ཀྲུང་གོ་བོད་ཀྱི་དྲ་བ།

ཡ་ང་བའི་ཚེ་སྲོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​རྣམ་གླིང་རིན་ཆེན།   སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

“བུད་མེད་ཡུགས་མོ་དེ་ཡིན་ན……”

“བུད་མེད་འདྲེ་མོ་དེ་ཡིན་ན……”

“བུད་མེད་འཕྱོར་མོ་དེ་ཡིན་ན……”

“བུད་མེད་སྣ་ནག་མ་དེ་ཡིན་ན……”

རྨ་ལུང་སྡེ་བའི་ཡུལ་མི་ཚོས་ལྐོག་ཏུ་དེ་ལྟར་གཡང་མཚོ་མོའི་སྐོར་ནས་ལབ་གླེང་སྣ་ཚོགས་བྱེད་བཞིན་འདུག

ཁ།

གཡང་མཚོ་མོ་ནི་ང་དང་སྡེ་བ་གཅིག་པའི་ཡུལ་མི་ཡིན། གཡང་མཚོ་མོའི་ཕ་མ་ཚེ་ལས་འདས་རྗེས། མོས་སྔ་ཕྱིར་སྐྱེས་པ་གསུམ་དང་གཉེན་བསྒྲིགས་ནས་མི་ཚེ་ཕུད་མྱོང་།

མོའི་ཁྱོ་ག་དང་པོ་ནི་སྡེ་བའི་སྡེ་དཔོན་ཚེ་ལོ་ཡིན། འོན་ཀྱང་། སྡེ་དཔོན་ཚེ་ལོ་དང་གཉེན་བསྒྲིགས་ནས་ལོ་ངོ་གཉིས་ཙམ་སོང་རྗེས་ཁོ་ལ་སྙིང་ནད་ལྕི་མོ་ཞིག་ཕོག་སྟེ་ཚེ་ལས་འདས། མོའི་ཁྱོ་ག་གཉིས་པ་ནི་ཡུལ་དེའི་ཏང་ཡོན་རྒན་གྲས་ཨ་ཁུ་པད་མ་ཡིན། ཨ་ཁུ་པད་མ་ནི་རླངས་འཁོར་གྱི་བྱུར་རྐྱེན་ཁྲོད་ཚེ་སྲོག་ཤོར་སོང་། མོའི་ཁྱོ་ག་གསུམ་པ་ནི་དགོན་པའི་སྡོམ་ཁྲིམས་ཤོར་བའི་གྲྭ་ལོག་ཚེ་རིང་ཐར་ཆེན་ཡིན། ཁོ་ནི་ཟླ་བ་འགའ་ཤས་ཀྱི་གོང་རོལ་ཏུ་སྡིག་བཤགས་བྱ་ཆེད་ཡུལ་དེ་དང་ཁ་གྱེས་ནས་རྐྱང་ཕྱག་འཚལ་བཞིན་སྨད་མདོ་ཁམས་ཀྱི་ཕྱོགས་སུ་གྲྭ་པ་བྱེད་དུ་བུད་སོང་།

