ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་སྒྲུང་《ཐོམ་བུ་ཁིས།》

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨ་སྨྱོན་བཀྲ་ཤིས་དོན་གྲུབ།   སྤེལ་དུས། : 2020-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐོམ་བུ་ཁིས་ཞེས་པའི་ས་མིང་འདི་ཐོས་མ་ཐག ངའི་ཡིད་ལ་ཨ་ཁུ་སྟོབས་ལྡན་རྒྱ་མཚོ་ཚང་གི་ར་སྟོང་ཁང་ཧྲུལ་དེ་ཝ་ལེར་ཤར་འོངས་ཤིང་། ཨ་ཕའི་ནད་གཞི་དྲག་སྐྱེད་གཏོང་བར་ནུས་པ་ཅི་ཡང་འདོན་མ་ཐུབ་པའི་ཆ་ལ་བློ་འགྱོད་སྐྱེས་བྱུང།

ད་ནངས་སྔ་མོ། ནད་གདོན་གྱིས་ཡུན་རིང་མནར་གཅོད་བཏང་སྟེ་རིག་པ་རྡིབ་པའི་ཨ་ཕས་ཅི་ནུས་གང་ཐུབ་ཀྱིས་ཁ་བྱང་ལ་སོང་བའི་གཏམ་རྒྱུད་ཅིག་འཆད་ཀྱིན་འདུག ཕུ་བོས་རྣ་སྒོ་གཏད་ནས་ཡུན་རིང་ལ་ཉན་རྗེས། ད་གཟོད་ཐོམ་བུ་ཁིས་སུ་བྱུང་བའི་གཏམ་རྒྱུད་དེ་མགོ་རྔ་ཚང་བ་ཞིག་འཆད་ཀྱིན་འདུག་ཟེར། འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ། ངའི་ཨ་ཕ་ནི་ད་སོ་མ་མུན་ནག་ཕྱི་མའི་འཕྲང་རིང་འགྲིམས་པ་སྟེ། དབུགས་ཆད་ཁ་མ་དེར་ང་ཚོར་རང་ཁྱིམ་གྱི་ཡ་རུ་ལས་ཀྱང་ཆེ་བའི་གླ་བ་ཞིག་གསལ་བོར་མཐོང་བྱུང་ཟེར་ནས་སྔར་མེད་ཀྱི་ཨག་སྐད་ཅིག་བརྒྱབ་བྱུང་། ད་ལོ། ངའི་ཨ་ཕ་ནི་ལོ་རེ་གཅིག་ལ་བུད་པའི་རང་ལོ་ཡིན། དེ་བས། ཁོས་རང་གི་འགྲོ་འཆག་ཉལ་སྡོད་གང་ལའང་སེམས་ཆུང་མ་བྱས་པའི་བསམ་པ་མེད། ཟོག་བཙལ་དུ་སོང་སྟེ་ཐོམ་བུ་ཁིས་བརྒྱུད་སྐབས་རྐང་མགོར་ཚེར་མ་ཞིག་ཟུག་པ་ནི་སྲོག་གཅོད་ནད་ཀྱི་འབྱུང་ཁུངས་ཏེ། དང་ཐོག་སྐྱོན་མི་འདུག་ཟེར་ནས་སྐྱུར་མོད། ཕྱིས་སུ་རྨ་ཁ་ཇེ་ཆེར་སོང་ནས་གོམ་པ་འགའ་རེ་ཡང་འགྲོ་མ་ཐུབ་པར་གྱུར། དེ་བས་བཅའ་བ་རིམ་གྲོ་སྣ་ཚོགས་བསྒྲུབས་ཀྱང་ཕན་མ་ཐོགས་ལ། སྨན་ཁང་དུ་སོང་ཡང་རྨ་ཡ་མཚན་ཞིག་རེད་ཟེར་བཞིན་ཇི་ལྟར་བཅོས་ཀྱང་དྲག་སྐྱེད་མ་བྱུང་། ཨ་ལགས་གུང་དཀར་རིན་པོ་ཆེ་ཚང་གིས་རྨ་དེ་ཐོམ་བུ་ཁིས་དང་། སྒོས་སུ་ཨ་ཁུ་སྟོབས་ལྡན་རྒྱ་མཚོར་འབྲེལ་བ་ཡོད་ཟེར། ཞལ་གསུང་དེས་ཨ་མ་དང་ཕུ་བོ་སོགས་ཀྱི་རེ་བའི་ལྷག་མ་ཡོད་ཚད་ཀྱང་ཡལ་བར་བྱས་ཤིང་། བག་འཁུམས་ཀྱི་བསམ་བློ་ཞིག་གིས་བདག་ཐོམ་བུ་ཁིས་སུའང་འགྲོ་རུ་མ་བཅུག ད་ལྟ་ཡུལ་མི་རྣམས་འདས་མཆོད་ཀྱི་ལས་ལ་བྲེལ་འདུག་ཀྱང་། ངའི་སེམས་སུ་ཨ་ཕས་སྔོན་ཆད་བཤད་མྱོང་བའི་ཐོམ་བུ་ཁིས་ཀྱི་གཏམ་རྒྱུད་ངོ་མ་དེ་ཡང་ཡང་ཤར་བས་འགྲོ་སྡོད་མི་ཤེས་པར་གྱུར།

