ཀྲུང་གོ་བོད་ཀྱི་དྲ་བ།

​ཨ་ཡེ་བཟང་མོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བྱ་གཞུང་སྐལ་ལོ།   སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་རིང་ཕྱི་དྲོ་ཡང་ཨ་ཡེ་བཟང་མོAགྲོང་ཁྱེར་ཆེན་མོའི་སློབ་ཆུང་དེའི་སྒོ་འགྲམ་ན་དྲོད་མེད་པའི་ཉི་མར་ལྡེ་བཞིན་སུ་ཞིག་ལ་ངང་སྒུག་བྱེད་པ་དང་མཚུངས། མོ་རང་ཕ་ཡུལ་ནསAགྲོང་ཁྱེར་ཆེན་མོར་འོངས་ཏེ་ཕལ་ཆེར་ཟླ་གཅིག་འགོར་སོང་། ཡིན་ནའང་མོའི་སེམས་སུ་ལོ་གཅིག་འགོར་སོང་བ་ལྟ་བུའི་སྣང་བ་སྐྱེས་བཞིན་ཡོད།

དང་ཐོག་མོAགྲོང་ཁྱེར་ཆེན་མོའི་སློབ་ཆུང་འདིའི་སྒོ་ཁར་ཡར་འགྲོ་མར་འོངས་ཀྱི་མི་རྣམས་ལ་འཕྲད་དུས། མྱུར་དུ་ཡར་ལངས་ནས་ཁམས་བདེ་འཚམས་འདྲི་བྱེད་པའམ་ཡང་ན་ངོ་ཤེས་ཤིག་བསྒྲིག་བསམ་ཡང་། ཁོ་ཚོས་མོའི་རྣམ་འགྱུར་དེར་གཡོལ་ཅི་ཐུབ་བྱེད་པའམ་མགོ་བོ་ནང་དུ་རྡེབ་ཙམ་བྱེད་པ་ལས་མོའི་ཉེ་སར་བཏུད་མཁན་གཅིག་ཀྱང་མ་བྱུང་། མོས་ཀྱང་རང་ཉིད་ཀྱིས་བཤད་འདོད་པའི་སྐད་ཆ་མང་པོ་ཞིག་དེ་མུར་ཁོག་ཏུ་མིད་དགོས་བྱུང་།

ཨ་ཡེ་བཟང་མོའི་སེམས་སུ་གྲོང་ཁྱེར་འདིའི་མི་རྣམས་ལ་ཁ་བརྡ་བྱེད་པའི་དུས་ཚོད་མེད་ནའང་། འཛུམ་མདངས་ཤིག་བསྟན་ན་འགྲིག་སྙམ། ཡིན་ཡང་མི་མང་པོ་ཞིག་གིས་མོའི་འཛུམ་མདངས་མཐོང་འོངས་དུས། མོ་ནི་ཅུང་གླེན་ཞད་འདྲེས་མའི་ཨ་ཡེ་ཧོན་ལོག་མ་ཞིག་རེད་སྙམ་ནས་རྒྱང་བསྐོར་ནས་སོང་བ་དེས་ཨ་ཡེ་བཟང་མོར་རང་དབང་མེད་པར་གྲང་འདར་ཞིག་རྒྱག་འོངས་པ་དང་། མོས་ཐེངས་མང་པོར་སེམས་ཐག་བཅད་ནས་ཕ་ཡུལ་དུ་ལོག་འདོད་ཀྱང་ཚ་བོའི་དོན་དུ་སྡུག་འདི་འདྲ་ཞིག་ཅིས་ཀྱང་ཐེག་དགོས་སྙམ་ནས་ཤུ་རེས་བྱེད་དགོས་བྱུང་།

ཅུང་མ་འགོར་བར་སློབ་གྲྭ་གྲོལ་བའི་རྒྱ་སྐད་ཀྱི་རོལ་དབྱངས་འགྱུར་བ་མེད་པ་དེ་ལྷང་ལྷང་ངང་གྲགས་བྱུང་། ཨ་ཡེ་བཟང་མོ་ད་གཟོད་ལག་རྟེན་ལ་འཁེན་ནས་ཡར་ལངས་པ་དང་སློབ་གྲྭའི་སྒོ་ཆེན་གྱི་ཁྱིམ་བདག་མང་པོའི་གསེང་དུ་འཚངས་ཞོར་མིག་ཧྲིག་ཧྲིག་གིས་ཚ་བོ་སླེབས་པར་རེ་སྒུག་བྱས།

“ནའེ་ནའེ།  ནའེ་ནའེ།”སྐབས་དེར་ཚ་བོ་རིན་ཆེན་གྱིས་ཆུ་ཀློང་ལྟར་བརྡོལ་བའི་སློབ་མ་ཚོའི་གྲལ་ནས་རྒྱ་སྐད་ཀྱིས་དེ་ལྟར་འབོད་བཞིན་ཚུར་རྒྱུགས་ནས་ཐོན་བྱུང་།  སྐབས་དེར་ཨ་ཡེ་བཟང་མོས་རང་ཉིད་ཀྱི་མིང་ལ“ནའེ་ནའེ”ཞེས་མི་ཟེར་ཡང་ཚ་བོས་རྒྱུན་དུ་ཁོ་མོ་མཐོང་ཚེ་མིང་དེ་མ་གཏོགས་འབོད་མི་ཤེས་པས། རང་ཉིད་ཀྱི་མིང་གཞན་ལ“ནའེ་ནའེ།”ཞེས་འབོད་དགོས་སྙམ།