སྡེ་བའི་ཡུལ་མི་མང་པོས་ཟེར་ན་མོ་ནི་བཀྲ་མི་ཤིས་པའི་བུད་མེད་ཡུགས་མོ་ཞིག་ཡིན་པས། གལ་ཏེ་སྐྱེས་པ་སུ་ཞིག་མོ་དང་གཉེན་བསྒྲིགས་ན། ཁོ་མི་རིང་བར་ཚེ་ལས་འདས་ངེས་རེད་ཟེར། དེ་ནི་མོའི་ཁྱོ་ག་གོང་མ་གཉིས་པོ་ཚེ་ལས་འདས་པས་ད་གཟོད་སྡེ་བའི་ཡུལ་མི་ཚོས་དེ་ལྟར་བརྗོད་པ་ཞིག་ཡིན་ངེས། ཡང་སྡེ་བའི་ཡུལ་མི་འགའ་རེས་ཟེར་ན། མོ་ནི་བུད་མེད་སྡིག་ཅན་ཞིག་རེད། མོས་ངུར་སྨྲིག་གི་ན་བཟའ་བཞེས་པའི་རབ་བྱུང་བའི་སེམས་པའང་བསླུས་ཤིང་ཁོ་ཚོ་སྐྱ་སར་ཕབ་སྟེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་སྡིག་ལས་སྒྲུབ་ཏུ་འཇུག་གིན་ཡོད་ཟེར། དེ་ནི་མོའི་ཁྱོ་ག་མཐའ་མ་ཚེ་རིང་ཐར་ཆེན་ལ་བལྟས་ནས་བཤད་པ་ཞིག་རེད། གང་ལྟར་ཡང་། རང་གི་ཁྱོ་ག་ཚེ་རིང་ཐར་ཆེན་གྱིས་རང་གི་སྡིག་སྒྲིབ་དག་ཆེད་མོ་དང་རྒྱང་དུ་གྱེས་ནས་སྨད་མདོ་ཁམས་ཁུལ་དུ་རབ་བྱུང་སྒྲུབ་ཏུ་སོང་བ་ནས་བཟུང་། སྐྱེས་པ་སུ་ཞིག་ཀྱང་མོའི་ཉེ་སར་འགྲོ་མ་ཕོད་ལ། སྡེ་བའི་ཡུལ་མི་མང་པོས་མོ་རང་དང་འབྲེལ་བ་གཙང་མ་བཅད་དེ་མོ་དང་བར་ཐག་རྒྱང་དུ་བཀྱེད་གང་ཐུབ་བྱེད་ཀྱིན་འདུག ལྷག་པར་དུ། སྡེ་བའི་ཡུལ་མི་ཚོས་ནམ་རྒྱུན་སྲང་ལམ་དང་ཞིང་ཁའི་ཐོག་མོ་དང་ངོ་ཕྲད་བྱུང་ཚེ། ཁོ་ཚོས་དེ་མ་ཉིད་དུ་ངོ་གདོང་ལག་པས་བཀབ་སྟེ་མོར་གཡོལ་གང་ཐུབ་བྱེད་ཅིང་། མོའི་ཕྱོགས་སུ་མཆིལ་ཞག་འཕངས་ནས་རང་གི་བར་ཆད་བཟློག་ཐུབ་རྒྱུའི་གསོལ་འདེབས་བྱེད་ཀྱིན་འདུག

མི་ལོ་མང་དག་ཅིག་དེ་ལྟར་ཕར་ལ་འདས་སོང་། ལོ་ངོ་དེ་དག་མོ་ལ་ཆ་མཚོན་ན་ཤིན་ཏུ་ནས་འཁྱོལ་དཀའ་བའི་ཁེར་རྐྱང་གི་མི་ལོ་འགའ་ཞིག་མ་ཡིན་ནམ། འདས་ཟིན་པའི་ཉི་མ་དེ་དག་གི་རིང་མོས་གཞན་གྱི་མི་ཁའི་འོག་གཉའ་ཞུམ་ཞུམ་དང་མགོ་བོ་སྒུར་སྒུར་ཁོ་ན་བྱས་ཏེ་མི་ཚེ་ཕུད་དགོས་བྱུང་།

གལ་ཏེ་མི་གཅིག་གིས་རང་ཉིད་མིག་ནང་གི་ཚེར་མ་རུ་བཟུང་ནས་ཁྱད་གསོད་ཅི་ཙམ་བྱས་ཀྱང་སྐྱོན་ཆེན་པོ་མེད་མོད། འོན་ཀྱང་སྡེ་བའི་ཡུལ་མི་ཡོངས་ཀྱིས་མོ་རང་དགྲ་རུ་བརྩིས་ནས་རང་ཉིད་དང་རྒྱང་བཀྱེད་ན་དེ་ནི་ཅི་འདྲའི་བཟོད་བསྲན་བྱ་དཀའ་བའི་གནད་དོན་ཞིག་ཅི་ལ་མ་ཡིན། འོན་ཀྱང་། མོ་ལ་ཐབས་ཅི་ཡོད།

