བློ་བཟང་ཡར་འཕེལ།

       ཀློང་སྨད་གྲོང་ཚོའི་སྟོན་བཤས་ཀྱི་དུས་རིམ་བསླེབ་ལ་ཉེ་བས། གྲོང་པའི་ཕ་རྒན་རྣམས་ཡུལ་གྱི་སྟོད་སྨད་བར་གསུམ་ཀུན་ཏུ་ཕྱིན་ཏེ་ཤན་པ་འཚོལ་བར་བྲེལ།

མི་ལོ་ཕལ་ཆེར་སུམ་ཅུ་ལྷག་ཙམ་གྱི་རིང་ལ་ཡུལ་གཞན་ནས་ཀློང་སྨད་གྲོང་ཚོར་ཤན་པ་འཚོལ་དུ་ཡོང་སྲོལ་ཡོད་པ་ལས། ཀློང་སྨད་གྲོང་ཚོའི་ཡུལ་མིས་ལུང་པ་གཞན་དུ་ཤན་པ་འཚོལ་བར་འགྲོ་བའི་སྲོལ་དེ་འདྲ་ཆགས་མེད། གང་ལགས་ཤེ་ན། བློ་བཟང་ཡར་འཕེལ་ཀློང་སྨད་གྲོང་ཚོའི་གྲོང་མི་ཡིན་པས་རེད། ཀློང་སྨད་གྲོང་ཚོའི་བྱིས་པ་དག་ལ་མཚོན་ནའང་། བློ་བཟང་ཡར་འཕེལ་ནི་གྲོང་ཚོ་གཞན་གྱི་ན་མཉམ་བྱིས་པ་རྣམས་ལ་ངོམ་འཕྱར་བྱ་རྒྱུ་གཙོ་བོར་གྱུར་ཡོད།  དེ་ལྟ་བས་ན། མི་ལོ་སུམ་ཅུ་ཡས་མས་ཙམ་གྱི་རིང་ལ་གྲོང་ཚོའི་སློབ་ཆུང་དུ་བྱུང་བའི་ཀླན་ཀའི་ཁྲོད། ཀློང་སྨད་གྲོང་ཚོའི་བྱིས་པ་རྣམས་ཀྱིས“ཤ་བཟའ་འདོད་ཡོད་ཚེ། ཁ་རོག་གེར་སྡོད་ཅིག ”ཅེས་པའི་ཚིག་ཐུང་འདི་ལ་བརྟེན་ནས་རྒྱལ་ཁ་གྲངས་མེད་བླངས།

བློ་བཟང་ཡར་འཕེལ་ནི་ལྟག་སྒང་ཚང་གི་བུ་འབྲིང་བ་ཡིན་ཞིང་། ཆུང་དུས་ནས་ལས་ལ་རྒོད་ཅིང་གྲོང་ཚོའི་སྤྱི་དོན་གཙུག་ཏུ་བཀུར་བའི་ཕོ་གསར་ཡ་རབས་ཤིག་ཡིན་ཞེས་ཁོ་དང་ན་ཚོད་མཉམ་པའི་གྲོང་མི་དང་། ཁོ་ལས་ལོ་ན་ཆེ་བའི་གྲོང་མི་ཡོངས་ཀྱིས་བསྟོད་པའི་ཁ་གཡང་མ་ཎི་བགྲངས་བགྲངས་བྱེད།

ལོ་དེའི་སྟོན་མཇུག་གི་ཐོ་རངས་ཤིག་གི་སྐབས་སུ། བློ་བཟང་ཡར་འཕེལ་གྱིས་གྲོང་ཚོའི་ཕོ་གསར་སྟག་རྒོད་འདྲ་བ་བཅུ་ཁྲིད། ཁལ་མ་སུམ་ཅུ་མདུན་དུ་དེད། ལམ་རྒྱགས་ཞིམ་པོ་རྒྱབ་ཏུ་ཁུར་ནས་ཕུགས་རི་ནགས་རྫོང་དུ་སྤྱི་ཤིང་ཞེས་གྲོང་ཚོ་སྤྱི་ཡི་ཞབས་བརྟན་སྒྲུབ་སྐབས་དང་དབྱར་སྐྱིད་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་མཁོ་གལ་ཆེ་བའི་འབུད་རྒྱུའི་བུད་ཤིང་འཐུ་རུ་ཕྱིན། ཁོ་ཚོ་ནི་སྟོབས་ཤུགས་ཀྱིས་བརླན་པའི་གླང་ཆེན་ཞིག་དང་འདྲ་བར་ལུས་ཕུང་ཧྲིལ་པོ་ཤུགས་ཀྱིས་རྫོགས། སྟ་རེ་གཞུ་ཐེངས་གཉིས་ཀྱིས་བེ་ཤིང་ཕྲ་སྦོམ་རན་པ་རེ་ས་ལ་བསྒྱེལ་པས་ཉིན་གུང་མ་ཡོལ་གོང་ནས་ཁལ་མ་སུམ་ཅུར་འགེལ་རྒྱུའི་རྒྱབ་ཁལ་ལོངས།  ཁོ་ཚོས་རྫི་བོ་སུས་བརྩིགས་པར་མི་ཤེས་པའི་རྫི་རགས※ རྙིང་ཧྲུལ་གྱི་རྩ་ན་ཡོད་པའི་ཐབ་རྡོ་སུམ་ཚུགས་མ་དེའི་སྟེང་ཇ་དྭངས་མགྲིན་པ་སྦྲིད་པ་ཞིག་གདུས་ཤིང་། སྤྱི་པ་ནས་བསྐུར་བའི་མཛར་བ་རྣམས་གྲལ་གོར་དཀྱིལ་དུ་སྤུངས་ཏེ། རང་ཉིད་གང་དགའ་དེ་ཉིད་ལོངས་སུ་སྤྱོད་བཞིན་མཆིས། བློ་བཟང་ཡར་འཕེལ་གྱིས་ཟས་འགྲངས་པར་སྤྱད་རྗེས་ཕྱོགས་བཞིའི་མཛེས་ལྗོངས་མིག་གི་གསོས་སུ་དྲངས་པ་ན། ཁོ་ཚོ་དང་བར་ཐག་མི་རིང་བའི་བྱང་ཕྱོགས་སུ་ཤུག་སྡོང་དྲང་ལ་རིང་བ། དགོན་པའི་རྒྱལ་སྒོ་མདུན་དུ་གཟེང་བའི་དར་ཆེན་གྱི་ཕྲ་སྦོམ་དང་མཚུངས་པ་ཞིག་མཐོང་ལམ་དུ་མངོན་བྱུང་ལ། ཤུག་སྡོང་དེ་མཐོང་ལམ་ལ་མངོན་མ་ཐག་སེམས་ཀྱི་འཆར་ཤེལ་ངོས་སུ་ཀློང་སྨད་དགོན་གྱི་རྒྱལ་སྒོ་མདུན་དུ་ཡོད་པའི་དར་ཆེན་དེ་ལོ་ཟླའི་ཆར་རླུང་ཁྲོད་རིང་དུ་འགྱིང་བས། རྩ་བ་དང་སྐེད་པ་ནས་རུལ་བཞིན་མཆིས་པ་དེ་དང་། ན་ནིང་མཁན་པོས་གྲོང་མི་ཡོངས་ལ“རང་དགོན་པའི་དར་ཆེན་བརྗེ་རན་འདུག་པས། གྲོང་མི་རྒན་པ་རྣམས་ཀྱིས་གྲོས་བྱས་ནས་དར་ཤིང་སྤུས་ལེགས་ཤིག་མཁོ་འདོན་བྱེད་དགོས”ཞེས་བཀའ་གནང་བའི་ཡུལ་དངོས་ཀྱི་རྣམ་པ་གཉིས་ཝ་ལེར་ཤར།