དྲང་མོར་བཤད་ན “ནའེ་ནའེ”ཞེས་པ་དེ་ཡང་རང་ཉིད་ཀྱི་མིང་ཁོ་ན་ཞིག་ག་ལ་ཡིན། བྱིས་པ་གཞན་དག་གིས་ཀྱང་ཁོ་ཚོའི་ཨ་ཡེ་ལོ་ལོན་རྣམས་ལ་དེ་ལྟར་འབོད་བཞིན་ཡོད་པས།   སྐབས་རེར། མོ“ནའེ་ནའེ”ཞེས་པའི་མིང་འདི་ལའང་དོགས་པ་དང་ཐེ་ཚོམ་ཟ་བཞིན་ཡོད། མོའི་སེམས་སུ་ད་སྐབས་ཚ་བོས་རང་ཉིད་ཀྱི་མིང་གསལ་བོ་ཞིག་འབོད་མི་ཤེས་ནའང་། ཁོ་རང་ནར་སོན་ན་རང་གི་མིང་ངོ་མས་འཛིན་ཐུབ་སྙམ་ནས་རང་གིས་རང་ལ་སེམས་གསོ་བྱས།

དེ་ནས་མོས་ཚ་བོ་རིན་ཆེན་ཁྲིད་ནས་ཁྱིམ་དུ་ལོག་རྩིས་བྱས། ཡིན་ནའང་། ཚ་བོས་མོའི་ལག་མགོ་ནས་བཟུང་སྟེ་སློབ་གྲྭའི་སྒོ་འགྲམ་གྱི་ཚོང་ཁང་དུ་དྲུད་པས། མོ་ཡང་བྱ་ཐབས་ཟད་དེ་ཚོང་ཁང་དུ་སོང་ནས་ཁ་ཚ་སྐྱུར་ལེབ་འགྱིག་ཁུག་གཅིག་ཉོས་ནས་ལག་ཏུ་བཞག་པ་ན། ཚ་བོས་ད་གཟོད་དགའ་སྤྲོའི་ངང“ཞེ་ཞེ་ནའེ་ནའེ”ཞེས་ཡང་བསྐྱར་རྒྱ་སྐད་ཅིག་བཤད་པས།  མོས“པྲ་ཚགས་འདི་ད།”ཞེས་ཁོའི་མགོ་ལ་ཐལ་ལྕགས་ཡང་མོ་ཞིག་གཞུས་པས། ཚ་བོ་རིན་ཆེན་གྱིས་མགོ་བོ་སྨད་ཞོར་སྔུན་ལ་རྒྱུགས་ནས་བྲོས་སོང་།

སྐབས་དེར་མོས་ཚ་བོ་བོར་འགྲོ་བར་དོགས་ནས“ཞི་ལི། ཞི་ལི”ཞེས་གོམ་པ་འཁྱར་འཁྱོར་གྱིས་ཁོའི་རྗེས་བསྙེག་དགོས་བྱུང་།

ཉིན་འགའི་ཡར་སྔོན་དུ་མོས་ཁྱིམ་བདག་གཞན་པའི་ཁ་ནས་གོ་བ་ཡིན་ན་ཁོ་ཚོའི་སློབ་མ་ཞིག་ཀྱང་སློབ་གྲྭ་གྲོལ་རྗེས་རྒྱ་སྲང་ནས་གར་སོང་ཆ་མེད་དུ་གྱུར་བས། ཉེན་རྟོག་པས་དུས་ཡུན་རིང་བོ་ཞིག་ལ་གྲོང་ཁྱེར་འདིར་ས་ཉུལ་རྡོ་ཉུལ་བྱས་ནས་བཙལ་ཡང་ད་རུང་མ་རྙེད་ཟེར། གྲོང་ཁྱེར་དུ་མི་མང་པོ་ཞིག་གིས་དེ་ལ་བྱིས་རྐུན་ཞེས་འབོད་ཀྱིན་ཡོད།

ཨ་ཡེ་བཟང་མོས་གནས་ཚུལ་དེ་ཐོས་རྗེས། “ཨ་ཡ་མཚན། མཚམས་ལན་རེར་ཕ་ཡུལ་དུ་མི་ལྡོམ་རེ་འགས་ཟོག་རྐུན་བྱེད་པ་གོ་མྱོང་ཡང་། ད་རག་བར་མི་རྐུན་ཟེར་བ་ཞིག་གོ་མ་མྱོང་། ཐན་ལྟས་འདི། ” ཞེས་ཡ་མཚན་པའི་བཟོ་ལྟ་མངོན།  གནས་ཚུལ་དེས་རྐྱེན་བྱས་མོའི་བུ་ཁོན་ཐར་དང་མནའ་མ་ཚེ་སྒྲོན་གཉིས་ཀྱིས་ཀྱང་རྒྱུན་དུ་ཨ་ཡེ་བཟང་མོར་རིན་ཆེན་སློབ་གྲྭ་ནས་ཡར་སྐྱེལ་མར་ལེན་སྐབས་གཟབ་གཟབ་བྱེད་པར་ནན་སྐུལ་བྱས་པས། དོན་དག་དེས་ཨ་ཡེ་བཟང་མོར་ཡང་སྔར་མེད་པའི་གནོན་ཤུགས་ཆེན་པོ་ཞིག་སྤྲད་སོང་། 