ལོ་དེའི་དབྱར་ཁར་སྡེ་བའི་ཁྱོན་ལ་ཆར་ཆུ་ཧ་ཅང་དཀོན། ནམ་མཁའི་ཆར་ཆུ་ཁོ་ནར་སྐྱབས་སུ་འགྲོ་བཞིན་པའི་ངེད་སྡེ་བར་ཆ་མཚོན་ནས་བཤད་ན། དཀོན་མཆོག་གིས་ཆར་ཆུ་དུས་ལྟར་བསྩལ་ན་ངེད་སྡེ་བའི་སོ་ནམ་པ་ཚོའི་གདོང་ནས་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་བ་ཇི་བཞིན་དགའ་བའི་འཛུམ་མདངས་རབ་ཏུ་རྒྱས་ནས་འབྲུ་རིགས་སྣ་ལྔའི་འབྲས་བུས་འབྲུ་མཛོད་བྱུར་བུར་གཏམས་ཐུབ་ཅིང་། གལ་ཏེ་ཆར་ཆུ་དཀོན་པའི་ནམ་ཟླ་ཞིག་དང་ཕྲད་ན། སྟོན་ཁའི་དུས་སུ་ཁོ་ཚོའི་གདོང་ནས་ཡི་མུག་མུག་གི་རྣམ་འགྱུར་སྐྱོ་བོ་ཞིག་བསྟན་ནས་འདུག་རྒྱུ་ལས་ཐབས་ཅི་ཡང་མེད། འོན་ཀྱང་། ད་ལོ་ནི་ན་ནིང་དང་མི་འདྲ་བར་གནམ་རྒན་མས་ཆར་ཆུ་ཐིགས་པ་གཅིག་ཀྱང་གནང་མ་བྱུང་། སྡེ་བའི་ཉེ་འགྲམ་གྱི་ལྗོན་ཤིང་གི་ངོས་སུ་ལོ་མ་ལྗང་ཁུ་རྐང་གཅིག་ཀྱང་མཐོང་ཡུལ་དུ་མེད་ཅིང་། རྩྭ་ཐང་གི་ཁྱོན་དུ་ལྗང་མདོག་གི་རང་མདངས་ཅི་ཡང་མེད་པར་རྩྭ་ཕྲན་མཐའ་དག་སྔ་མོ་ནས་སྐམ་སྟེ་སྐྱ་ཐེར་ཐེར་དུ་སྣང་། སྡེ་བའི་ཡུལ་མི་ཚོས་སྡེ་བའི་ཐལ་རྡུལ་གྱིས་སྦགས་པའི་ཡུལ་ལྗོངས་སྐྱ་བོ་དང་། སྐྱེ་འཕེལ་གྱི་གསོན་ཤུགས་ཅི་ཡང་མེད་པའི་ཞིང་ནང་གི་མྱུ་གུ། ཤ་ཤེད་ཀྱིས་དབུལ་བའི་སེམས་ཅན་གྱི་ཚོགས་རྣམས་མིག་ཟུང་གི་ཡུལ་དུ་མཐོང་དུས། ཁོ་ཚོས་དེ་འཕྲལ་ཆར་བ་དབབ་རྒྱུའི་རྟགས་མཚན་ཅི་ཡང་མེད་པའི་མགོ་ཐོག་གི་ནམ་མཁའ་སྔོན་པོའི་ཕྱོགས་སུ་མིག་ཟུང་གཡོ་བ་མེད་པར་འབུར་ཚུགས་སུ་ཅེར་ནས་དབུགས་རིང་ཡང་ཡང་འཆོར་བར་བྱེད།

“ཐན་ལྟས་རང་རེད། དབྱར་ཁའི་དུས་ཚིགས་ཧྲིལ་པོར་ཆར་ཐིགས་གཅིག་ཀྱང་མཐོང་རྒྱུ་མི་འདུག”

