ཀྲུང་གོ་བོད་ཀྱི་དྲ་བ།

“ཤག་ཤག”

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​མི་སྐྱ་མགོན་རྒྱལ།   སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       ཁོས་ཤག་ཤག་གི་སྒྲ་དེ་ཐོས་དུས་ནམ་གུང་ཞིག་ཡིན།

ཁོ་རང་མལ་ལས་ལངས་མ་ཐག་མྱུར་དུ་སྒེའུ་ཁུང་ཁར་སོང་སྟེ་ཕྱི་རུ་བལྟས་མོད། དེ་རུ་ཅུང་ཙམ་ལས་མ་འགོར་བར་ཕྱིར་འཁོར་བྱུང་། ཁ་ཕྱིར་འཁོར་མ་ཐག་ཁོའི་སྒལ་གཞུང་དུ་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་བྱུང་ནས་ཤ་འདར་ཞིག་རྒྱག་ཏུ་བཅུག་པས། ཁོའི་མིག་ལ་མལ་ཁྲི་མངོན་བྱུང་ལ་མལ་ཁྲིའི་སྟེང་གི་ཉལ་ཐུལ་ཡང་མངོན་བྱུང་། ཡིན་ཡང་ཁོ་རང་མལ་ལས་ལངས་སྐབས་མལ་ཁྲིའི་སྟེང་དུ་ཉལ་ཐུལ་ཕྱིར་མ་བཀབ་པར་འགྱོད་སྣང་ཕྲན་ཙམ་སྐྱེས། མཐའ་མར་ཁོས་ཕྲག་གདང་ལྷོད་དེ་དལ་མོར་ཚུར་ཡོང་ནས་མལ་ཁྲིའི་སྟེང་དུ་ཁ་སྦུབ་ཏུ་ལོག

ཉིན་རྒྱུན་ལྟར་ན་ཁོ་རང་འདི་ལྟའི་སྔ་མོ་ཞིག་ནས་ལངས་མི་སྲིད་ལ། མལ་ལས་ལངས་མ་ཐག་སྒེའུ་ཁུང་ཁར་ལྷག་ཏུ་འགྲོ་མི་སྲིད། ཉིན་རྒྱུན་ལྟར་ན་ཁོ་རང་གཉིད་ནས་ཆུ་ཚོད་བཅུ་གཅིག་བསླེབ་ལ་ཉེ་དུས། ད་གཟོད་ཡར་ལངས་ཤིང་ཡར་ལངས་མ་ཐག་སྔས་མགོའི་ཁ་པར་བླངས་ནས་སྐད་འཕྲིན་ནང་དུ་མདང་ནུབ་བསྐུར་བའི་སྙན་ངག་དེ་ལ་ཞབས་མཆན་དང་སྙིང་རྟགས་ཅི་ཙམ་བཀོད་ཡོད་མེད་ལ་ལྟ་བར་བྱེད། དེ་ནས་ཞབས་མཆན་དག་ལ་ལན་རེ་རེ་བཞིན་བཏབ་རྗེས། ཡར་ལངས་ནས་ཉལ་ཐུལ་ལྟེབ་པ་དང་ཁ་ངོ་སྟབས་བདེ་ཞིག་བཀྲུ་བར་བྱེད། ཁོ་རང་གིས་ལས་ཀ་དེ་དག་ཚར་ནས་ཆུ་ཚོད་གཅིག་ཙམ་འགོར་རྗེས་ཁོའི་ཨ་མས་ཁོ་རང་གུང་ཇ་འཐུང་དུ་འབོད་ངེས། ཆུ་ཚོད་གཅིག་ཙམ་དེའི་རིང་ལ་ཁོས་སྐབས་རེར་མུ་མཐུད་ནས་དྲ་གྲོགས་ཚོའི་ཞབས་མཆན་ལ་ལན་འདེབས་པའམ་བཀའ་དྲིན་ཞུ་བ། ཡང་ན་ཞབས་མཆན་དུ་ཁོ་ཧྥེ་འདྲེན་པའམ་སྦུ་རག་འདྲེན་པ་སོགས་བྱས་ནས་དུས་འདའ་བ་དང་། ཡང་ལན་རེར་དཔེ་དེབ་རེ་ཕར་སློག་ཚུར་སློག་བྱེད་པའམ་སྤྱི་སྟེགས་སྟེང་གི་རྩོམ་ཐུང་རེ་བཀླགས་པར་བྱེད། ཁོའི་ཨ་མས་གུང་ཇ་འཐུང་དུ་འབོད་དུས་ཁོ་ལ་མཚོན་ན་ནངས་ཇ་ཡང་ཡིན་པས། ཁོས་ནངས་ཇ་དང་གུང་ཇ་གཉིས་དུས་རྒྱུན་ཟས་ཐུན་གཅིག་གིས་ཆོག་པར་བྱེད།