མོའི་སེམས་ལ་གལ་ཏེ་ཚ་བོ་རིན་ཆེན་ཡང་བྱིས་རྐུན་དེ་དག་གི་ལག་ཏུ་ཤོར་བ་ཡིན་ན། ཁོན་ཐར་དང་ཚེ་སྒྲོན་གཉིས་ཀྱིས་མོ་རང་གཏན་ནས་གུ་ཡངས་སུ་གཏོང་མི་སྲིད་ལ། མོ་ཡང་འཇིག་རྟེན་འདིར་གཏན་ནས་གནས་ཐབས་མེད་པར་འདོད། འོན་གྱང་། བུ་ཁོན་ཐར་དང་མནའ་མ་ཚེ་སྒྲོན་གཉིས་མིན་རྒྱུ་ན་རང་ཉིད་ལའང་སེམས་ཚེགས་འདི་འདྲ་ཞིག་ཡོད་མི་སྲིད་སྙམ་ནས་ལེ་བདའ་བྱེད་དུས་ཀྱང་ཡོད། ཡང་གཅིག་བཤད་ན། མནའ་མ་ཚེ་སྒྲོན་ཡང་རང་ཉིད་ལ་ཤ་མི་ཚ་བ་དང་མིག་ནང་དུའང་མི་འཇོག་པས། གྲོང་ཁྱེར་དུ་བསྡད་པའི་རིང་ལ་སེམས་ཁམས་སྐྱིད་པོ་ཞིག་འོང་གིན་མེད།

འདི་ལྟར་ཨ་ཡེ་བཟང་མོས་ཚ་བོ་རིན་ཆེན་མིག་གིས་འཚོས་ཤིང་སེམས་ནས་མ་བོར་བར་ཉིན་གཅིག་གི་འགན་ཁུར་ཡོངས་སུ་འགྲུབ་ཏེ་གཞིས་ཁུལ་གྱི་སྒོ་ཁར་ཐོན་པ་ན། ཚ་བོ་རིན་ཆེན་གྱིས་མོ་བསྐྱུར་ནས་བྱ་འཕུར་བ་ལྟར་ཁྱིམ་དུ་བརྒྱུགས་སོང། ད་ཐེངས་མོས་ཁོར་ཁ་ཡ་མ་བྱས་པར་གཞིས་ཁུལ་གྱི་སྒོ་འགྲམ་དུ་བཙོག་རྗེས་ལུས་སྟེང་གི་ཁུར་བོ་ཆེན་པོ་ཞིག་ཐང་དུ་ཕོག་སོང་བ་བཞིན་རེ་ཞིག་སེམས་ཁམས་ཀྱང་བདེ་ལ་ནས་ངལ་གསོ་དགོས་བྱུང་།

“ཨ་ཡེ་བཟང་མོ། ད་ཁྱོད་སྒོ་ནས་འཁྱག་རྒྱུ་རེད། ཁྱིམ་དུ་སོང་ཡ།”  སྐབས་དེར་སྒོ་སྲུང་སྐལ་བཟང་གིས་ཁོའི་ལུས་པོ་ལས་མི་ཤོངས་པའི་ཁང་མིག་གྲུ་བཞི་ལས་དེ་སྐད་བོས་བྱུང་བས། ཨ་ཡེ་བཟང་མོས་ད་གཟོད་སྐལ་བཟང་ཡིན་པ་ཤེས་ནས“ཡ་ཡ། ད་ང་འགྲོ་རྒྱུ། ད་ང་འགྲོ་རྒྱུ།” ཞེས་བཅོས་མིན་གྱི་འཛུམ་མདངས་ཤིག་སྟོན་བཞིན་སྐལ་བཟང་གི་ཕྱོགས་སུ་འཁོར།

སྒོ་སྲུང་སྐལ་བཟང་ནི་ལོ་བཞི་བཅུ་ལྷག་ལ་བུད་པའི་གཞིས་ཁུལ་འདིའི་བོད་རིགས་སྒོ་སྲུང་བ་ཞིག་ཡིན་ལ། ཨ་ཡེ་བཟང་མོ་གྲོང་ཁྱེར་འདིར་འབྱོར་དུས་ཆེས་ཐོག་མའི་ངོ་ཤེས་ཀྱང་སྐལ་བཟང་ཁོ་ན་ཡིན།

མོའི་སེམས་སུ་སྒོ་སྲུང་སྐལ་བཟང་ནི་གཞིས་ཁུལ་འདིའི་ཉེན་རྟོག་པ་ཞིག་དང་འདྲ་བར་དུས་རྒྱུན་མི་ཆ་མེད་དང་རླངས་འཁོར་གཞན་པ་རྣམས་གང་འདོད་ལྟར་ནང་དུ་འགྲོ་རུ་མི་འཇུག་པས།  ཁོ་ནི་སྤྱིར་བཏང་གི་མི་ཞིག་མ་ཡིན་པར་བྱིས་རྐུན་དེ་དག་ལ་ལྟ་རྟོགས་བྱེད་པའི་སྒོ་སྲུང་བ་ངར་བ་ཞིག་ཀྱང་རེད་སྙམ།

ཡང་ལན་རེར་སྐལ་བཟང་གིས་ཨ་ཡེ་བཟང་མོར་ཆུང་དུས་རང་ཉིད་དྭ་ཕྲུག་ཏུ་ཅི་ལྟར་གྱུར་བ་དང་། འཚོ་བ་ངན་ངོན་རོལ་བའི་གནས་ཚུལ་རྣམས་ལབ་འོངས་དུས། ཨ་ཡེ་བཟང་མོའི་མིག་མཐར་ཡང་རང་དབང་མེད་པར་མཆི་མ་འཁོར་དུ་འཇུག་སྲིད་ལ།  མོས་ཀྱང་ཁོན་ཐར་དང་ཚེ་སྒྲོན་གཉིས་ཁྱིམ་ན་མེད་སྐབས་དང་བསྟུན་ནས་ཁ་རོག་གེར་ཟ་མ་ཞིམ་པོ་རེ་འཁྱེར་ནས་སྐལ་བཟང་ལ་བྱིན་པས། སྐལ་བཟང་གི་སེམས་སུའང་གཞིས་ཁུལ་འདིའི་ནང་དུ་མོ་ལྟ་བུའི་ཨ་ཡེ་བཟང་མོ་ཞིག་ལ་འཕྲད་པ་ནི་རང་ཉིད་ཀྱི་བསོད་ནམས་རེད་སྙམ།