“གནམ་རྒན་མས་མཁྱེན། ད་ནི་ཆར་བ་ཞིག་གནང་རོགས་གནོངས”སྡེ་བའི་སྡེ་དཔོན་ནས་གཙོ་བྱས་ཏེ་ཡུལ་མི་ཚོས་ལག་ཏུ་བདུགས་སྤོས་རེ་རེ་ཁྱེར་ནས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་ནམ་མཁའི་ཁྱོན་དུ་མིག་ཟུང་ཅེར་ཞོར་གུས་ཕྱག་ཡང་ཡང་འཚལ་བ་དང་། ཁ་ནས་མ་ཎི་ཡིག་དྲུག་བར་མེད་དུ་འདོན་བཞིན་གནམ་རྒན་མས་ཆར་ཆུ་བསྩལ་རྒྱུར་སྐྱབས་ཞུ་བྱེད་བཞིན་འདུག འོན་ཀྱང་ནམ་མཁའི་ཁྱོན་དུ་སྤྲིན་ནག་བྱེའུའི་མགོ་ཙམ་ཡང་མཐོང་རྒྱུ་མེད་པས། ཡུལ་མི་ཚོས་ཆར་བར་རེ་སྒུག་བྱེད་པ་ནི་མི་ལྐུགས་པས་གཏམ་འཆད་འདོད་བྱེད་པ་དང་། མིག་ལོང་བས་ཉི་འོད་མཐོང་རྒྱུར་རེ་བ་དང་ཁྱད་ཅི།

ང་།

“ཐན་ལྟས་རེད། ངོ་མ་ཐན་ལྟས་རང་རེད།”

“སྡེ་བར་བུད་མེད་འདྲེ་མོ་དེ་འདྲ་ཞིག་ཡོད་པས། ད་ནི་ལྷ་ཀླུ་གཉན་གསུམ་མ་རངས་པར་ཆག་སྒོ་བསླངས་སོང་།”

“བུད་མེད་སྡིག་ཅན་དེ་ཡུལ་ནས་མ་བསྐྲད་ན། སྡེ་བར་བར་ཆད་རྒྱུན་མི་འཆད་པར་ཡོང་ངེས་ཡིན།”

ལོ་དེ་ལ། ངེད་སྡེ་བར་ཆར་ཐིགས་གཅིག་ཀྱང་དབབ་རྒྱུ་མ་བྱུང་བས། སྡེ་བའི་ཡུལ་མི་མང་པོའི་སེམས་པ་བློང་བློང་པོར་གྱུར་ཏེ། ཁོ་ཚོའི་བསམ་པར་ཆར་ཆུ་དུས་སུ་མ་བབས་པ་དེ་ནི་ཡུལ་དེར་གཡང་མཚོ་མོ་ཟེར་བའི་བུད་མེད་ངན་པ་དེ་འདྲ་ཞིག་ཡོད་པས་ཡིན་ཚུལ་བརྗོད་དེ། སྡེ་བའི་ཡུལ་མི་ཚོས་གྲོས་བསྡུར་བྱས་པ་བརྒྱུད་གཡང་མཚོ་མོ་ཞེས་པའི་བཀྲ་མི་ཤིས་པའི་བུད་མེད་ཡུགས་མོ་དེ་སྡེ་བ་ལས་མཐར་སྐྲོད་གཏང་རྒྱུ་ཐག་བཅད།