“ཁྱོད་ཚོས་ཟོས་ཚར་དུས་མཛར་བ་དག་མར་མར་བསྡུ་གསོག་བརྒྱབ་ནས། རྒྱབ་ཁལ་འགེལ་རྒྱུར་གྲ་སྒྲིག་བྱོས། ང་ཕ་གིའི་ཤུག་སྡོང་དེ་ལ་བལྟ་རུ་འགྲོ།”བློ་བཟང་ཡར་འཕེལ་གྱིས་སྟ་རེར་ལག་པ་འཆང་བཞིན་དེ་སྐད་བཤད།

ཚེ་རིང་ཁ་ཤོ་ཡིས་སྐད་ཆ་དེ་ཐོས་མ་ཐག་ཁ་ཕྱིར་འཁོར་ནས“འོ་ཡ། སྣང་དག་མེད། རོགས་པར་འགྲོ་དགོས་སམ”ཞེས་ཐེ་ཚོམ་གྱི་གདངས་ཀྱིས་དེ་ལྟར་བཤད།

“མི་དགོས།”

བློ་བཟང་ཡར་འཕེལ་ཕུགས་རི་ནགས་རྫོང་གཡོན་ཕྱོགས་ཀྱི་དེའུ་འབུར་འཁྲིས་ཀྱི་ས་གཞོང་དེར་ཕྱིན་སྐབས། ན་འབུར་ཆུང་ཆུང་དེའི་ལྟག་རྒྱབ་ན་ཤུག་སྡོང་རྒྱུ་སྤུས་ཅན་དེ་ཡོད་པ་མཐོང་བ་ན། གློ་བུར་དུ་ལུས་པོའི་ཆ་ཤས་གང་ནས་འཁྱིལ་ཡོང་བ་མི་ཤེས་པའི་བདེ་སྣང་དེས་ལུས་ཧྲིལ་པོ་འཆིང་བའི་ཚོར་བ་བྱིན་ཞིང་།  ཡིད་ལ་འདི་ལས་ལྷག་པའི་དར་ཤིང་སྤུས་ལེགས་ཤིག་སྲིད་པའི་ཁྱོན་ན་ཡོད་མི་སྲིད་ལ། འདི་ནི་དཀོན་མཆོག་གི་ཐུགས་རྗེའི་བྱིན་རླབས་ལས་འཁྲུངས་ཤིང་། ཀློང་སྨད་དགོན་དང་ལས་ཡོད་པའི་ཤུག་སྡོང་ཁྱད་པར་བ་ཞིག་རེད་སྙམ་བཞིན་དེར་གཡས་སྐོར་གསུམ་དང་གཡོན་སྐོར་གསུམ། ཡར་ལྟ་ལན་གསུམ་དང་ཟུར་ལྟ་ལན་གསུམ་བྱས་ཏེ་སྐྱེས་དངོས་རིག་པའི་མཁས་དབང་ཞིག་དང་འདྲ་བར་ཏན་ཏན་ཏིག་ཏིག་གིས་ཤུག་སྡོང་གི་དྲང་ཚད་དང་།  ཡལ་གའི་ཕྲ་སྦོམ། ཤིང་ལྤགས་ཀྱི་མཐུག་ཚད་སོགས་ལ་ལེགས་པར་དཔྱད་རྗེས། ཁོས་སྟ་སོས་ཤུག་སྡོང་ངོགས་སུ་སྒྱུར་རྟགས་ཀྱི་གཟུགས་གསལ་པོ་ཞིག་བརྐོས་ནས་འཛུམ་མདངས་དང་བཅས་ལོག་རྩིས་བྱེད་དུས། ན་འབུར་ཆུང་ཆུང་དེ་མིག་ལམ་དུ་ཧོབ་དེར་སྣང་བས། སེམས་ནས་འགྲིག་མ་སོང་། དེ་ཆུ་མགོ་ཞིག་ཡིན་ཚོད་འདུག་སྙམ་ནས་རྣམ་རྟོག་ལངས་པ་ན། སྐད་ཅིག་ཉིད་ལ་སེམས་ཁམས་ཀྱང་རྟབ་རྟབ་པོར་གྱུར་ནས་འདུར་མ་རྒྱུག་གིས་ཚུར་ཡོང་སའི་ལམ་སྣེ་དེད་དེ་རྫི་རགས་རྙིང་ཧྲུལ་ག་ལ་བ་དེར་འཕོས།

མི་རྒོད་པོ་འཛོམས་ན་ལས་ལ་དཀའ་རྒྱུ་མེད་ཅེས་པའི་གཏམ་དཔེ་འདི་ཤིན་ཏུ་བདེན་པར་འདུག་སྟེ།  སྔོན་ཆད་སྤྱི་ཤིང་འཐུ་བར་ཉིན་ཧྲིལ་པོ་བགོར་གྱི་ཡོད་ཅིང་། ཕྱི་དྲོ་ས་མ་རུབ་བར་དུ་གྲོང་ཚོར་ཐོན་མི་ཐུབ་ཀྱང་། ད་ཐེངས་གྲོང་ཚོའི་ཕོ་གསར་དམར་ཡག་སྟག་འདྲ་བ་ཁྱུ་གཅིག་སྤྱི་ཤིང་འཐུ་རུ་སོང་བས། ཕྱི་དྲོའི་ཆུ་ཚོད་བཞི་ཡས་མས་ཙམ་ནས་གྲོང་ཚོའི་སྤྱི་ཁང་གི་ར་སྐོར་ནང་དུ་འབྱོར། བློ་བཟང་ཡར་འཕེལ་གཅིག་པུས་གདོང་གློད་ཅིང་སེམས་ཅུང་འཚུབ་ནས་ལས་ཀ་བགྱིད་བཞིན་ཡོད་པ་ལས། གཞན་པའི་ཕོ་གསར་ཀུན་གྱིས་ངག་ནས་གླུ་ལེན་ཞོར། ཤུ་འདེབས་ཞོར་ཡུར་མ་ལ་བརྟེན་ནས་ཁལ་མ་བཟུང་སྟེ་རྒྱབ་ཁལ་ཕོག་ཅིང་། འབུད་ཤིང་དག་ཤིང་ཁྲིའི་ངོགས་སུ་ལེགས་པར་བརྩིགས།

བློ་བཟང་ཡར་འཕེལ་གྱིས་ཉིན་དེར་རྣམ་རྟོག་ཟོས་ལུགས་དེ་སུ་ལའང་བཤད་མེད་ཅིང་། རང་ཉིད་ཀྱིས་ཀྱང་དོན་ཚབས་ཆེན་ཞིག་ཏུ་འདོད་མེད་པས། ཉིན་གཉིས་པར་ཁོས་ཁ་སང་སེམས་པ་དཀྲུགས་བྱེད་ཀྱི་དོན་དེ་ཡེ་ནས་བརྗེད་པ་འདྲ་སྟེ། སྔར་ལྟར་གདོང་ལ་འཛུམ་མདངས་འགོས་ནས་ཉིན་གསར་པ་དེའི་འཆར་ཅན་གྱི་བྱ་བ་ཙ་ག་ཙིག་གེ་དག་ལ་གཡེང་བཞིན་འདུག