ད་ནི་ས་ཡང་རུང་རུབ་ལ་ཉེ་བས། ཨ་ཡེ་བཟང་མོ་ཡར་ལངས་ནས་ལག་རྟེན་ལ་འཁེལ་ཞོར་གཞིས་ཁུལ་གྱི་ཁང་བརྩེགས་སྡེ་ཚན་དང་པོའི་སྐས་རིམ་གཉིས་པར་ཐོན་དུས་ཧ་ཅང་ཐང་ཆད་ནས་ཡང་བསྐྱར་ངལ་གསོ་ཐེངས་ཤིག་བྱེད་དགོས་བྱུང་། སྔོན་ཆད། གྲོང་ཁྱེར་འདིར་མ་ཡོང་གོང་བརྙན་འཕྲིན་ནང་མ་གཏོགས་མོ་རང་ཁང་བརྩེགས་འདི་འདྲའི་ཆེན་པོ་ཞིག་ཏུ་བསྡད་མྱོང་མེད།

དེ་དུས་མོའི་སེམས་ལ་ཁོན་ཐར་གྱིས་གྲོང་ཁྱེར་དུ་ཁང་བ་ཉོས་རྗེས་མོ་ཡང་དེའི་ནང་དུ་སྐྱིད་པོ་བྱས་ནས་བསྡད་ཆོག་པར་འདོད་མོད། ད་ཐེངས་མོ་དངོས་སུ་གྲོང་ཁྱེར་དུ་འོངས་ནས་འདུག་དུས་སྔར་གྱི་ཚོར་སྣང་སྐྱིད་པོ་གར་སོང་ཆ་མེད་དུ་ཡལ་སོང་།

ནམ་རྒྱུན། མོ་ཁང་བརྩེགས་འདིའི་བར་སྐེད་ཅིག་ལ་ཐོན་དུས་དབུགས་འཚང་ནས་མགོ་ཡོམ་འཁོར་བ་དང་མོའི་སྣང་ངོར་ཐོན་མི་སྲིད་པའི་རི་བོ་མཐོན་པ་ཞིག་ལ་འགོ་བ་བཞིན་ངལ་ཞིང་དུབ་པར་གྱུར། ཡིན་ནའང་། མོས་སྔར་བཞིན་ཨམ་གཙིགས་བསྡམས་ནས་ལག་རྟེན་ལ་འཁེན་ཏེ་རྡོ་སྐས་རེ་རེ་རྐང་འོག་ཏུ་བརྫི་བཞིན་གོག་མ་ནུར་གྱིས་ཡར་འགོ་དགོས་བྱུང་། དེ་ལྟར། མོ་ཁོ་ཚང་གི་སྒོ་རྩར་སླེབས་དུས་ཕལ་ཆེར་སྒོ་བརྡུང་བའི་ཤེད་ཤུགས་ཀྱང་གཞི་ནས་ཉམས་ཚར་བ་ཡིན། “ཐག་ཐག་ཐག”མོས་ལག་རྟེན་གྱི་རྔ་ཞབས་སྒོ་རྩར་གཏད་ནས་ཐེངས་འགར་བརྡུངས་པ་ན། “ནའེ་ནའེ།”ཚ་བོ་རིན་ཆེན་གྱིས་སླར་ཡང་མོས་མིང་ནས་འབོད་བཞིན་སྒོ་ཕྱེ་བྱུང་།

“ངས་ཁྱོད་ལ་རྒྱུན་དུ་ཞོར་ཟས་མ་ཉོ་ཞེས་ཐེངས་མང་པོར་བཤད་མྱོང་། གལ་ཏེ་རིན་ཆེན་གྱི་ཁོག་པ་མ་བདེ་ན་ཁྱོས་ཁོ་སྨན་ཁང་དུ་སྟོན་ཐུབ་བམ།”སྐབས་དེར་ཚེ་སྒྲོན་གྱི་ངོ་མདངས་དམར་པོར་གྱུར་ཞིང་། འབོལ་ཁྲིའི་སྟེང་གཡས་ལོག་ཅིག་བྱས་ནས་དེ་ལྟར་བཤད།

“འོན་ཀྱང་། རིན་ཆེན་གྱིས་་་་”

“ད་ཆོག་གི ང་ཁྱོད་སུན་གི ཡང་ཁྱོས་ངའི་ཞི་ལིའི་མགོར་སྐྱོན་འཛུགས་རྒྱུ་ཡིན་ནམ། ཧིན” ཚེ་སྒྲོན་གྱིས་ཨ་ཡེ་བཟང་མོའི་བཤད་མཚམས་བཅད་ནས་ཁོང་ཁྲོའི་ངང་ཡར་ལངས་པ་དང་། མིག་ལོག་གིས་ཐེངས་ཤིག་བལྟས་རྗེས་མལ་ཁང་དུ་འཛུལ་ནས་སྒོ་ཁྲོག་སེ་བརྒྱབ་པས། ཨ་ཡེ་བཟང་མོ་ཡང་རེ་ཞིག་སྐྲག་ཐག་ཆོད་ནས་དགུན་གྱི་ཁུ་བྱུག་ལྟར་འདུག་དགོས་བྱུང་།