ཉིན་དེའི་གནམ་གཤིས་རྒྱུན་གཏན་ལས་གྲང་ངར་ཆེ། ཕྱི་རོལ་ཏུ་རླུང་བུ་བར་མེད་དུ་གཡུགས་ཤིང་། ཉི་མ་ནི་ཅི་ཞིག་ལ་བསམ་གཟས་ནས་བྲོས་བྱོལ་དུ་སོང་བ་ལྟར་སྤྲིན་ནག་གི་ཀློང་དུ་ཐིམ་ནས་མཐོང་ཡུལ་དུ་མི་འདུག ཉི་མ་མཐོང་རྒྱུ་མེད་པའི་ས་སྲོད་དེ་ལ། གཡང་མཚོ་མོ་སྡེ་བའི་ཡུལ་མི་ཚོའི་སྡིགས་དམོད་དང་མཆིལ་ཞགས་ཀྱི་ཁྲོད་དུ་རང་ཡུལ་ཕ་ས་དྲོན་མོ་རྒྱབ་ཏུ་བསྐྱུར་ནས་ཡུལ་གཞན་དུ་བྲོས་བྱོལ་དུ་མི་འགྲོ་ཀ་མེད་བྱུང་། ཡུལ་མི་མང་པོས་སྔར་རྒྱུན་བཞིན་མོའི་ཕྱོགས་སུ་མཆིལ་ཞགས་འཕེན་པ་དང་། བུད་མེད་ལ་ལས་ཁ་ནས “ཡུགས་མོ། གདོན་མོ”ཞེས་མོ་ལ་ངན་ཚིག་སྨྲ་བཞིན་ཐལ་བ་གཏོར་བ། བསམ་མེད་ཀྱི་བྱིས་པ་འགས་མོ་ལ་རྡོ་ཡིས་བརྒྱབ་པས། མོས་ངུ་ཞོར་དུ་ཁོ་ཚོར་ཞུ་བ་བར་མེད་བྱས་ཀྱང་། མོ་ལ་སྙིང་རྗེ་བྱེད་མཁན་དང་གུ་ཡངས་གཏོང་མཁན་གཏན་ནས་མ་བྱུང་བས། མཐའ་མར་མོ་རང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་མི་འདོད་བཞིན་སྡེ་བ་དང་ཁ་གྱེས་དགོས་བྱུང་། མོའི་སེམས་པ་ནི་དེ་རིང་གི་ནམ་མཁའ་ཇི་བཞིན་སྐྱོ་བའི་ན་བུན་རབ་ཏུ་འཁྲིགས་ཤིང་། མོའི་མིག་ཟུང་ལས་མཆི་མའི་ཐིགས་པ་ནི་མུ་ཏིག་གི་ཕྲེང་ཐག་ཆད་པ་ཇི་བཞིན་ཐོར་ཡོང་།

གཡང་མཚོ་མོ་སྨྲ་བ་མེད་པར་ཁ་རོག་གེར་བུད་སོང་། གཡང་མཚོ་མོ་སྡེ་བ་ལས་རྒྱང་དུ་གྱེས་པས། ཁོ་ཚོའི་རེ་སྒུག་གི་མིག་ཟུང་ནམ་མཁའི་ཁྱོན་དུ་ཆེས་ཆེར་བགྲད་ཀྱང་། གནམ་རྒན་མ་ནི་སྔར་རྒྱུན་བཞིན་ཆར་བ་དབབ་རྒྱུའི་རྟགས་མཚན་ཅི་ཡང་མེད་པར་ཚ་ཆིལ་ཆིལ་གྱི་ཉི་མའི་འོད་ཟེར་ངར་མོ་ས་གཞིའི་ངོས་སུ་འཕྲོས་བྱུང་བས། ཞིང་ནང་གི་མྱུ་གུ་དང་། ཉེ་འགྲམ་གྱི་རྩྭ་དང་རྩི་ཤིང་མཐའ་དག་ཚ་བས་ཡོངས་སུ་གཙེས་ཏེ་སྐྱེ་འཕེལ་བྱེད་པའི་གསོན་ཤུགས་ཅི་ཡང་མེད་པར་མགོ་བོ་དུད་ནས་འདུག

“བུད་མེད་ཁྲེལ་མེད་དེས་ང་ཚོའི་སྡེ་བ་ཐལ་སྐྱར་བཏང་སོང་།”

“ཚེ་ཟད་མ་དེ་ཡིན་ན། ང་ཚོའི་སྡེ་བར་ད་དུང་བར་ཆད་གཏོང་གིན་འདུག”གཡང་མཚོ་མོ་སྡེ་བ་དེ་ལས་ཁ་གྱེས་ནས་ཉིན་ཤས་འདས་ཀྱང་། ཁོ་ཚོས་སྔར་བཞིན་མོའི་ཕྱོགས་སུ་ལབ་གླེང་བྱེད་མཚམས་གཏན་ནས་བཞག་མ་མྱོང་།