སྤྱི་ཤིང་འཐུ་བར་འགྲོ་བའི་ཉིན་ནས་བརྩིས་ཏེ་ཉིན་ལྔ་པར།  མཁན་པོ་བསྟན་འཛིན་ཀུན་མཁྱེན་གྱིས་ཀློང་སྨད་གྲོང་ཚོ་གཙོས་གྲོང་ཚོ་གཞན་རྣམས་ཀྱིས་རེ་ཞུ་ཕུལ་བ་ལྟར་ཚེ་དབང་གནང་རྒྱུ་ཞལ་བཞེས་མཛད། ཉིན་དེར་ཞོགས་པ་ནས་ཀློང་སྨད་གྲོང་ཚོ་ཙམ་མ་ཡིན་པར་གྲོང་ཚོ་གཞན་པ་འགའ་ནས་འོངས་པའི་ཡུལ་མི་ཆོས་དད་ཅན་བརྒྱ་ཕྲག་འགའ་མ་བགྲོས་རང་མཐུན་གྱིས་ཀློང་སྨད་དགོན་གྱི་ཐང་ཆེན་དུ་འདུས།

བློ་བཟང་ཡར་འཕེལ་གྱིས་མགོ་ལ་སྐྲ་གཞུག་དམར་པོ་ཐེག་ཙམ་ཞིག་དང་། ལུས་སྨད་ལ་ཐེར་མའི་དོར་མ་རྙིང་ཙམ་ཞིག ལུས་སྟོད་ལ་འབུ་རས་སྟོད་གོས་དཀར་པོ་གོང་བར་དྲེག་པ་ཅུང་ཟད་འགོས་པ་ཞིག  དེ་དག་གི་སྟེང་དུ་སྤུ་ཕྲུག་ཕྱུ་པ་ཐབས་ཆག་ཅིག་བཅས་གྱོན་འདུག་ལ། ཁོའི་ཕ་རྒན་གྱིས་ཕོ་གསར་སྐབས་སུ་གཟབ་མཆོར་ལ་མང་དུ་གྱོན་མྱོང་བའི་བོད་ལྷམ་སྤྲེའུ་ཁ་པ་སྤུས་ལེགས་དེའང་གྱོན་སྣང་། རིང་ཐུང་མི་གཅིག་པའི་སྨ་ར་དེའང་བཞར་ཚར་འདུག་པས་གཞོན་ཉམས་ཤིག་ངང་ངམ་ཤུགས་ཀྱིས་མངོན་ཡོང་བ་ན། ཕོ་གསར་ན་མཉམ་ཁྲོད་ནས་རྫིག་ཤོས་གྲས་སུ་གཏོགས་འོས་ཤིང་། མོ་གསར་གང་མང་ཞིག་གིས་ཁོ་ལ་ཟུར་མིག་འཕེན་པས། ཁོའི་གདོང་ལས་སྔར་ལས་ལྷག་པའི་སྤོབས་པའི་གཟི་མདངས་ཤིག་ཕྱུངས།

 ཁོ་དང་བསྡུར་ན་ཚེ་རིང་ཁ་ཤོའི་གཟབ་མཆོར་གྱི་སྣ་ཁ་འཛོམས་ཤིང་སྤུས་ཀ་ཡག་སྟེ། ཚེ་རིང་ཁ་ཤོ་ནི་ཀློང་སྨད་གྲོང་ཚོའི་ཕྱུག་བདག་གསུམ་གྱི་ཡ་གྱལ་ནོར་འཛོམས་ཚང་གི་བུ་ཆེ་བ་ཡིན། ཁོ་ཨ་མའི་མངལ་ལས་བཙས་པ་ནས་ཡ་མཆུ་ན་མཆུ་ཤ་ཟུར་གསུམ་འདྲ་བ་ཞིག་མི་ཚང་པས། ཕྱིས་སུ་ཀུན་གྱིས་ཁོ་ལ་ཚེ་རིང་ཁ་ཤོ་རུ་འབོད་ཀྱིན་ཡོད། དེ་ལྟ་བས་ན། ཁོས་གཟབ་མཆོར་གྱ་ནོམ་པ་ཅི་ཙམ་གྱིས་སྤུད་ཀྱང་བློ་བཟང་ཡར་འཕེལ་གྱི་བྱད་ཚུགས་ལ་འགྲན་མི་ནུས། ཁོའི་བྱད་གཟུགས་ཀྱིས་མོ་གསར་རྣམས་ཀྱི་མིག་དབང་འཕྲོག་ནུས་པ་ལྟ་ཅི། ཐ་ན་ཁོ་ལ་མོ་གསར་སུས་ཀྱང་མིག་གིས་ཕུར་ཚུགས་སུ་བལྟས་མ་མྱོང་ཟེར།

ཚེ་རིང་ཁ་ཤོ་རྒྱུན་པར་བློ་བཟང་ཡར་འཕེལ་དང་འགྲོགས་པར་དགའ་ལ། དེ་ནི་བློ་བཟང་ཡར་འཕེལ་གྱིས་ཚེ་རིང་ཁ་ཤོའི་མཚང་མིང་ནས་མི་འབོད་པས་རེད། ཚེ་དབང་ཞུ་རུ་འགྲོ་བའི་ཉིན་དེར་ཁོ་གཉིས་ལྷན་དུ་ཚེ་དབང་གནང་ཡུལ་ཀློང་སྨད་དགོན་དུ་སོང་། དགོན་པའི་ཐང་ཆེན་ནས་ཕོ་གསར་རོགས་པ་ཀུན་མཉམ་དུ་འདུས་ནས་ཚེ་དབང་ཞུ་ཞོར་དང་ཁ་བརྡ་གློད་ཞོར་བྱས།

ཚེ་དབང་གི་གོ་རིམ་རྣམས་ཡོངས་སུ་གྲུབ་རྗེས། གྲོང་མི་རྒན་གཞོན་ཀུན་དགའ་སྤྲོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ཁྱིམ་དུ་བཏེགས་པའི་སྐྱ་ལམ་དེ་དེད་ནས་ལོག་མོད། བློ་བཟང་ཡར་འཕེལ་དང་ཚེ་རིང་ཁ་ཤོ ད་དུང་ཕོ་གསར་འགའ་ལྷན་དུ་དགོན་པའི་རྒྱ་སྒོ་ནས་གཡོན་ཕྱོགས་སུ་མར་ཙམ་འགྲོ་དགོས་པའི་ཉི་མ་མཚོ་མོའི་ཟ་ཁང་དུ་དགོང་ཟས་བཟའ་རུ་ཕྱིན།

ཁོ་ཚོས་མཉམ་དུ་དངུལ་བསྡུས་ནས་ལུག་ཤ་བཙོས་མ་རྒྱ་མ་གསུམ་དང་། པད་ཚལ་བརྔོས་མ་ཞིག སྒོ་ངའི་ཐང་ཞིག ནས་ཆང་རྐྱན་བུ་ཆེ་ཤོས་གང་བཅས་མངགས། ཉི་མ་མཚོ་མོས་འཕྲལ་དུ་ཐབ་ཚང་ནས་ཆང་རྐྱན་བུ་གང་ཁྱེར་ཡོང་སྟེ་ཁོ་ཚོའི་ཅོག་ཙེའི་ཐོག་ཏུ་བཞག དེ་ནས་ཐབ་ཚང་ཟུར་གྱི་ཆ་སྒམ་ལས་དཀར་ཡོལ་འབྲུག་རིས་ཅན་དྲུག་བཏོན། དེ་དག་ཆང་གིས་བཀང་ནས་མི་རེའི་མདུན་དུ་ཆང་ཕོར་འབྲུག་རིས་ཅན་རེ་བཞག