དྲང་མོར་བཤད་ན། མནའ་མ་ཚེ་སྒྲོན་ཡང་ཨ་ཡེ་བཟང་མོ་མ་གཏོགས། གཞིས་ཁུལ་འདིའི་མི་གཞན་དག་ལ་འཕྲད་དུས། ནམ་རྒྱུན་གུས་གུས་ཞུམ་ཞུམ་དང་ཁ་ཡག་ཚིག་བཟང་བཤད་མཁན་ཞིག་ཡིན་མོད། ནམ་རྒྱུན་ཁྱིམ་དུ་ཡོད་དུས་འདྲེ་ཡིས་བཟུང་བ་ལྟར་རང་གཤིས་བཙན་པོ་ཐོག་འདྲ་བ་ཞིག་ཏུ་འགྱུར་འགྲོ་བས། ཨ་ཡེ་བཟང་མོ་ཕར་ཞོག ཐ་ན་ཁོན་ཐར་གྱིས་ཀྱང་དུས་རྒྱན་དུ་མོའི་བཀའ་གསུང་ཐམས་ཅད་ལེགས་པོར་བརྩིས་ནས་གཏན་ནས་ཁ་སློང་ཕོད་ཀྱིན་མེད།

མནའ་མ་ཚེ་སྒྲོན་གྱིས་རྒྱུན་དུ་འདི་ལྟར་གཤེ་གཤེ་བཏང་འོང་དུས། ཨ་ཡེ་བཟང་མོས་སེམས་ནས་མ་བཟོད་པར་ཤེད་ཤུགས་དང་གནས་ལུགས་ལྡན་པའི་སྐད་ཆ་གཟུ་མོ་ཞིག་བཤད་བསམ་ཡང་མོས་གཏན་ནས་ཁ་རུ་འབྱིན་མ་ཐུབ། ལྷག་པར་དུ་ཉིན་འདི་འགའི་ནང་བུ་ཁོན་ཐར་ཡང་གཞུང་དོན་དུ་ཆེད་དུ་ས་ཆ་གཞན་པར་སོང་ནས་ཕྱིར་ཐོན་མེད་པས། ཁྱིམ་ཚང་འདིའི་རྒྱལ་བོ་སྔར་བཞིན་ཚེ་སྒྲོན་ཡིན་པ་སྨོས་མ་དགོས། དེ་ནས། ཨ་ཡེ་བཟང་མོ་ཡང་དལ་བ་དལ་བུར་སེམས་ཆུང་ངང་འབོལ་ཁྲིའི་སྟེང་བསྡད་པ་དང་། ད་ཅི་ཚ་བོ་རིན་ཆེན་ཚོང་ཁང་དུ་ཁྲིད་པར་འགྱོད་པ་གཏིང་ནས་སྐྱེས།

མནའ་མ་ཚེ་སྒྲོན་དང་བུ་ཁོན་ཐར་གཉིས་གཟའ་མཇུག་མ་གཏོགས། དུས་རྒྱུན་དུ་ལས་ཚོགས་སུ་ཞུགས་ནས་རིན་ཆེན་སློབ་གྲྭར་སྐྱེལ་བར་ཁོམ་པ་མེད་སོང་བ་མ་གཏོགས། ཨ་ཡེ་བཟང་མོ་ཡང་གྲོང་ཁྱེར་འདིར་གཏན་ནས་འབོད་མི་སྲིད་ལ། མོས་ཀྱང་བརྙས་བཅོས་འདི་འདྲ་ཞིག་གཏན་ནས་མྱངས་དགོས་དོན་ཅི་ཡོད།

དེ་སྔོན། ཚེ་སྒྲོན་དང་ཁོན་ཐར་གཉིས་ཀྱིས་ཀྱང་གྲོང་ཁྱེར་འདིར་ཁྱིམ་གཡོག་མ་ཞིག་བཙལ་བསམ་ནས་ཁ་པར་གཏོང་དུས། ཟླ་གཅིག་ལ་སྒོར་སྟོང་བདུན་ནས་བརྒྱད་ཀྱི་གླ་ཡོན་དགོས་ཟེར་བས། སྐད་ཆ་དེས་ཁོ་གཉིས་ཀྱང་གྲགས་མེད་འགུལ་མེད་དུ་བཏང་བ་དང་། མཇུག་མཐར་ཐབས་ཟད་དེ་ད་གཟོད་ཨ་ཡེ་བཟང་མོ་གྲོང་ཁྱེར་འབོད་དགོས་བྱུང་།

དུས་ཡུན་ཟླ་གཅིག་གི་རིང་། ཚེ་སྒྲོན་དང་ཁོན་ཐར་གཉིས་ལས་ཚོགས་སུ་སོང་རྗེས། ཨ་ཡེ་བཟང་མོས་ཚེ་སྒྲོན་གྱི་བཀའ་བཀོད་བཞིན་ཤུལ་དུ་ཚ་བོ་རིན་ཆེན་ལ་ལྭ་བ་གྱོན་པ་དང་། ཁ་ལག་བཀྲུ་བ། ནངས་ཇ་ལྡུད་པ་སོགས་ལས་ཀ་མ་པོ་ཞིག་རང་ཉིད་ཀྱི་མགོར་ལོག་ནའང་མུ་མཐུད་དུ་རྒྱུན་བསྐྱངས་ནས་འོངས་པ་རེད། མོས་གཅིག་ནས་ཁྱིམ་ཚང་འདིའི་བཀོད་སྒྲིག་མཐའ་དག་ལ་ཉན་དགོས་པ་དང་། གཉིས་ནས་གྲོང་ཁྱེར་གྱི་ཁྱིམ་གཡོག་མ་དེ་ཚོ་ནང་བཞིན་གླ་ཡོན་སོགས་སྐར་གང་ཡང་ལེན་བཞིན་མེད་མོད། མནའ་མ་ཚེ་སྒྲོན་གྱི་འདོད་པ་བསྐང་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན།

