརྗེད་པར་གྱུར།

ང་ཚོ་ཉི་མ་ནུབ་ཁ་ཞིག་ལ་རྐ་རྒན་རྩྭ་ཐང་དང་རྒྱང་ཐག་རིང་པོས་ཆོད་པའི་གྲོང་ཞིག་ཏུ་འབྱོར་ཞིང་།དེ་ཡི་མིང་ལ་རྫོང་མཁར་ཟེར་གྱིན་འདུག ཁང་བརྩེགས་ཀྱི་རྔམ་བརྗིད་དང་གློག་གི་དྲ་བ་དྲ་ཕྱེད། མི་ཚོགས་ཀྱི་འདུ་འགོད། རླངས་འཁོར་སྣ་ཚོགས་ཀྱི་དུང་སྒྲས་ཉིན་མཚན་གྱི་ལྷིང་འཇགས་རྐུ་བའི་གནས་འདིའི་འདབས་རོལ་གྱི་ཁང་ལེབ་དང་བརྩེགས་རིམ་གཉིས་པའི་ཁང་པ་མང་བའི་གཞིས་ཀ་ཞིག་ཏུ་འཛུལ།

ངེད་ཚང་ནི་བརྩེགས་རིམ་གཉིས་པ་ཅན་གྱི་ཐོག་ཁང་སྟབས་བདེ་ཞིག་ཏུ་སྤར་ཅིང་།མཐའ་རུ་སྟོང་ཕག་གིས་བརྩིགས་པའི་ར་སྐོར་ཆུང་ཆུང་ཞིག་འདུག ང་རང་ར་སྐོར་དེའི་ནང་ཕྱོགས་ཀྱི་གྲུ་ལོགས་ཤིག་ཏུ་བཏགས་ཤིང་སོ་ཕག་དང་ཤིང་སྙིགས་ཀྱིས་ཁང་པ་སྟབས་བདེ་ཞིག་ཕུབ་བྱུང་།

རུ་བ་གྲོང་ལ་སྤར་པའི་ཕྱི་ཉིན་ནས་བཟུང་། བདག་པོ་ཆེ་བས་ར་སྐོར་གྱི་དཀྱིལ་དུ་བསང་ཁྲི་ཤིན་ཏུ་སྟབས་བདེ་ཞིག་བརྩིགས་ཤིང་། སྔ་དགོང་གི་དུས་ཚོད་ཅུང་ཙམ་ཡང་མི་ཡོལ་བར་བསང་གཏོང་བ་དང་། དུང་འབུད་པ། ཁ་ཏོན་འདོན་པ་སོགས་བྱེད་ལ།དེ་ནི་ཁོའི་ཉིན་གཅིག་གི་ལས་ཀ་གཙོ་བོར་གྱུར། རིམ་བཞིན་ང་རང་ཁྱིམ་ཚང་འདིའི་ཕྱི་ནང་བྱ་བ་ཡོད་ཚད་དང་འབྲེལ་བ་མེད་པའི་ལྷག་མ་ཞིག་ཏུ་འགྲོ་བཞིན་འདུག་ཅིང་།ལུག་ལྷས་སྲུང་བ་དང་སྤྱང་ཀི་འགོག་པའི་ལས་ཀ་དེ་ཡང་ཡོངས་སུ་ཤོར་བས་ང་ཡང་ངེད་ཚང་གི་ཁྱིམ་མི་དག་དང་འདྲ་བར་ཉིན་གང་པོར་སྒྱིད་ལུག་དང་རྣམ་གཡེང་གི་ངང་དུ་སྡོད་པ་ལས་སྔོན་ཆད་ཀྱི་ཁོམ་ལོང་བྲལ་བའི་འཚོ་བའི་འདུ་འགོད་དང་ཡོངས་སུ་ཁ་བྲལ་སོང་།

4

རྫོང་མཁར་དུ་གནས་སྤོས་པའི་ལོ་གཉིས་པའི་སྟོན་མཇུག་ཅིག་ལ། བདག་པོ་ཆེ་བ་དང་བདག་པོ་ཆུང་བ་ཕ་བུ་གཉིས་ཀྱིས་བློ་ཡུལ་ལས་འགོངས་པའི་གཏམ་གླེང་ཞིག་གི་མགོ་བརྩམས་བྱུང་།

“ཁོས་ཚེ་གང་པོར་འུ་ཚང་གི་སྒོ་ར་ཕྱི་ཁྱིམ་བསྲུངས་ནས་འོངས་པ་རེད།”

“ཡིན་ན་ཡང་ད་ལྟ་དགོས་མེད་དུ་ཁྱི་ཞིག་གསོ་རྒྱུ་ཡང་སླ་མོ་ག་ལ་ཡིན།”