“སྔོན་ལ་ཆང་ཏོག་ཙམ་འཐུང་དང་། ངས་ཟ་མ་གང་མགྱོགས་བཟོ་ཡོང”ཞེས་བཤད་དེ་ཐབ་ཚང་དུ་འཛུལ། ཁོ་ཚོས“ཡ་ཡ”ཟེར་བཞིན་ཆང་ཕོར་ཡར་བཀྱགས་ནས་ཞབས་ཐག་ལན་མང་བརྒྱབ་ཅིང་ཟ་ཁང་ཧྲིལ་པོར་ཁོ་ཚོའི་དགོད་སྒྲས་ཁེངས།

རིང་པོ་མ་འགོར་བར་ཉི་མ་མཚོ་མོས་ཁོ་ཚོས་མངགས་པའི་ཟ་མ་དག་བཟོས་ཚར་ཞིང་། ཚལ་སྣ་རེ་རེ་བཞིན་ཁོ་ཚོའི་མདུན་གྱི་ཅོག་ཙེའི་ཐོག་ཏུ་འགྲེམ་བཞིན“བྲོ་བ་ཅི་འདྲ་འདུག་ཅིག་ལྟོས་དང”ཞེས་འཛུམ་དམུལ་དམུལ་གྱིས་བཤད་པར། ཕོ་གསར་རྣམས་ཀྱིས“མ་བྱན་ཉི་མ་མཚོ་མོ་ཟེར་ན་སྐད་གྲགས་རེད། ཞིམ་པོ་བཟོས་ཡོད་ངེས་རེད”ཅེས་ཟེར་བཞིན་ཚལ་གང་རུང་ཁམ་གང་རེ་ཟོས་རྗེས། “ཞིམ་པོ་རེད། ངོ་མ་རྫོང་གི་སི་ཁྲོན་རྒྱ་མོའི་ཟ་མ་ལས་ཀྱང་ཞིམ་སྣང”ཞེས་ཕོ་གསར་རྣམས་ཀྱིས་བསམ་པ་གཅིག་མཐུན་ངང་ནས་བསྟོད་པའི་མཐེ་བོང་སྒྲེང་བཞིན་དེ་སྐད་བཤད།

བློ་བཟང་ཡར་འཕེལ་སེམས་ཤིན་ཏུ་སྐྱིད་པས། རང་འགུལ་གྱིས་གྲོགས་པོ་རེ་རེའི་རྩར་ཕྱིན་ཏེ་ཆང་ཕོར་ཡར་ལ་བཀྱགས་ནས་ཆང་གླུ་ཐུང་ངུ་རེ་བླངས་རྗེས། ཆང་ཕོར་ནང་གི་ཆང་ཞབས་ཐག་བརྒྱབ། དུས་ཚོད་གང་འཚམ་ཞིག་སོང་རྗེས་ཁོས་རང་ཉིད་མཁའ་དབྱིངས་སུ་འཕྱོ་བཞིན་ཡོད་པར་འཕྲུལ་ཞིང་། སྤྲོ་སྣང་གི་བསིལ་རླུང་ཞིག་ལུས་ཕུང་གི་བ་སྤུའི་བུ་ག་ཀུན་ཏུ་འཚང་ཁ་ཤིག་ཤིག་གིས་འཛུལ་སྟབས། ཁོས་སྔར་ལས་སྐད་གསང་མཐོན་པོས་ཆང་གླུ་བླངས་ཤིང་ཆང་ཞབས་ཐག་བརྒྱབ། དེ་ལྟར་ཆུ་ཚོད་ཕྱེད་ཙམ་གྱི་རིང་ལ་ཆང་འཐུང་ཞོར་ཁ་བརྡ་གློད་ཅིང་བསྡད། ད་ནི་མུན་ཡང་རུབ་ཟིན་པས་ཁོ་ཚོ་མ་སྐུལ་རང་མོས་ཀྱིས་སོ་སོའི་ཁྱིམ་དུ་ལོག་རྒྱུའི་ཁ་འཆམ་ཡང་། བློ་བཟང་ཡར་འཕེལ་ཤིན་ཏུ་བཟི་ནས་རང་རྐྱ་ཡེ་ནས་མི་འཕེར་བས། ཚེ་རིང་ཁ་ཤོ་དང་བསྟན་འཛིན་གཉིས་ཀྱིས་རེས་མོས་བྱས་ཏེ་བློ་བཟང་ཡར་འཕེལ་སྒལ་པར་ཁུར་ནས་ཁྱིམ་དུ་བསྐྱལ་ཅིང་ཁོ་གཉིས་རང་རང་གི་ཁྱིམ་དུ་ལོག

ཕྱི་ཉིན་གྱི་ཐོ་རངས་ཙམ་ལ་ཚེ་རིང་ཁ་ཤོ་གྲོད་ཁོག་བཤལ་བས་ཉི་མ་མ་ཤར་བར་དུ་གསང་སྤྱོད་དུ་འཛུལ་དགོས་བྱུང་ཞིང་། གཞན་ཆང་འཐུང་རོགས་རྣམས་ལས་ལ་ལ་མགོ་ན་བ་དང་། ལ་ལ་གྲོད་ཁོག་བཤལ་བ། ལ་ལ་གཟུགས་པོ་མི་བདེ་བའི་སྣང་ཚུལ་གང་མང་བྱུང་། ཡིན་ནའང་། བློ་བཟང་ཡར་འཕེལ་གཉིད་ལས་སད་དུས་མཁའ་ལ་ནམ་ལངས་ཉི་མ་ལྷག་གིས་ཤར་འདུག ཁོ་མགོ་ཅུང་ཟད་གཟེར་བ་ལས་གཞན་མི་བདེ་བའི་ཚོར་བ་གང་ཡང་མེད་ཅིང་། རང་ཉིད་ལངས་རྒྱུ་འཕྱི་འདུག་སྙམ་ནས་འཕྲལ་དུ་ཡར་ལངས་པས། མགོ་ཡུ་དྲག་པོ་ཞིག་འཁོར་ནས་མར་འགྱེལ་སོང་། དེ་ནས་མགོ་གཟེར་བའི་ཟུག་རྔུ་བཟོད་གླགས་མེད་པ་ཞིག་བྱུང་བས་དྲན་པ་ཐོར། བརྒྱལ་བ་ལས་སངས་དུས་ཁོའི་ངག་སྒོ་འགགས་ཤིང་རྣ་ཤེས་ཀྱང་ཉམས་འདུག  དེ་དུས་བློ་བཟང་ཡར་འཕེལ་ཕོ་ལོ་ཉི་ཤུ་རྩ་གསུམ་ལས་སླེབས་མེད།