དོ་དགོང་ཡང་ཚེ་སྒྲོན་གྱིས་མོར་ནུབ་འཚལ་སོགས་གྲ་སྒྲིག་ཅིང་ཡང་བྱེད་མི་སྲིད་པས། མོས་འདར་ལྕུག་ལྕུག་གིས་འཁྱག་སྒམ་གྱི་ཁ་ཕྱེ་བ་ན་ནང་དུ་སྐོམ་ཆུ་ཤེལ་དམ་འགའ་ལས་ཅི་ཡང་ལྷག་མི་འདུག དེ་ནས་རུམ་ནང་དུ་ལག་སྙོབ་འགའ་བྱེད་དུས་ད་རུང་སྒོར་རྡོག་འགའ་ལྷག་ཡོད་པས། ཚོང་ཁང་དུ་འགྲོ་དགོས་བསམ་ནས་ཡང་བསྐྱར་ལག་རྟེན་ལ་འཁེན་ནས་སྒོར་འབུད་དགོས་བྱུང་།

མོ་མར་འབབ་སའི་ཁང་བརྩེགས་ཀྱི་གློག་སྒྲོན་དེ་རྙིང་དྲགས་པས་ཡིན་ནམ་གང་ལྟར་རྡོ་སྐས་ཀྱི་ལམ་ཡང་གསལ་བོ་ཞིག་མཐོང་ཐབས་བྲལ། ཡིན་ནའང་ཨ་ཡེ་བཟང་མོས་སྤོབས་པ་ཆེར་བསྐྱེད་ཀྱིས་ལག་རྟེན་སྔོན་དུ་བསྲིང་ནས་ལམ་གྱི་བདེ་འཇགས་འཚོལ་བཞིན་གོམ་པ་རེ་རེ་དལ་མོའི་ངང་མདུན་ཕྱོགས་སུ་སྤོས་ནས་སོང་།

མོ་ཁང་བརྩེགས་འདིའི་སྐས་རིམ་དྲུག་པ་ནས་གསུམ་པར་ཐོན་དུས་ཉིན་གང་བོར་ཟ་མ་ཕར་ཞོག་ཇ་ཁམ་གང་ཡང་མ་འཐུང་བས། གློ་བུར་དུ་མོ་མགོ་ཡོམ་འཁོར་ནས་བསམ་དབང་དྲན་དབང་ཅི་ཡང་མེད་པར་རྡོ་སྐས་ལས་མར་འགྲིལ། ཏག་ཏག་ཡར་འོངས་བཞིན་པའི་བྱིས་པ་སྐོར་ཞིག་གིས་སྣང་ཚུལ་དེ་མཐོང་ནས་ཧབ་ཆ་བརྒྱབ། མོ་དངངས་སྐྲག་སྐྱེས་ནས་རྡོ་སྐས་ལས་འཕག་ཚག་ཅི་ལྟར་བྱས་ཀྱང་གཏན་ནས་ཡར་ལངས་མ་ཐུབ། གཞིས་ཁུལ་འདིར་བསྡད་ཡོད་པའི་མི་གཞན་དག་གིས་ཀྱང་ཨ་ཡེ་བཟང་མོའི་ཚུགས་ཀ་དེ་མཐོང་དུས་ཉེས་པ་ཅི་ཞིག་བསག་སོང་བ་ལྟར་རང་རང་གི་ཁྱིམ་དུ་འཛུལ་ནས་སྒོ་གཏད། སྐབས་དེར་ཨ་ཡེ་བཟང་མོའི་སེམས་ལ་སྔོན་ཆད་འདས་ཀྲོངས་སུ་ཕྱིན་པའི་རང་གི་ཁྱོ་ག་དང་། ཁོན་ཐར་ཆུང་དུས་བུ་སྐལ་ལ་ལེན་དུས་ཀྱི་རྣམ་པ་སོགས་རེ་རེ་བཞིན་ཡིད་འཁོར་ཞིང་དེ་ནས་རིམ་གྱིས་གྲགས་འགུལ་མེད་པར་གྱུར།

༡༠

ཕྱི་ཉིན་ཚེ་སྒྲོན་གྱིས་ཨ་ཡེ་བཟང་མོ་མདང་དགོང་ཕྱིར་ཁྱིམ་དུ་མ་ལོག་པ་ཤེས་ནས་ད་གཟོད་ཁོན་ཐར་ལ་ཁ་པར་བཏང་སྟེ་རེམ་མ་ཡུལ་ཐོན་དགོས་ཞེས་བརྡ་བཏང་། དེ་ནས་ཁོན་ཐར་ཡང་མཚན་རྒྱབ་ནས་རླངས་འཁོར་ལ་བསྡད་དེ་ཁྱིམ་དུ་ལོག་དགོས་བྱུང་། ཚེ་སྒྲོན་གྱིས་སྤྱིར་ཁོན་ཐར་ལ་ཉིན་དེའི་དོན་དག་ཚང་མ་གསང་བ་བྱེད་འདོད་ཀྱང་། གལ་ཏེ་རང་ཉིད་ལ་དོན་དག་འདྲ་ཨེ་འབྱུང་སྙམ་ནས་གནས་ཚུལ་དྲང་མོར་བཤད་དགོས་སོང་། དེ་ནས་ཁོ་གཉིས་ཀྱིས་གཞིས་ཁུལ་གྱི་ཁྱིམ་ཚང་རེ་རེར་གནས་ཚུལ་དྲིས་ཀྱང་། ད་ཐེངས་ཁོ་ཚོ་ཡང་ཨ་ཡེ་བཟང་མོར་འཕྲད་པ་ནང་བཞིན་ཚེ་སྒྲོན་དང་ཁོན་ཐར་གཉིས་མི་ཆ་མེད་ཞིག་ཏུ་བརྩིས་ཡོད་པ་འདྲ། ཚང་མས་མ་རིག་མ་མཐོང་ཟེར་བཞིན་ཁོ་གཉིས་ཀྱི་མདུན་དུ་བཅར་ཕོད་མཁན་གཅིག་ཀྱང་མ་བྱུང་།  