“ཁོ་སྒོར་ཕུད་ཚེ་ཁྱི་ལྡོམ་གྱི་འཚོ་བ་རོལ་དགོས་པ་རེད།གྲོང་མཐའི་ཁྱི་ལྡོམ་དེ་ཚོ་ལྟོགས་ནས་ཕོ་བ་བྲང་ལ་འབྱར་འདུག”

“ད་ལྟ་སྒོ་ཁྱི་གསོ་མཁན་ཕལ་ཆེར་མི་འདུག”

“ཁོ་སྒོར་གཏོང་རྒྱུར་ངས་སེམས་ཀྱིས་ག་ལ་ནུས། ཁོ་ནི་རྫོང་མཁར་འདིའི་ངའི་སེམས་གཏད་ས་གཅིག་པུ་དེ་ཡིན།”

“ཁོ་སྒོར་འཕུད་རྒྱུ་དེ་ངོ་མ་དཀའ་མོ་ཞིག་རེད།ངས་ཀྱང་དེ་ལྟར་བསྒྲུབ་འདོད་པ་ག་ལ་ཡིན། ”

ཁོ་གཉིས་ཀས་ལབ་ཀྱིན་ལབ་ཀྱིན་མཚན་གུང་ཡོལ་ཞིང་གཉིད་ཀྱི་བདེ་བར་ཞུགས་ཐབས་བྲལ།ཕྱི་རོལ་ཏུ་ད་དུང་འུར་སྒྲ་སྣ་ཚོགས་གྲགས་ཤིང་བལྟས་ཚོད་ཀྱིས་ས་རུབ་མ་ཐག་པའམ་ཡང་ན་ནམ་གསལ་གྱིན་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར།རྩྭ་ཐང་གི་མཚན་མོ་ནི་འདི་དང་བསྡུར་ན་ལྷིང་ཞིང་འཇགས་ཏེ།སྒོ་ཁྱི་རེ་འགའི་ཟུག་སྐད་དང་སྒོ་ཕྱུགས་ཀྱི་སོ་སྒྲ།གཞོན་ནུ་ཚོའི་མཛའ་གཞས་གཏོང་བའི་སྒྲ་རེ་ཟུང་ལས་གཞན་གང་ཡང་ཐོས་རྒྱུ་མེད་པས་བློ་བདེ་བག་ཕེབས་དང་སོས་དལ་གྱིས་གཉིད་ཀྱི་བུ་མོའི་རུམ་ཁར་འཛུལ་ནས་སྐྱ་རེངས་བསུས་ཆོག

འདི་ལྟར་ཡུན་རིང་ཕྱིན་རྗེས་ཀྱི་ཉིན་ཞིག་གི་ཞོགས་པར། བདག་པོ་ཆེ་བ་མ་ཎི་ཁང་དུ་སོང་སྟེ་ཁྱིམ་ན་མི་བཞུགས་པའི་གླགས་དང་བསྟུན་ནས་བདག་པོ་ཆུང་བས་ངའི་འདོགས་ཐག་གློད་ནས་ང་རང་རླངས་འཁོར་གྱི་གཞུག་སྒམ་དུ་བཅུག་སྟེ་གྲོང་མཐར་ཆས་ཤིང་།དེ་རུ་གོར་ཆག་དང་རུས་ཆག་མང་པོ་ཞིག་དང་ལྷན་དུ་སར་བཞག་རྗེས་ཕྱིར་ལོག་སོང་།ཁོས་རླངས་འཁོར་གྱི་སྒེའུ་ཁུང་ལས་མགོ་ཕྱིར་ཕུད་ནས་ང་ལ་ཡང་ཡང་ལྟ་ཞིང་།དེ་མ་ཐག་དུང་སྒྲ་ཆེན་པོ་ཞིག་དང་ལྷན་དུ་ཤུགས་ཀྱིས་བརྒྱུགས་ཏེ་མི་མཐོང་བར་གྱུར།ཉིན་དེར་བདག་པོ་ཆེ་བས་ང་རང་མེད་པ་མཐོང་རྗེས་ཅི་ཞིག་བྱས་ཡོད་དམ། ངས་གྲོང་མཐའ་འདི་རུ་ཁོའི་གྲིབ་གཟུགས་བཙལ་ཏེ་ཟླ་འགའ་འགོར་མོད་ཁོ་རང་མཐོང་ཐབས་བྲལ།རྗེས་སུ་ང་ཡང་ཐབས་ཟད་འུ་ཐུག་གིས་ཁྱི་ལྡོམ་གྱི་གྲས་སུ་ཞུགས།