བློ་བཟང་ཡར་འཕེལ་གྱི་ཕ་མ་གཉིས་གཙོས་ནང་མི་རྣམས་ཀྱིས་ཁོ་ནད་ལས་སྐྱོབ་ཆེད་ཞབས་བརྟན་སྣ་ཚོགས་སྒྲུབ་ཞོར་དུ་སྟོད་ལྷ་ས་ནས་མོ་བཏབ། སྨད་ཨ་མདོ་ནས་རྩིས་བརྒྱབ། བར་རང་དགོན་ནས་གཟིམ་ལམ་བཞག་པའི་མཐའ་མའི་འབྲས་བུ་དེ་མདོར་དྲིལ་ན་འདི་ལྟར་ཏེ། “ལུང་པའི་ཕུགས། བྱང་གི་ཕྱོགས། ཀླུ་ཡི་ཕོ་བྲང་། ཀླུ་རྒྱལ་གསེར་རྭ་རྨས། དཀར་པོར་ཕྱོགས། སྲོག་ཐར”ཞེས་ཀློང་སྨད་དགོན་གྱི་མཁན་པོ་བསྟན་འཛིན་ཀུན་མཁྱེན་གྱིས་སྡོམ་ཚིག་ཏུ་བཀོད།

བློ་བཟང་ཡར་འཕེལ་གྱི་ཕ་མ་གཉིས་ཀྱིས་ཡི་གེ་གཅིག་མི་ཤེས་ཁར། ཤིན་ཏུ་གབ་ཅིང་བསྡུས་པའི་སྡོམ་ཚིག་དེའི་དོན་ཡེ་ནས་མ་ཤེས་པས“མཁན་པོ་ལགས། ཡི་གེ་འདི་ཚོའི་དོན་ཅི་ཡིན་ནམ། སྐུ་མཁྱེན། ཁྱེད་རིན་པོ་ཆེ་ནས་འགྲེལ་བཤད་གསལ་པོ་ཞིག་མཛད་པར་མཁྱེན། ད་རུང་ཞབས་བརྟན་གང་དག་བསྒྲུབ་དགོས་མིན་ཐད་ནས་ཀྱང་གསུང་བར་མཁྱེན་མཁྱེན”ཞེས་ཕྱག་འཚལ་བཞིན་སྨྲེང་གདངས་དང་འབྲེལ་ནས་དེ་སྐད་ཞུས།

“ཡ་ཡ། དེ་ནས་ཁྱོད་གཉིས་ཀྱིས་བཟོད་སྟོབས་ཆེར་གྱིས་ལ་ཉོན་ཅིག ངས་བཤད་པར་བྱའོ། །”མཁན་པོ་བསྟན་འཛིན་ཀུན་མཁྱེན་གྱིས་ཤིན་ཏུ་རྙིང་ཞིང་མཐུག་པའི་དཔེ་ཆ་སྣ་རིང་ཞིག་པང་དུ་བླངས་ཤིང་ལྟ་ཞོར་དེ་སྐད་སྨྲས།

“ལགས་སོ། །”བློ་བཟང་ཡར་འཕེལ་གྱི་ཕ་མ་གཉིས་ཀས་དད་པའི་ཐལ་མོ་སྙིང་ཁར་སྦྱར་ཞིང་སེམས་རྩེ་གཅིག་ཏུ་བསྒྲིམས་ནས་བཤད།

“ཀླུའི་གནོད་པ་རེད་འདུག སྡོམ་ཚིག་དེའི་ནང་དོན་འདི་ལྟར་ཏེ། རང་ཅག་ལུང་པའི་ཕུགས་ཏེ་ཕུགས་རི་ནགས་རྫོང་བྱང་ཕྱོགས་སུ་ཀླུ་གནས་སའི་ཕོ་བྲང་ཟེར་ཡང་ཕལ་སྐད་ཐོག་ནས་བཤད་ན། ན་འབུར་དང་ཆུ་མགོ།  ཆུ་རྫིང་ཡོད་ས་ཞིག་ཏུ་ཀླུ་རྒྱལ་གྱི་གསེར་རྭ་ཟེར་ནའང་ཤིང་སྡོང་ཁྱད་མཚར་བ་ཞིག་ཡིན་ཚོད་འདུག  གསེར་རྭ་ཟེར་དུས་ཤིང་སྡོང་དེའི་ཁ་དོག་སེར་པོ་ཡིན་པར་མཚོན་ཤས་ཆེ་བས། ཕལ་ཆེར་ཤུག་སྡོང་ཞིག་ཨེ་ཡིན་ན་བསམ། རྨས་ཟེར་དུས། སྡོང་པོ་བཅད་པ་ཡིན་ཚོད་མི་འདུག་པས། ཡལ་ག་བཅག་པའམ་ཡང་ན་དེར་རྨ་ཁ་ཕྲན་བུ་བཟོས་པར་གོ་ནའང་ཆོག དཀར་པོར་ཕྱོགས། སྲོག་ཐར་ཟེར་དུས། ཤིང་སྡོང་རྨས་པའི་དགོས་པའམ་དམིགས་ཡུལ། ཡང་ན་ཀུན་སློང་བཟང་པོ་བཟུང་བས་སྲོག་ལ་ཉེན་ཁ་མི་འདུག་པས། ངག་ལྐུགས་པ་དང་རྣ་འོན་པ་དེ་དྲག་སྐྱེད་ཡོང་ཐབས་ཡོད་ཚོད་མི་འདུག  ཞབས་བརྟན་ཡང་དམིགས་བསལ་གང་དགོས་པ་མི་སྣང་། ཀླུ་ཐེབས་ཡོད་ཉིན་ཞིག་ལ་ས་དེར་སོང་ནས་ཀླུ་བསང་ཡིད་ཚིམ་པ་ཞིག་ཐོངས་ཤིག གཞན་རྣམས་སྔོན་བྱས་པ་དག་གིས་ཆོག་པ་འདུག”མཁན་པོས་ནན་ཏན་གྱིས་དེ་ལྟར་འགྲེལ་ཞིང་། དེ་ནས་དཔེ་རྙིང་སྣ་རིང་དེ་ཟུར་དུ་ཡོད་པའི་ཤུག་པའི་ཅོག་ཙེའི་ཐོག་བཞག་རྗེས་ཡར་བཞེངས་ཏེ་མཆོད་གཤམ་ཕུགས་ནས་བྱིན་རྟེན་རྩ་ཆེན་རང་གིས་ཀྱང་སྤྱོད་མི་བྲ་བ་ཞིག་ཁྱེར་ཡོང་ནས“ད་སེམས་ཁྲལ་མ་བྱེད།  ནམ་མཁའི་བླ་མ་དཀོན་མཆོག་གིས་གཟིགས་ནས་སྡོད་ཡོད་རེད། སྡུག་པོ་འོང་གི་མ་རེད། འདི་བྱིན་རྟེན་རྩ་ཆེན་ཞིག་ཡིན། ངའི་བླ་མ་དམ་པས་ཕྲན་ལ་གནང་ཡང་རང་གིས་ཡེ་ནས་སྤྱོད་མི་བྲ་བར་ད་བར་ཉར་བ་ཡིན། དེ་བློ་བཟང་ཡར་འཕེལ་ལ་སྦྱིན་རོགས། གཞོན་པ་ཁོ་ངོ་མ་ཤ་རེ་ཚ”ཞེས་གསུང་བཞིན་ཁོ་གཉིས་ཀྱི་ལག་ཏུ་སྤྲད་པས། བློ་བཟང་ཡར་འཕེལ་གྱི་ཕ་མ་གཉིས་སེམས་འགུལ་རབ་ཏུ་ཐེབས་ནས་སྙིང་ཁར་ཐལ་མོ་སྦྱར་ཞིང་། དད་པའི་མིག་ཆུ་སྲན་རྡོག་ཙམ་པ་ཉིལ་ལེ་བྱས་ནས་མཁན་པོར་ཕྱག་གང་མང་འཚལ་ཏེ་རིམ་གྱིས་གྱ་གྱུའི་སྐྱ་ལམ་དེད་དེ་ཁྱིམ་དུ་བཏེགས།