ཅ།

“བུད་མེད་འདྲེ་མོ་དེ་ཡིན་ན། ང་ཚོའི་སྡེ་བར་ཕོ་ཟད་ཐེབས་སུ་འཇུག་ངེས་རེད།”

“བཀྲ་མི་ཤིས་པའི་བུ་མོ་སྡིག་ཅན་དེ་འདྲ་ཞིག་སྡེ་བར་ཉར་ན། ང་ཚོའི་ལུང་པའི་ཕྱི་ནང་ཐུག་པ་དཀྲུག་དཀྲུག་བྱ་ངེས་རེད།”

“གནམ་རྒན་མ་མཁྱེན། ད་ནི་ཐུགས་རྗེའི་སྤྱན་གྱིས་གཟིགས་རོགས།”

གཡང་མཚོ་མོ་བུད་ནས་ཡུན་རིང་འགོར་སོང་། གཡང་མཚོ་མོ་ངེད་སྡེ་བ་དང་གྱེས་ཏེ་ཡུན་རིང་འགོར་ཡང་ང་ཚོའི་རྣ་ལམ་དུ་གཡང་མཚོ་མོ་དང་འབྲེལ་བའི་གནས་ཚུལ་གཅིག་ཀྱང་གོ་ཐོས་མ་བྱུང་། འོན་ཀྱང་། སྡེ་བའི་ཡུལ་མི་ཚོས་གཡང་མཚོ་མོར་དམོད་མོ་དང་བརླང་ཚིག་སྒྲོག་པའི་ཁ་བརྡ་ད་དུང་ཡང་མཚམས་འཇོག་གཏན་ནས་བྱས་མེད།


ཡོད་ཚད་སྔར་བཞིན་རྒྱུན་གཏན་རེད། ད་ལོ་ང་ཚོའི་སྡེ་བར་ཆར་ཆུ་གཏན་ནས་མཐོང་རྒྱུ་མ་བྱུང་བས། སོ་ནམ་པ་ཚོའི་ངོ་གདོང་ནི་ཡི་མུག་གིས་མནར་ཏེ་སྔོན་ཆད་ཀྱི་འཛུམ་ཞལ་དྲོན་མོ་མིག་ཟུང་གི་མཐོང་ཡུལ་དུ་མི་འདུག སྟོན་དུས་དེར། ངེད་སྡེ་བའི་འབྲུ་རིགས་ཀྱི་ཐོན་འབབ་ཧ་ཅང་ཞན་པས། ཡུལ་མི་ཚོའི་སེམས་པ་སེམས་ཚེགས་ཤིག་གིས་ཡོངས་སུ་མནར་འདུག

ད་ནི་དགུན་མཇུག་ལ་ཐོན་པས། ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་འཁྱག དབྱར་ཁར་ཆར་བ་ཧ་ཅང་དཀོན་ཡང་། དགུན་དུས་དེར་གང་ནས་ཕེབས་མིན་ཆ་མི་འཚལ་བའི་གངས་ལྷག་ཅིག་ཤུར་ཤུར་དུ་ལྡང་ཞིང་། དེ་མ་ཉིད་དུ་ཁ་བ་སྐྱ་ལྷེབ་ལྷེབ་ཏུ་བབས་བྱུང་བས། སྡེ་བའི་ཡུལ་མི་ཚོའི་ཁང་པ་དང་། སྒོ་ར། བར་ཁྱམས། ཉེ་འགྲམ་གྱི་རི་ལུང་ཀུན་ཁ་བས་ཡོངས་སུ་བཏུམས་ནས་ཡོད་ཚད་སྐྱ་ཐིང་ངེར་གནས་འདུག དབྱར་ཁ་ཆར་ཆུ་དགོས་མཁོ་ཆེ་དུས་ཆར་ཐིགས་གཅིག་ཀྱང་དབབ་རྒྱུ་མ་བྱུང་ཡང་ད་ལྟ་གྲང་ངར་གྱིས་གཙེས་པའི་ནམ་ཟླ་དེ་འདྲར་ཁ་བ་མི་དགོས་ཀྱང་ཁ་བ་ནི་རྒྱུན་མི་འཆད་པར་ཉིན་མཚན་ལྟོས་མེད་དུ་འབབ་ཀྱིན་འདུག་པས། ངེད་ཚོའི་སྡེ་བར་མཚོན་ན་དཀོན་མཆོག་གིས་ང་ཚོར་ཀུ་རེ་བྱེད་པ་དང་ཁྱད་ཅི།