ཉིན་དེར་ཁོ་གཉིས་ཀྱིས་ཨ་ཡེ་བཟང་མོའི་གྲིབ་གཟུགས་ཙམ་ཡང་རྙེད་མ་ཐུབ། “དེ་རིང་ནས་བཟུང་རིན་ཆེན་སློབ་གྲྭར་སྐྱེལ་མཁན་ཡང་མེད་པས། ད་ནི་ཅི་ཞིག་བྱ། ”ཚེ་སྒྲོན་གྱིས་དེ་ལྟར་ཁོན་ཐར་ལ་ལེ་བདའ་བྱས།

“ཁྱོད་ཀྱིས་ཅི་ཟེར། ད་སྐབས་ངའི་ཨ་མའི་ཤི་གསོན་ཡང་མི་ཤེས་པས། ཁྱོད་ཀྱིས་ད་དུང་འདི་ལྟར་བཤད་ཐུབ་བམ།  འདི་ཚང་མ་ཁྱོད་ལན་ནི་ཡིན།”ཞེས་ཚེ་སྒྲོན་གྱི་སྟེང་ལ་སྤོ་བཤད་བྱས།

“དགོང་མོ་དེར་སྒོར་བདའ་བ་མིན། མོ་རང་འགུལ་གྱིས་ཁྱིམ་དུ་འདུག་མ་འདོད་པར་སྒོར་སོང་བ་རེད། དེར་ང་འབྲེལ་བ་གཅིག་ཀྱང་མེད།”ཚེ་སྒྲོན་གྱིས་ཁོང་ཁྲོའི་ངང་ཁོན་ཐར་གྱི་གདོང་ལ་མཛུབ་མོ་བཙུགས།

“ད་ཁྱོས་ངའི་མགོ་མ་གཡོག ང་མེད་ཤུལ་ནས་ཁྱོའི་ངའི་ཨ་མར་སྡིགས་མོ་བྱས་ཡོད་པ་ཁོ་ཐག་ཡིན། དེ་མ་གཏོགས་མོ་འདི་ལྟར་གཅིག་པུ་སྒོར་འགྲོ་མི་སྲིད། ”

“ཧོ་ཧོ་ཡ། ད་རུང་ཨ་མ་ཟེར་གི དགོད་སྤྱད་མ་བཤད། ཁྱོད་མོའི་བུ་སྐལ་རེད། ”ཚེ་སྒྲོན་གྱི་སེམས་སུ་ཨ་ཡེ་བཟང་མོ་ཁོ་ཚང་གི་ཁྱིམ་གཡོག་མ་ཞིག་གི་ཚད་ནའང་མེད་པ་འདྲ།

“ད་ཁྱོད་ཁ་རོག་སྡོད། ད་མར་ཞིག་ལ་སོང་།”སྐབས་དེར་ཁོན་ཐར་ཡང་ཁོང་ཁྲོ་ལངས་ནས་ལན་སློག་འདོད་མེད་པར་གྱུར། ཚེ་སྒྲོན་གྱིས་སྐེ་གཅུས་ནས་ཡང་བསྐྱར་མལ་ཁང་གི་སྒོ་ཁྲོག་སེ་བརྒྱབ།

༡༡

ཕྱི་ཉིན། ཁོན་ཐར་གྱི་སེམས་ལ་ཉེ་སྔོནAགྲོང་ཁྱེར་དུ་བྱུང་བའི་བྱིས་རྐུན་དེ་དག་ཡིད་ལ་འཁོར། ཁྲིག་ཁྲིག་མེད་ན་ཁོའི་ཨ་མ་ཡང་དགོང་མོ་དེར་བྱིས་རྐུན་དེ་དག་གི་ལག་ཏུ་ཤོར་བ་རེད་སྙམ་ནས་སྤྱི་བདེ་ལས་ཁུངས་ལ་ཡར་ཞུ་བྱེད་དགོས་བྱུང་། དེ་ནས་སྤྱི་བདེ་ལས་ཁུངས་ཀྱིས་ཀྱང་ཁྲོམ་སྲང་ཧྲིལ་བོར་ཨ་ཡེ་བཟང་མོའི་འདྲ་པར་དང་སྐབས་དེའི་གྱོན་པ། ཁོན་ཐར་གྱི་ཁ་པར་ཨང་གྲངས་སོགས་གསལ་བོར་མཚོན་པའི་མི་འཚོལ་སྦྱར་བྱང་བཀྲམས་ཏེ་གནས་ཚུལ་ཤེས་མཁན་ལ་བྱ་དགའ་སྟེར་བར་གསལ་བསྒྲགས་བྱས་མོད་ཚང་མ་ངལ་བ་འབྲས་མེད་དུ་གྱུར།

དེ་ལྟར་ཉིན་གཉིས་འགོར་སོང་། ཞོགས་པ་ཞིག་ལ་ཁོན་ཐར་གྱི་ཁ་པར་སྟེང་མི་ཞིག་གིས“ཁྱོའི་ཨ་མAགྲོང་ཁྱེར་ཆེན་མོའི་མྱུར་སྐྱོབ་སྨན་ཁང་དུ་ཡོད།”ཟེར་ནས་ཁ་པར་བཏང་བྱུང་། སྐད་ལ་ཉན་ན་མི་བསམ་ཤེས་ཤིག་ཡིན་པ་འདྲ།  ཁོ་རང་དེ་མ་ཐག་དགའ་སྤྲོ་སྐྱེས་ནས་དོན་དག་དེ་ཚེ་སྒྲོན་ལ་བཤད། ཚེ་སྒྲོན་གྱིས“མྱུར་སྐྱོབ་སྨན་ཁང་། ”ཞེས་པའི་མིང་དེ་གོ་མ་ཐག གློ་བུར་དུ་ངོ་མདངས་ངོ་མདངས་འགྱུར་ནས“འུ་གཉིས་ཀྱིས་སྨན་རིན་དེ་འདྲ་མང་པོ་ཞིག་གང་ནས་ཁྱེར་འོངས་ཞེས།”སྡུག་སྨྲེ་བཏོན་མོད། སེམས་ནང་ནས་གལ་ཏེ་རིན་ཆེན་སློབ་གྲྭར་བསྐྱལ་དགོས་ན་ཨ་ཡེ་བཟང་མོ་ངེས་པར་དུ་སྨན་བཅོས་བྱེད་དགོས་སྙམ།