དུས་ཚོད་ནི་འགོག་མི་ནུས་པའི་རྦབ་ཆུ་ཞིག་དང་ཀུན་ནས་འདྲ་སྟེ། རང་ནུས་གང་ལྕོགས་ཀྱིས་མདུན་དུ་བཞུར་བ་ལས་ཡེ་ནས་སྡོད་མི་སྲིད། འཁྱུག་ཙམ་ཞིག་ལ་བཞུར་ཟིན་པའི་མི་ལོ་ཧྲིལ་པོ་དྲུག་གི་རིང་། ལྟག་སྒང་ཚང་ཕུད་པའི་ཀློང་སྨད་གྲོང་ཚོའི་ཁྱིམ་ཚང་གཞན་རྣམས་ཀྱི་ནང་མིའི་ལོ་ཚད་ཐད་ནས་འགྱུར་བ་ཕྲན་བུ་སོང་ཙམ་ལས། ཁོ་ཚོའི་ཁྱིམ་གྱི་དཔལ་འབྱོར་དང་གང་ཅི་ཐད་ནས་སྔ་སོ་ལྟར་གནས་ཡོད། ལྟག་སྒང་ཚང་ལ་ནི་འགྱུར་བ་གནམ་ས་བསློགས་འདྲ་ཞིག་བྱུང་སོང་། ཁྱིམ་གྱི་ལས་དང་སྤྱི་པའི་དོན་ལ་འཇོན་པའི་བློ་བཟང་ཡར་འཕེལ་གྱི་ངག་སྒོ་ནི་ཅི་ཞིག་གིས་བཅད་ཅིང་རྣ་ཤེས་ནི་ཅི་ཞིག་གིས་བརྐུས་པར་མ་ཟད། རིག་པའང་བྱིས་པ་ལོ་གཉིས་གསུམ་ཅན་གྱི་ཚད་དུ་བཏང་བས་ཁོས་ཨ་མ་ལས་སུའང་ངོ་མི་ཤེས་པར་གྱུར་ལ།

 གཅིན་སྐྱག་ཀྱང་ཚོད་འཛིན་མི་ཐུབ་པས། རིམ་གྱིས་ཁོའི་ལུས་ཡོངས་ལ་བ་ཚྭ་དང་སྐྱག་དྲི་འབྲེལ་བའི་དྲི་ཤིན་ཏུ་སྐྱུག་བྲོ་བ་ཞིག་གིས་སྤུད་པས། ཁོའི་ཨ་མ་ཕུད་པའི་གྲོགས་པོ་དང་སྤུན་མཆེད། དེ་བཞིན་གྲོང་མི་རྣམས་ཁོའི་འཁྲིས་སུ་བཅར་གྲངས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། མཐའ་མར་ཁོའི་ཕ་རྒན་བསམ་གཏན་ཡང་ཁོའི་ཁྱད་པར་ཅན་གྱི་དྲི་མ་དེར་ཞེན་པ་གཏིང་ནས་ལོག་པས། བློ་བཟང་ཡར་འཕེལ་ར་སྐོར་ཟུར་དུ་ཁང་མིག་ཆུང་ཆུང་ཞིག་གསར་རྒྱག་བྱས་ནས་དེར་གཞག་དགོས་པའི་བསམ་ཚུལ་བཏོན་ཅིང་། ཁོའི་ཨ་མ་ཕུད་པའི་ནང་མི་ཀུན་གྱིས་དེ་མ་ཐག་ཏུ་ཁས་ལེན་བྱས།

ཁོའི་ཕ་མ་གཙོས་གྲོང་མི་ཀུན་གྱི་བློ་ཡུལ་ལས་འདས་པ་ཞིག་ནི། བློ་བཟང་ཡར་འཕེལ་རིག་པ་རྟུལ་བའི་འོན་ལྐུགས་ཤིག་ཡིན་ནའང་ཁོས་སྔོན་ནས་ཤེས་པའི་ཤིང་བཟོའི་ལག་རྩལ་དེ་བརྗེད་མེད་པ་དེའོ། ། ཡིན་ནའང་ཁོ་སེམས་པ་སྐྱིད་དུས་ཁོའི་ཁྱིམ་དང་གྲོང་མི་རྣམས་ལ་ཤིང་གི་སྒྲོམ་དང་རྐུབ་སྟེགས་སོགས་བཟོ་རོགས་བྱེད་ཅིང་། རང་ལ་དབང་བའི་ར་སྐོར་ཟུར་གྱི་ལྕགས་ལེབ་ཁང་ཆུང་དུ་མཁོ་བའི་ཡོ་བྱད་ཀྱང་གང་མང་བཟོ་ལ། སེམས་མི་སྐྱིད་དུས་ཆང་དང་ཨ་རག་འཐུང་གིན་ཡོད་པས། རིམ་གྱིས་ཆང་དང་ཨ་རག་འཐུང་བར་དགའ་བའི་གོམས་གཤིས་ཤིག་ཆགས། དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་ཆང་དང་ཨ་རག་ནི་ཁོ་ལ་མཚོན་ན་ཆེས་འབྲལ་ཐབས་མེད་པ་དེར་གྱུར་པས། ཁོས་ལྐུགས་བརྡ་བྱས་ཏེ་ནང་མིར་ཆང་དང་ཨ་རག་དགོས་པའི་རེ་བ་མང་དུ་བཏོན། ཁོའི་ཨ་མས་ཁོའི་འདོད་པ་སྐོང་ཆེད་ཁྱིམ་དུ་ཆང་དང་ཨ་རག་བསྙལ་ཞིང་། ཡུལ་མི་ཁྱིམ་མཚེས་རྣམས་སུ་ཆང་དང་ཨ་རག་སློང་བར་ཕྱིན་ཐེངས་མོའི་སེམས་སུའང་ཤོང་བར་དཀའ།