བུད་མེད་ཀྱི་ཕུང་པོ་ཞིག་རྙེད་ཅིང་། མོའི་མཁུར་ཚོས་དང་མཆུ་ཏོའི་ངོས་སུ་སེར་ཁས་བཀང་ཞིང་། ཁ་སྣ་གཉིས་ནས་ཁྲག་དམར་བཞུར་བཞིན་ཡོད་ཚུལ་གླེང་ལ། མོའི་རྐང་ལག་ཡོངས་སུ་འཁྱག་རེངས་སུ་གྱུར་ནས་མཁྲེགས་པོ་རྡོ་ལྟར་གྱུར་ཚུལ་བརྗོད།

གཡང་མཚོ་མོ་དེ་ལྟར་བུད་སོང་། གཡང་མཚོ་མོ་སོང་བའི་ཉིན་མོ་དེར་ནམ་རྒྱུན་དྲོད་ཁོལ་གྱིས་ཕྱུག་པའི་དྲིན་ཆེན་གྱི་ཉི་མ་དེའང་འཇིག་རྟེན་གྱི་ཁམས་འདིར་ཡིད་ཆད་ཞེན་ལོག་སྐྱེས་པ་བཞིན་ཚ་དྲོད་རིམ་གྱིས་ཉམས་ཤིང་། འོད་མདངས་ཇེ་ཞན་དུ་གྱུར་ནས་དལ་བ་དལ་བུར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ་གཟས་ཏེ་སྙེག་བཞིན་འདུག

“མོ་ལ་ལས་འབྲས་འཁོར་བ་རེད། ད་ནི་དཀོན་མཆོག་གིས་ཀྱང་མོ་ཐར་བར་གཏན་ནས་བཏང་མ་སོང་།”

“མོ་ལ་མཇུག་འབྲས་དེ་འདྲ་ཞིག་ཡོང་ཁོ་ཐག་ཡིན།”

གཡང་མཚོ་མོ་འདས་ནས་ཉིན་ཤས་ཕྱིན་རུང་། མོའི་ཕུང་པོར་བདག་པོ་བྱེད་མཁན་གཏན་ནས་མ་བྱུང་བར་སྔར་བཞིན་སྡེ་བའི་ཉེ་འགྲམ་གྱི་གངས་འཁྱག་ཁྲོད་ན་ལུས་འདུག་ལ། མོའི་ཕུང་པོ་དུར་མཆོད་བྱེད་མཁན་དང་། མོའི་སླད་དུ་འདས་མཆོད་སྒྲུབ་མཁན་གཏན་ནས་མ་བྱུང་། འོན་ཀྱང་། ཁོ་ཚོས་གཡང་མཚོ་མོའི་ཕྱོགས་སུ་འཕེན་པའི་མི་ཁའི་དུག་མདའ་དེ་དུས་ད་ལྟའི་བར་དུའང་མཚམས་འཇོག་གཏན་ནས་བྱས་མ་མྱོང་།

“བུད་མེད་ཡུགས་མོ་དེ་ཡིན་ན……”

“བུད་མེད་འདྲེ་མོ་དེ་ཡིན་ན……”

“བུད་མེད་འཕྱོར་མོ་དེ་ཡིན་ན……”

“བུད་མེད་སྣ་ནག་མ་དེ་ཡིན་ན……”

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།