དེ་རིང་ཁོ་རང་སྔ་མོར་ལངས་ནས་སྒེའུ་ཁུང་ཕྱི་རུ་ལྟ་དུས་ནམ་ཟླ་སྔར་བཞིན་སྐྱ་འཚུབ་བེར་འདུག་ལ། མདུན་གྱི་ཐོག་ཁང་དེའི་སྒོ་ནང་དུ་ལག་ཏུ་ཀོ་ཁུག་བཟུང་བའི་སྐྱེས་པ་རེ་འགས་རླངས་འཁོར་བསྐོར་ནས་ཕྱི་རུ་བུད་འགྲོ་ཞིང་། སྐྱེས་མ་རེ་འགས་རྒྱབ་ཏུ་དཔེ་ཁུག་དྲུད་དེ་རྐུབ་མགོར་ལྷུང་ཡོད་པའི་བྱིས་པ་དག་ཁྲིད་ནས་ཕྱི་རུ་འགྲོ་བཞིན་པ་ལས་ཅི་ཡང་མ་མཐོང་བས། ཁོ་རང་ཕྱིར་ཡོང་ནས་གཉིད་པ་ཡིན་མོད། གཉིད་རིམ་བཞིན་བོར་སོང་ལ་ཁོས་ཡིད་ལ་ཡང་བསྐྱར“ཤག་ཤག”གི་སྒྲ་དེ་དྲན་བྱུང་།

“ཤག་ཤག”གི་སྒྲ་དེ་ཁ་སང་དགོང་མོ་ནས་གྲགས་པ་ཡིན་མོད། ཁོས་མདང་ནུབ་མ་གཏོགས་ཐོས་མ་བྱུང་། ཁ་སང་ཉིན་གུང་ཁོའི་ཨ་ཕས་འུ་ཚང་གི་ཁང་པའི་ནང་དུ་མདང་ནུབ“ཤག་ཤག”གི་སྒྲ་ཞིག་གྲགས་བཞིན་པ་ཁྱོད་ཀྱིས་ཐོས་སོང་ངམ་ཞེས་འདྲི་དུས། ཁོས་ཅི་ཡང་མ་ཐོས་ཚུལ་བཤད་རྗེས་མུ་མཐུད་དུ་ནངས་ཇ་འཐུང་བར་བྲེལ་འདུག་པས། ཨ་ཕས་མུ་མཐུད་ནས “མདང་ནུབ་ངས‘ཤག་ཤག’གི་སྒྲ་དེ་ཐོག་མར་གོ་དུས། ཁྱོད་ཡང་ནམ་གུང་དུ་འདྲེ་བཅོས་ནས་གཉིད་མེད་པར་སྤྱོད་ཁང་དུ་སོང་སྟེ་ཆུ་སྒོ་ཕྱིར་གཅུ་རྒྱུ་བརྗེད་སོང་བས། འུ་ཚང་གི་ཆུ་བཞུར་བའི་ཤག་སྒྲ་ཡིན་ནམ་སྙམ་ནས་སྤྱོད་ཁང་དུ་སོང་སྟེ་ལྟ་དུས་དེ་ཡང་མིན་འདུག དེ་ནས་ཅུང་ཙམ་བསྡད་རྗེས་སྒྲ་དེ་ཡང་མེད་སོང་། ཕྱིར་ཡོང་ནས་མལ་དུ་ལོག་དུས། ཡང་བསྐྱར‘ཤག་ཤག’གི་སྒྲ་དེ་གྲགས་ནས་མཚམས་རེར་ཆད་འགྲོ་ཞིང་མཚམས་རེར་གྲགས་འོང་བས་ང་རང་གཉིད་བདེ་བོ་ཞིག་ལོག་ཏུ་མ་བཅུག”ཅེས་བཤད་ཚར་མ་ཐག་ལག་པས་ཁ་འགེབ་བཞིན་གླལ་སྒྱིང་ཞིག་བྱས། ཡིན་ཡང་ཁོས་མུ་མཐུད་དུ་ནངས་ཇ་འཐུང་བ་ལས་ཨ་ཕའི་སྐད་ཆ་དེར་ལན་ཅི་ཡང་མ་བཏབ་པས། ཁོའི་ཨ་ཕས་ཀྱང་མུ་མཐུད་དུ་གུང་ཟས་ཟོས།