བློ་བཟང་ཡར་འཕེལ་འོན་ལྐུགས་སུ་གྱུར་རྗེས་ཀྱི་ལོ་གཉིས་པའི་སྟོན་བཤས་སྐབས། ཁོའི་ལོ་ན་བདུན་ཅུ་ཟིན་པའི་ཕ་རྒན་གྱིས་བཤའ་ཟོག་བཤའ་བའི་ཚུགས་ཀར་རབ་ཏུ་སུན་ནས། ཕ་རྒན་ལག་གི་ཤན་གྲི་ཁོར་སྤྲོད་དགོས་པའི་ལྐུགས་བརྡ་མང་དུ་བསྟན་ཏེ་ཕས་ཀྱང་བཤུགས། ཁོས་དབུགས་ཐེངས་གཅིག་ལ་ནོར་གཉིས་དང་ར་ལུག་བརྒྱད་བཤས་པས། དོན་དེས་སླར་ཡང་ཁོའི་ནང་མི་གཙོས་གྲོང་མི་ཡོངས་ཧང་སངས་སུ་བཅུག དོན་རྐྱེན་དེ་ལ་བརྟེན་ནས་སྔར་ཁྱིམ་སོ་སོའི་ཕ་རྒན་རྣམས་ཀྱིས་མི་འདོད་བཞིན་དུ་གཉེར་དགོས་པའི་བཤའ་ལས་དེ་སྤངས་ཤིང་རང་གི་བུ་ལའང་བཤའ་ལུགས་ཀྱང་མ་བསླབ་པར་བློ་བཟང་ཡར་འཕེལ་གདན་དྲངས་ཏེ་བཤའ་རུ་བཅུག་པས། བློ་བཟང་ཡར་འཕེལ་རིམ་གྱིས་ཀློང་སྨད་གྲོང་ཚོ་གཙོས་ཉེ་འཁོར་ཡུལ་ལུང་ཀུན་ལ་མིང་དུ་གྲགས་པའི་ཤན་པ་རྩལ་ཆེན་ཞིག་ཏུ་གྱུར་པར་མ་ཟད། མཐར་ཁོ་དང་ན་ཚོད་མཉམ་པའམ་ཁོ་ལས་གཞོན་པའི་ཀློང་སྨད་གྲོང་དང་། ཉེ་འཁོར་གྱི་ཡུལ་མིའི་ཁྲོད་ཟོག་ལུག་བཤའ་ཤེས་མཁན་མེད་པར་གྱུར་ཡང་། ཡུལ་མི་ཀུན་གྱིས་བློ་བཟང་ཡར་འཕེལ་ཡོད་སྙམ་བཞིན་མིག་ལ་གཟན་ཡང་མེད་ཐབས་བྲལ་བའི་བཤའ་ལས་ལ་སེམས་འཁུར་སྤངས། དེ་ལས་ལྡོག་སྟེ། སྤོ་བོ་བསོད་ནམས་གཙོས་མི་རྒན་པ་རེ་ཟུང་གིས“བློ་བཟང་ཡར་འཕེལ་གྱིས་བཤས་པའི་ཟོག་ཤ་ཤིན་ཏུ་ཞིམ”ཞེས་པའི་བསྟོད་པའི་ཁ་གཡང་ཇེ་རྒྱས་ནས་ཇེ་རྒྱས་རེད།

བློ་བཟང་ཡར་འཕེལ་བཤའ་ལས་ལ་ཤིན་ཏུ་དུངས་ཏེ། ཟོག་བཤས་པར་དོ་བདག་ནས་ཆང་དང་ཨ་རག  ད་དུང་དངུལ་སོགས་གང་བྱུང“གླ་ཆ”རུ་སྤྲོད་ཀྱིན་ཡོད་པས་ཡིན་ཤས་ཆེ། ལས་ཀ་གཞན་པ་གང་རུང་ཞིག་ལས་སུ་བསྐུལ་དགོས་ཚེ། ཁོས་རང་གི་སེམས་ཁམས་ལ་བལྟས་ནས་ཐག་གཅོད་སྲིད་དེ། སེམས་ཁམས་སྐྱིད་དུས་ཤིང་བཟོ་དང་ཞིང་ལས་སོགས་བྱ་སྲིད་ལ། སེམས་ཁམས་འཁྲུགས་དུས་ཉིན་ཧྲིལ་པོར་ལྕགས་ལེབ་ཁང་ཆུང་དུ་འཛུལ་ནས་སྡོད་པའམ། ཉིན་གང་པོར་ར་སྐོར་ནང་དུ་ཆང་དང་ཨ་རག་འཐུང་བཞིན་ཉི་མར་ལྡེས་ནས་སྡོད་སྲོལ་ཡོད། ཡིན་ནའང་། བཤའ་ལས་བྱེད་དུས་སེམས་ཁམས་དང་འབྲེལ་བ་ཡེ་ནས་མེད་པར། ཆང་དང་ཨ་རག དངུལ་སོགས་དང་འབྲེལ་བ་ཟབ་སྟེ། ཟོག་ལུག་སོགས་བཤས་རྗེས་དོ་བདག་ནས“གླ་ཆ”ཕྲན་བུ་རེ་མ་བྱིན་ཚེ་ཕྱིས་སུ་མི་ཚང་དེའི་སྟོན་བཤས་ལ་གདན་འདྲེན་སྐབས་དཀའ་ཚེགས་ཤིན་ཏུ་ཆེན་པོར་འཕྲད་འོང་སྟེ། ཀློང་སྨད་གྲོང་གི་ཀུན་དགའ་ཚང་གི་ཕ་ཀུན་དགས་ཐེངས་ཤིག་ལ་བློ་བཟང་ཡར་འཕེལ་ལ“གླ་ཆ”མ་སྤྲད་པས།  ལོ་རྗེས་མའི་སྟོན་བཤས་སྐབས་བློ་བཟང་ཡར་འཕེལ་གདན་འདྲེན་མ་ཐུབ་པས། མཐར་ཀུན་དགས་ལོ་ཆང་དམ་བེ་གང་དང་རྒྱ་རག་སྤུས་ལེགས་དམ་བེ་གང་། ད་དུང་སྒོར་བརྒྱ་བཅས་ཁྱེར་ནས་བློ་བཟང་ཡར་འཕེལ་གདན་འདྲེན་དུ་སོང་ཡང་། དང་ཐོག་ཁོས་མགོ་བོ་ཌ་རུ་དཀྲོལ་འདྲ་བྱས་ཏེ་ཁས་མ་བླངས། ཀུན་དགའ་འུ་ཐུག་སྟེ་བློ་བཟང་ཡར་འཕེལ་གྱི་ཨ་མའི་འཁྲིས་སུ་སོང་སྟེ་ཁོ་ཟོག་བཤའ་རུ་འགྲོ་བར་སྐུལ་རོགས་ཞུས་པས།  ཁོའི་ཨ་མས“ངའི་བུ་ལ་སྡིག་པ་བཟོ་རུ་མ་འཇུག  ཁོས་གསོད་རྐྱང་ལས་མ་ཎི་ཚིག་གཅིག་ཀྱང་འདྲེན་མི་ཤེས། དམྱལ་བའི་རྡོ་རྗེ་སྡིངས་སུ་མ་གཡུག་རོགས”ཞེས་སྡུག་སྐད་ཀྱི་ལམ་ནས་དེ་ལྟར་ལབ། འོན་ཀྱང་ཀུན་དགས་ཞུ་བ་མང་དུ་འཐེན་པའི་མཐའ་མར་བློ་བཟང་ཡར་འཕེལ་གདན་འདྲེན་ཐུབ་ཙམ་བྱུང་། དེའི་རྗེས་སུ་གྲོང་མི་ཀུན་གྱིས་ཁོར“བཤས་གླ”མི་སྤྲད་པ་ཡེ་ནས་མི་བྱེད་པས། སྟོན་བཤས་ཀྱི“གླ་ཆ”ཡིས་ཁོའི་ལོ་གཅིག་གི་བཟའ་བཏུང་ལ་སེམས་ཁྲལ་མེད་པར་གྱུར།

ཉིན་མཚན་དབྱེར་མེད་ཆང་རག་གིས་བསྐྱལ་པས།  ཁོའི་ལུས་ཟུངས་རིམ་གྱིས་རྒུད་བཞིན་མཆིས་ཏེ།  སྐྲ་མདོག་དཀར་པོར་གྱུར་ཅིང་། གདོང་ཡོངས་གནག་ཅིང་བད་ཐོར་གྱིས་བཏུམས། མིག་འབྲས་དམར་ལ་སོ་ཐམས་ཅད་སེར་པོར་ཆགས། ལྕེ་གས་ཤིང་མདོག་ཀྱང་སྐྱ་བོར་གྱུར་པས་ཁ་དྲིས་མི་གསོད་ལ་ཁད་རང་དུ་བྱེད་པར་མ་ཟད། སྔར་ནས་ཡོད་པའི་དྲི་ངན་ཁྱད་པར་བ་དེ་ཡང་སྔར་ལས་ཐུ། མིག་རྒྱང་གང་གི་ས་ནས་ཁོའི་དྲི་ངན་དེ་ཚོར་ཐུབ་ཀྱི་འདུག་ཚུལ་གྲོང་མི་མང་པོའི་ངག་སྒོ་ལས་ཐོན།