5

དགུན་གཞུང་གི་མཚན་མོ་ཞིག་ལ། རྫོང་མཁར་གྱི་བཞི་མདོའི་སྲང་བར་དོག་མོ་ཞིག་ཏུ་ང་ལྟོགས་སྐོམ་གྱིས་ལྡ་བེ་ལྡིབ་བེར་གཉིད་དུ་ཡུར་ཞིང་རྨི་ལམ་དུ་རྐ་རྒན་རྩྭ་ཐང་ལ་འབྱོར། རྐ་རྒན་རྩྭ་ཐང་ནི་ང་སྐྱེས་ས་ཡིན་ལ། དེ་གའི་རྩྭ་ཐང་ཧ་ཅང་ཆེ། རྩྭ་ཐང་གི་ཕང་པར་སྒོ་ཟོག་གི་ཚོགས་ནི་ཐང་མར་བརྡལ་བའི་རྡེའུ་དཀར་ནག་དང་འདྲ་བར། ལྷིང་འཇགས་ཀྱི་རི་ལུང་ཡོངས་སུ་ཁེབས་ཡོད། ཆུ་ཕྲན་དྭངས་ཤིང་གཙང་བ་དག་གི་ཁ་རུ་བུ་མོ་ཚོས་ཆུ་འཁུར་བ་མཐོང་ཞིང་རྫ་མགོའི་སྨུག་སྤྲིན་གྱི་གསེབ་ཏུ་རྫི་གླུ་སང་སང་གྲགས་པ་ཐོས། ཨ་བྲ་དང་འཕར་བ་དག་ཀྱང་ཙི་ཙིའི་སྒྲ་སྒྲོག་བཞིན་ཁུང་བུ་གཅིག་ལས་གཅིག་ཏུ་འཛུལ་བཞིན་རང་གི་ལྷིང་འཇགས་ཀྱི་འཚོ་བར་སིམ་འདུག

ངས་རྨི་ལམ་དུ་ཨ་མ་རྨིས་ལ། དབྱར་མཚེར་གྱི་ཞོགས་པ་རེ་རེ་ཡང་རྨིས་བྱུང་། ད་དུང་སྙིང་རྗེ་ཆེ་ཞིང་འགྲོགས་འདྲིས་བཟང་བའི་བདག་པོ་ཆེ་བ་ཡང་རྨིས་བྱུང་།

“རྒྱ་སྟག དྲོས་ཇ་ཐུངས།” དམར་དྲི་ཐུལ་ཐུལ་གྱི་གུང་ཇ་དེ་ངའི་མདུན་དུ་བཞག་མ་ཐག ངས་བདག་པོ་ཆུང་བས་ལུག་ཅིག་བཤས་པ་ཤེས་ལ། ནམ་རྒྱུན་བདག་པོ་ཆུང་བས་ལུག་བཤས་ཚེ་བདག་པོ་ཆེ་བས་ང་ལ་ཤ་སྐལ་ཁྱེར་ཡོང་བ་གོམས་སྲོལ་ལྟ་བུར་ཆགས་ཡོད།

“རྒྱ་སྟག རྒྱགས་ཚད་ཅིག་ཐུངས། མཚན་མོར་སྤྱང་ཀི་འགོག་དགོས།” བདག་པོས་ངའི་མགོ་ལ་བྱིལ་བྱིལ་འགའ་བྱས་བྱུང་ལ། དེ་མུར་ཕྲེང་བ་ཁྱི་ལྟོའི་ནང་དུ་དྲིལ་བར་དོགས་པས་དེ་མ་ཐག་ཡར་དགྱེས་ཏེ་ཁྱིམ་གྱི་ཕྱོགས་སུ་ཆས།

དམར་དྲི་དེ་ངའི་ཁ་ནས་མགྲིན་པ་དང་དེ་ནས་ལྟོ་བར་ཁྱབ་ཅིང་། མཐའ་མར་ཡིད་ཀྱི་ཟབ་སར་ཁྱབ་པས་ང་དེ་མ་ཐག་གཉིད་ལས་སད་བྱུང་། གཉིད་ལས་སད་དུས་ང་སྔར་བཞིན་སྲང་ལམ་དོག་མོའི་གྲུ་ལོགས་ཤིག་ཏུ་གཉིད་འདུག་ཅིང་རྐང་ལག་ཙག་གིས་ཕྱིད་ལ་ཉེ། ཉིན་འགའ་ལ་ཟས་མ་རག་པར་ཕོ་བ་ལྟོགས་ནས་བྲང་ལ་འབྱར་ཉེ་ཞིང་། ཁོག་པའི་ནང་གྲགས་པའི་རྒྱུ་སྟོང་གི་སྒྲ་དེ་རྣ་བ་བརྒྱུད་ནས་ཡིད་ཀྱི་གཏིང་ལ་ཟུག་པས་ལུས་ཡོངས་ན་ཟུག་གིས་ཁེངས།

མཚན་མོ་དེར་ཤིན་ཏུ་འཁྱག་པའི་སྲང་ལམ་བཞི་མདོ་དེར་ང་རང་ཡང་བསྐྱར་གཉིད་ཀྱི་བདེ་བར་ཞུགས་ཐབས་བྲལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།