མདང་ནུབ་ཁོ་རང་མལ་དུ་ཉལ་དུས་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་རེད། དེ་ནི་ཁོ་ལ་མཚོན་ན་ཆེས་སྔ་མོར་ཉལ་བའི་ཉིན་ཞིག་ཡིན་ངེས། ཁོ་ལ་མཚོན་ན་མུན་པ་སླེབ་མགོ་ཚུགས་པ་ནས་རྣམ་ཤེས་ཇེ་གསལ་དུ་འགྲོ་མགོ་བརྩམས་པས། ཉིན་རྒྱུན་ལྟར་ན། ཁོས་དགོང་མོར་སྙན་ངག་འབྲི་ཞིང་འཛམ་གླིང་གི་གློག་བརྙན་གྲགས་ཅན་རེ་འགར་ལྟ་བ་དང་། མཚམས་རེར་དཔེ་ཆ་གྲགས་ཅན་དང་གློག་བརྙན་གྲགས་ཅན་རེ་སྐད་འཕྲིན་གྲོགས་ཚོམས་སུ་གཞན་ལ་འོས་སྦྱོར་བྱེད་པའམ།“དེ་རིང་འདི་ལ་བལྟས་ཚར།” “སང་ཉིན་འདི་ལ་བལྟ་དགོས” ཞེས་དཔེ་ཆ་མང་པོ་ཞིག་གྲོགས་ཚོམས་སུ་བསྐུར་བར་བྱེད། དྲང་མོར་བཤད་ན་དེ་དག་གི་ནང་དུ་ཁོས་ཀྱང་མིང་མ་གཏོགས་ཐོས་མ་མྱོང་བ་ཡང་འགའ་རེ་ཡོད།

དོ་དགོང་ཁོས་གོའུ་ཁྲེན(顾城)གྱི《མི་རབས་གཅིག》ཅེས་པའི་སྙན་ངག་དེ་ཡང་བསྐྱར་ཀློག་ཞོར་གོའུ་ཁྲེན་གྱིས་རང་གི་ཆུང་མ་བསད་རྗེས་རང་སྲོག་བཅད་པའི་སྐོར་གྱི་གློག་བརྙན་དེ་ལ་བལྟ་བསམས་ནས་ཁ་པར་ལེན་དུས། འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་གིས་བཅར་འོངས་པས་ཉལ་ཐུལ་དུ་འཛུལ་ནས་དེ་ལ་བལྟས་མོད། རིམ་བཞིན་ལུས་ལ་དྲོད་སྣང་གིས་ཁྱབ་པ་དང་མཉམ་དུ་ཁོ་རང་གཉིད་ཀྱི་ཞིང་ཁམས་སུ་བཞུད་སོང་།

གཉིད་ནས་ཅུང་མ་འགོར་བར་ཤག་སྒྲ་དེས་ཁོ་རང་གཉིད་ལས་བསླངས་བྱུང་ལ། རིམ་བཞིན་ཤག་སྒྲ་དེའི་འགྲོས་དང་བསྟུན་ནས་ཁོ་རང་ཕྱིར་གཉིད་དུ་ལོག་སོང་བར་མ་ཟད། རྨི་ལམ་ཞིག་ཀྱང་རྨིས་སོང་།