ལོ་སྔོན་མའི་དགུན་འབྲིང་སྟེ། བློ་བཟང་ཡར་འཕེལ་འོན་ལྐུགས་སུ་གྱུར་ནས་མི་ལོ་སུམ་ཅུ་སོ་གསུམ་འདས་པའི་དགུན་འབྲིང་གི་ཉིན་དེ་ལ། གཞན་གྱིས་ཁྲིད་པ་ཡིན་ནམ་རང་འགུལ་གྱིས་ཕྱིན་པ་ཡིན་མིན་ཁ་ཚོན་གཅོད་མི་ནུས་ནའང་། གང་ལྟར་ཁོས་ལོ་དེའི་སྟོན་བཤས་སྐབས་སུ་ཐོབ་པའི་དངུལ་དག་ཁྱེར་ཏེ། ཁོ་རང་འོན་ལྐུགས་སུ་གྱུར་རྗེས་ནས་སླེབས་མ་མྱོང་བའི་རྫོང་ཐོག་ཏུ་འབྱོར།

ཁོ་རྫོང་གི་གཞུང་ལམ་གཡས་གཡོན་དུ་ཡོད་པའི་ཟ་ཁང་མང་དག་ཏུ་འཛུལ་ནས་རྒྱ་རག་བཏུང་བར་ཕྱིན། ཡིན་ནའང་། ཁོས་ད་ལྟ་རང་ལ་དངུལ་ཡོད་སྙམ་པ་ཙམ་ལས། དངུལ་གྱི་དབྱེ་བ་འབྱེད་མི་ཤེས་པས། ཁོས་རྒྱ་རག་ཉོ་སྐབས། ཏན་ཏན་ཚོང་པ་བཟའ་ཚོ་དེས་སྣ་ཁུང་བཀག་ཅིང་ཚུར་བཅར་ཏེ་ཁོའི་ལག་ནས་དངུལ་གང་འཚམ་ཞིག་བླངས་ཡོད་ཤས་ཆེ་སྟེ། སྔར་ཀློང་སྨད་གྲོང་ཚོ་རི་ཞབས་ཚང་གི་སྤོ་བོ་བསོད་ནམས་རྫོང་ཐོག་ཏུ་སོང་ནས། ཚོང་ཁང་ཞིག་ནས་གློག་བཞུའི་མེ་རྡོ་ཞིག་ཉོ་རྩིས་བྱས་ཀྱང་རྒྱ་སྐད་མི་ཤེས་སྟབས། ཁོས་མེ་རྡོ་ལག་ཏུ་བཟུང་ཞིང་གཡུག་གཡུག་ཐེངས་འགའ་བྱས་རྗེས་ཚོང་པ་དེར་ཅེར་བས། ཚོང་པ་དེས་བྱང་ཆ་དང་ལྡན་པའི་སྒོ་ནས་གཡས་པའི་སྤར་མོ་བསྒྲེངས་ཏེ་སྤོ་བོ་བསོད་ནམས་ལ་བསྟན།  ཁོས་ཀྱང་གོ་བ་ལོན་པའི་ཚུལ་གྱིས་སྐེད་པར་བཏགས་པའི་རྒྱུ་ཀོ་བ་ལས་གྲུབ་པའི་དངུལ་ཁུག་ནག་ཧྲུལ་ནས་ཚོས་གཞི་སྔོན་པོ་ཡིན་ལ་དེའི་ཐོག་ཏུ་གྲངས་ཀ་ལྔ་པའི་གཟུགས་ཡོད་པ་ཞིག་སྤྲད་རྗེས། མེ་རྡོ་ཆ་གཅིག་དེ་ཁུར་ནས་ཡུལ་དུ་ལོག རྗེས་སུ་སྤོ་བོ་བསོད་ནམས་ཀྱིས་ཚོང་པ་དེས་ཁོར་མགོ་སྐོར་བཏང་བ་ཚོར་ཡང་ཁོས་སྙིང་རྗེ་བསྒོམས་ནས་ཚོང་པ་དེ་ཚེ་ཐར་དུ་བཏང་།

ཉིན་དེའི་ཕྱི་དྲོ་ཙམ་ལ་བློ་བཟང་ཡར་འཕེལ་གྱིས་ཁྱར་ཁྱོར་འགྲོས་ཀྱིས་བོད་གོས་འཚོང་སའི་ཚོང་ཁང་ཞིག་ནས་རང་གི་ཨ་མར་བལ་གོས་ཤིག་དང་རྒྱ་གར་བྱི་རིལ་འགྱིག་ཤོག་ཆུང་ཙམ་གང་ཉོས་ཏེ་རུམ་དུ་བསྡུས། ཚོང་ཁང་གཞན་ཞིག་ནས་རྒྱ་རག་ཤེལ་དམ་གཉིས་ཉོས་ཏེ་ལག་གཉིས་སུ་རེ་རེ་བཟུང་ནས་ཡར་ཡོང་སའི་གྱ་གྱུའི་ལམ་དུ་ཞུགས་ཏེ་གྱ་གྱུའི་འགྲོས་ཀྱིས་ཁྱིམ་དུ་བཏེགས།

ཀློང་སྨད་གྲོང་ཚོའི་མདའ་རུ་ཐོན་དུས། མུན་ཡོངས་སུ་རུབ་ཅིང་ཁ་བའང་འབབ་མགོ་ཚུགས། བློ་བཟང་ཡར་འཕེལ་གྱི་ལག་གི་ཤེལ་དམ་གཉིས་ཀ་སྟོང་པར་གྱུར་ཟིན་ལ། ཁོའང་རྒྱ་རག་གིས་ཤིན་ཏུ་བད་པས། ལམ་གྱི་གཡས་གཡོན་གཉིས་སུ་ཕར་རིལ་ཚུལ་རིལ་གྱིས་མདུན་དུ་བསྐྱོད། གང་འཚམ་ཞིག་ལ་དེ་ལྟར་སོང་རྗེས་སྤོ་ཐོ་ཆེན་པོ་ཞིག་ལ་རྡོག་སྣེ་ཐོགས་ནས་སྡོང་རྒན་བཞིན་སྐད་ཅིག་ཉིད་ལ་སར་འགྱེལ། དེ་ནས་ཁོ་ཡར་གཏན་ནས་ལངས་མ་ཐུབ།

དགོང་མོ་དེར་ཁོས་ཁ་བའི་འདབ་མ་ཉལ་གཟན་བྱས་ཤིང་། ཞིང་ཁ་ཡངས་མོ་བལ་སྟན་བྱས་ཏེ་གཉིད་དུ་ཡུར། །

※ རྫི་རགས། སྨར་ཁམས་ཀྱི་ཡུལ་སྐད། རྗི་བོ་རྣམས་ཀྱིས་རྒྱགས་ཕྱེ་ཟ་སར་རྡོ་དང་སྤོ་ཐོ་སོགས་ལས་བརྩིགས་པའི་རླུང་འགོག་བྱེད་ཀྱི་ལྕགས་རི་དེ་ལ་གོ །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།