༡༢

སྔ་དྲོ་དེར། Aགྲོང་ཁྱེར་ཆེན་མོའི་མྱུར་སྐྱོབ་སྨན་ཁང་དུ་ཨ་ཡེ་བཟང་མོ་ནད་ཁྲི་དཀར་པོ་ཞིག་གི་སྟེང་གན་རྐྱེན་དུ་ལོག་ཡོད་པ་དང་། གམ་དུ་ད་རུང་མི་ཞིག་གིས་བསྲུང་ནས་བསྡད་ཡོད། མོས་མིག་གཉིས་རྡེབ་ཙམ་རྡེབ་ཙམ་བྱས་ཤིང་། ཡུན་གྱིས་མཐོང་ལམ་ཏུ་གསལ་ལ་མི་གསལ་བའི་མི་ཞིག་གི་གྲིབ་གཟུགས་མངོན་བྱུང་། མོས་དེ་ནི་རང་ཉིད་ཀྱི་བུ་ཁོན་ཐར་རེད་སྙམ་ནས་འཛུམ་མདངས་དང་བྱམས་བརྩེ་ཆེན་མོའི་ངང་ལག་མགོར་འཇུ་དགོས་བྱུང་། མི་དེས་ཀྱང་མོའི་ལག་མགོ་ནས་དམ་པོར་འཇུས་ཏེ། ཕྱིར་ཁོ་མོར་འཛུམ་ཞིག་བསྟན་པ་ན་ད་གཟོད་གཞིས་ཁུལ་གྱི་སྒོ་སྲུང་པ་སྐལ་བཟང་ཡིན་པ་ཤེས། སྐབས་དེར་མོས“ཁོན་ཐར། ཁོན་ཐར། གང་དུ་བུད་ཐལ། ད་རུང་ངའི་ཚ་བོ”ཞེས་ཡར་ལངས་གྲབས་བྱས། སྐལ་བཟང་གིས་མྱུར་དུ་མོའི་ལུས་ཕུང་བསྐྱོར་ནས“ཡ་ད་སེམས་མ་འཚུབ། ཁོ་ཅུང་ཙམ་གྱིས་འདིར་ཐོན་ངེས།” ཞེས་བཤད།

“ཨ་མ། ཨ་མ།” སྐབས་དེར། ཁོན་ཐར་གྱིས་དེ་ལྟར་ཨ་ཡེ་བཟང་མོའི་མིང་ནས་འབོད་བཞིན་དབུགས་ཧལ་ཧལ་ངང་སྨན་ཁང་དུ་ཐོན་བྱུང་། ཁོས་ཨ་ཡེ་བཟང་མོའི་ལག་པར་འཇུས་ནས“ཨ་མ། ཁྱོད་སྐྱོན་མེད་དམ། ཨ་མ། ཨ་མ།” ཞེས་བོས། སྐབས་དེར་ཚ་བོ་རིན་ཆེན་གྱིས་ཨ་ཕ་ངུ་བཞིན་པའི་རྣམ་པ་མཐོང་ནས“པཱ་པཱ། པཱ་པཱ།”ཞེས་ངུས་བྱུང་། དེ་ནས་ཨ་ཡེ་བཟང་མོའི་མིག་ཟུང་ཡང་སླར་ཡང་མག་མོག་དང་རབ་རིབ་ཏུ་གྱུར་ནས་ཡུན་གྱིས་ཡུན་གྱིས་མོའི་ངོ་གདོང་སྐྱ་བོར་གྱུར་ཞིང་གྲགས་འགུལ་ཅི་ཡང་མེད་པར་གྱུར་སོང་།

སྐབས་དེར་སྐལ་བཟང་གིས་ཁོན་ཐར་ལཨ་ཡེ་བཟང་མོར་དོན་དག་ཅི་ཞིག་བྱུང་བ་དང་། ཁོས་སྨན་ཁང་དུ་ཅི་ལྟར་ཁྱེར་འོངས་པ་སོགས་མགོ་ནས་མཇུག་བར་གསལ་བོར་བཤད་པས། ཁོན་ཐར་ཡང་སེམས་འགུལ་དྲག་པོ་ཞིག་གིས་མིག་ཆུས་ངོ་གདོང་བརླན་ཞིང་སྐལ་བཟང་གི་མདུན་དུ་པུས་མོ་འཛུགས་དགོས་བྱུང་།

ཉིན་དེར། ཚེ་སྒྲོན་གྱིས་ད་དུང་རང་ཁྱིམ་ནས་ཨ་ཡེ་བཟང་མོ་སྨན་ཁང་ནས་བུད་རྗེས། རིན་ཆེན་སློབ་གྲྭར་བསྐྱལ་ཐུབ་པས། ཁོན་ཐར་དང་ཁོ་གཉིས་ནང་ལོགས་ཀྱི་གྲོང་ཁྱེར་མཛེས་སྡུག་ལྡན་པ་ཞིག་ཏུ་ལྗོངས་རྒྱུ་ལ་འགྲོ་བར་འཆར་གཞི་ཆེན་པོ་ཞིག་འཐེན་བཞིན་འདུག

༢༠༡༩ལོའི་ཟླ༡༢པའི་ཚེས༡༥ཉིན། ཆབ་ཆ་རུ་སྤེལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།