ཆུ་ཕྲན་ཆུང་ཆུང་ཞིག་ཤག་ཤག་ཏུ་བཞུར་སའི་རྩྭ་ཐང་ཞིག་ཏུ། ཁོ་རང་གན་རྐྱལ་དུ་ལོག་ནས་ནམ་མཁའི་སྤྲིན་པ་ལེབ་མོ་འགའ་ལ་བལྟས་ནས་བསྡད། སྤྲིན་པ་ལེབ་མོ་དེ་དག་ནི་སྐབས་རེར་ཁད་ཀྱིས་ཕྱོགས་གཅིག་ཏུ་ནུར་བཞིན་འདུག་ལ། ཡང་སྐབས་རེར་ཁོ་རང་ལོག་སྡོད་སའི་རྩྭ་ཐང་དེར་འཁོར་ནས་འོང་བཞིན་པའི་ཚོར་སྣང་ཞིག་དང་བཅས་ཁོ་རང་སད་པར་བྱས། སད་དུས་ད་དུང་ཡང“ཤག་ཤག”གི་སྒྲ་དེ་གྲག་བཞིན་འདུག་པས། ཁོས་ཡང་བསྐྱར་ཤག་སྒྲ་དེ་ལ་ཉན་ཞོར་གཉིད་ཀྱི་ཞིང་ཁམས་སུ་བཞུད་སོང་བར་མ་ཟད། ཁོ་ཡི་སྣང་ངོ་ཞིག་ལ་ཕྱི་རོལ་ཏུ་ཆར་བ་ཤག་ཤག་འབབ་བཞིན་འདུག་པས། སང་ཉིན་སྔ་མོར་ལངས་ནས། ལུས་རྩལ་ར་བར་སོང་ན་མཁའ་དབུགས་དྭངས་ཤིང་བརླན་གཤེར་ལྡན་བསམ་ཞོར་སྔ་མོ་ནས་ལངས་པ་ཡིན་མོད། དེ་དག་ཡོད་ཚད་ནི“ཤག་ཤག”གི་སྒྲ་དེས་ཁོ་ལ་བྱིན་པའི་སྟོང་སྣང་འབའ་ཞིག་ཡིན་འདུག་པས། ཁོ་རང་ཕྱིར་ཡོང་ནས་མལ་ཁྲིའི་སྟེང་དུ་ལོག་པ་རེད།

མལ་ཁྲིའི་སྟེང་དུ་ལོག་ནས་མདང་ནུབ་ཀྱི་རྨི་ལམ་ལྟ་བུའི“ཤག་ཤག”གི་སྒྲ་དེ་ལ་ཡང་བསྐྱར་འདང་རྒྱག་དུས། ཁོ་ལ་ཡང་བསྐྱར་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་གིས་བཅུམ་ཡོང་བས་ཉལ་ཐུལ་ནང་དུ་འཛུལ་ནས་འདང་རྒྱག་གི་མགོ་བརྩམས་སོང་།

ཁ་སང་ཨ་ཕས“ཤག་ཤག”གི་སྒྲ་ཞིག་གྲགས་ནས་ཁོ་རང་གཉིད་བདེ་མོ་ཞིག་ལ་རོལ་ཏུ་མ་བཅུག་ཟེར་མོད། ཁོས་ཅི་ཡང་ཐོས་མ་བྱུང་། དོ་དགོང་ཁོས་ཀྱང“ཤག་ཤག”གི་སྒྲ་དེ་ཐོས་སོང་བས་ཨ་ཕ་གཉིད་བདེ་མོ་ཞིག་གཏན་ནས་ལོག་མེད་ངེས་སྙམ་ཞོར་ཁ་པར་ལེན་བསམ་དུས།

“ནོར་འཕེལ། ཁྱོད་ཡར་ལོངས་དང་། ”ཞེས་ཨ་ཕས་ཕྱི་ནས་བོས་བྱུང་བས། ཁོ་རང་ཡར་ལངས་ནས་སོང་བ་ན། “མདང་ནུབ་ཁྱོད་ཀྱིས་ཤག་ཤག་གི་སྒྲ་དེ་ཐོས་ཨེ་བྱུང” ཟེར།

“འུན། ཐོས་སོང་། ངས་ད་དུང་ཕྱི་རུ་ཆར་བ་འབབ་བཞིན་འདུག་བསམས།”

“མདང་ནུབ་ངས་ཞིབ་ཏུ་མཉན་པ་ན། དེ་འུ་ཚང་གི་དྲོད་རླངས་ནང་དུ་གྲག་བཞིན་འདུག ད་དུང་ཁྱིམ་ཡང་ཇེ་འཁྱག་ཏུ་འགྲོ་བཞིན་འདུག་པས། དྲོད་རླངས་འདི་ལ་སྐྱོན་ཞིག་བྱུང་ཡོད་པ་ཁོ་ཐག་རེད།”

“དེ་འདྲ་ཡིན་དུས་རྒྱ་མི་དེ་ལ་ཁ་པར་ཞིག་བཏང་ན་ཞིག་གསོ་བྱེད་དུ་ཡོང་ངེས་རེད། ”ཅེས་ཁོ་ཚང་གི་གློག་ལམ་སོགས་ལ་སྐྱོན་བྱུང་སྐབས་འབོད་ལོབས་སུ་གྱུར་ཡོད་པའི་རྒྱ་མི་དེ་ལ་ཁ་པར་བཏང་མོད། རྒྱ་མི་དེས་ཁ་པར་བླངས་མ་སོང་བས། མུ་མཐུད་ནས “རྒྱ་དེས་ཁ་པར་མི་ལེན་གི། ངས་ཅུང་ཙམ་ནས་ཁོ་ལ་ཡང་བསྐྱར་ཁ་པར་གཏོང་། ད་དུང་ཡར་ལངས་མེད་ཀྱང་སྲིད ”ཅེས་ཕྱིར་ཁོའི་མལ་ཁང་དུ་ལོག་སོང་བས། ཁོའི་ཨ་ཕ་དེ་རུ་ཅུང་ཙམ་བསྡད་མོད། འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་གིས་བཅུམ་འོངས་པས། ཁོ་རང་དེ་རུ་སྡོད་མ་ཚུགས་པར་ཕྱི་རུ་བུད་སོང་། ཁོ་རང་ཐོག་ཁང་ལས་སྒོའི་ཕྱི་རུ་འབུད་སྐབས་མི་གཉིས་ཀྱིས་དེ་རུ་རྒྱ་ཡིག་གི་བརྡ་སྦྱོར་སྟེང་དུ་ཐམ་ཀ་དམར་པོ་ཅན་ཞིག་སྦྱོར་བཞིན་པ་མཐོང་སོང་བས། ཁོས་བརྡ་སྦྱོར་དེ་པར་ཞིག་བླངས་རྗེས་ཕྱིར་ཁྱིམ་དུ་ལོག་ནས་བུ་ཆུང་ལ་བསྟན་པ་ན། བུས་ཅུང་ཙམ་ལ་བལྟས་རྗེས“བརྡ་སྦྱོར་འདིའི་ནང་དུ། གནམ་གཤིས་ཇེ་འཁྱག་ཏུ་འགྲོ་བཞིན་པའི་ཉིན་འདི་དག་གི་རིང་ལ་ཁྱིམ་ཚང་ཁ་ཤས་ཀྱིས་དགོང་མོར་དྲོད་རླངས་ནང་གི་ཆུ་ཚན་བླངས་ཏེ། གྱོན་པ་སོགས་བཀྲུས་པས་དྲོད་རླངས་ནང་གི་ཆུ་ཇེ་ཉུང་དུ་སོང་བ་དང་། དེ་ལས‘ཤག་ཤག’གི་སྒྲ་གྲགས་པར་མ་ཟད་དྲོད་ཚད་ཀྱང་ཇེ་དམའ་རུ་སོང་ནས་ཁྱིམ་ཚང་དག་གི་ངལ་གསོ་ལ་བར་ཆད་བཟོས། རྗེས་སུ་དེ་འདྲ་བྱེད་མཁན་ཡོད་ཚེ་སྒོར་ལྔ་བརྒྱའི་ཆད་པ་གཅོད་ངེས་ཞེས་བྲིས་འདུག”ཅེས་བཤད་མ་ཐག ཁོའི་ཨ་ཕས “མི་དེ་དག་དངོས་གནས་གྲིམ་པོ་བྱེད་པར་ཅི་འདྲའི་དགའ་ཨང”ཞེས་བཤད་ཞོར་ཁོའི་ཉལ་ཁང་ལས་ཕྱི་རུ་བུད་སོང་བས། ཁོ་རང་མལ་ཐུལ་དུ་འཛུལ་ནས་དོ་དགོང་ཡང་བསྐྱར་ཤག་ཤག་གི་སྒྲ་ཐོས་ཐུབ་བམ། ཡང་ན་མི་དེ་དག་གི་མུ་མཐུད་དུ་གྲིམ་པོ་བྱེད་སྲིད་དམ་སོགས་ལ་འདང་རྒྱག་ཞོར་གཉིད་ཀྱི་ཞིང་ཁམས་སུ་བཞུད་སོང་།

ཁོའི་ཨ་ཕ་ནེམ་ཁྲིའི་སྟེང་དུ་མ་ཎི་འདོན་ཞོར་ཅུང་ཙམ་ལ་བསྡད་མོད། འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་གིས་བཅུམ་འོངས་པས། ཉལ་ཐུལ་ཞིག་གོན་ཏེ་གླལ་སྒྱིང་བྱེད་ཀྱིན་འདུག ཡིན་ཡང་ཅུང་མ་འགོར་བར་ཁོའི་ཨ་ཕས་ཀྱང་སྔུར་བ་ཡང་མོ་རེ་འཐེན་མགོ་བརྩམས། །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།