དེ་སྔོན་ངས་ཕ་ཡུལ་དུ་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་བྱས་པའི་ཞོར་ལ། ཐོམ་བུ་ཁིས་ཀྱི་གཏམ་རྒྱུད་དེའང་སྙན་ཞུ་རྩོམ་རིག་གི་ཚུལ་དུ་བྲིས་མྱོང་མོད། དེའི་དུས་རིན་ཐང་ཅི་ཡང་མི་འདུག་སྙམ་སྟེ་ཕ་ཡུལ་གྱི་འཐེན་སྒམ་གང་རུང་དུ་གཡུགས་མོད། ཨ་ཕ་འདའ་ཁའི་བསམ་སྦྱོར་དེ་དག་གིས་སྒྲུང་ཡིག་དེ་ལ་སྲོག་ཞུགས་སུ་བཅུག་པ་ལྟར། སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་སྙམ་པས། ཅོག་སྒྲོམ་རེ་རེའི་འཐེན་སྒམ་གྱི་ཤོག་བུ་ཐོ་རེ་བ་རྣམས་ཐང་ལ་བླུགས་ཏེ་ཕྱི་ནང་མེད་པར་བཙལ། ཨ་མས་བདག་ལ་གཏད་ནས་སེམས་ཤིག་མི་འདུག་ཟེར་ཞོར་སྡིགས་མོ་དང་མཆི་མ་འདོན་མོད། བདག་གིས་སེམས་ཀྱི་སྡུག་བསྔལ་ཡོད་ཚད་ཁོག་ཏུ་མིད་ནས་ཐོམ་བུ་ཁིས་ཀྱི་གཏམ་རྒྱུད་བཙལ་པས། ས་མ་རུབ་ཙམ་ལ་གཞི་ནས་རྙེད་ཐུབ་པ་བྱུང་། ཤོག་བུ་དཀར་པོ་ཐིག་ཕྲེང་མེད་པ་ཞིག་གི་སྟེང་དུ་བྲིས་འདུག་ལ། རྙིང་ཧྲུལ་དུ་སོང་བས་ཡིག་འབྲུ་ཁ་ཁེར་མི་གསལ་བ་ལས་ཡོད་ཚད་སྔར་ལྟར་རེད། དེའི་དུས་རྩོམ་གྱི་ཁ་བྱང་ལ《ཐོམ་བུ་ཁིས་ཀྱི་གཏམ་རྒྱུད》ཅེས་བྲིས་འདུག་མོད། ད་ལྟ་རྩོམ་འདིའི་ཁ་བྱང་ལྟར《ཐོམ་བུ་ཁིས》ཞེས་སོར་བཞག་བྱས་ན་འོས་ཤིང་འཚམས།

གཅིག རྩེ་མོ་མཁའ་ལ་སྙེག་འདྲའི་སྲིན་པོ་རྫ་རྒན་ནི་བོད་ཡུལ་སྲིན་མོ་གན་རྐྱལ་དུ་ཉལ་འདྲའི་བྲང་ཁར་ཆགས་ཡོད་པས། ས་འདིའི་རི་རྣམས་མཐོ་ལ་ཐང་རྣམས་ཡངས་པའི་ཁར། རྩི་ཤིང་ནགས་ཚལ་རྒྱས་ལ་ཆུ་བོའི་བཞུར་སྒྲའང་སྙན་པ་བཅས་ཀྱིས་འགྲོ་བ་མི་རྣམས་གཞིས་སྡོད་བྱེད་སའི་ཡུལ་གྲུ་བཟང་བོ་ཞིག་ཡིན་པར་མ་ཟད། རི་སྐྱེས་སྲོག་ཆགས་སྣ་ཚོགས་བག་ཕེབས་སུ་རྒྱུ་སའི་གནས་ཁྱད་པར་བ་ཞིག་ཀྱང་ཡིན། འདིར་གླེང་བྱའི་གཞི་ཐོམ་བུ་ཁིས་ནི་སྲིན་པོ་རྫ་རྒན་གྱི་ཉིང་ལག་ཏུ་བརྩི་བར་རུང་བའི་རི་ཕྲན་ཞིག་སྟེ། མགོ་བོ་སྦོམ་ཞིང་ཡུ་བ་ཕྲ་ལ།མགོ་རྔ་འདྲེས་སའི་བར་མཚམས་སུ་ཉག་ཆེན་པོ་ཞིག་ཡོད་པས། རི་མགོ་མཐོ་ས་ཞིག་ཏུ་བལྟས་ཚེ་དངོས་གནས་བོད་རིགས་བུད་མེད་རྣམས་ཀྱིས་སྔོན་ཆད་ཆུ་བཅུ་བྱེད་དུ་བཀོལ་སྤྱོད་བྱེད་པའི་ཤིང་གི་ཐོམ་བུ་ཞིག་དང་གཉིས་སུ་མ་མཆིས། ཡིད་ཕངས་པ་ཞིག་ལ་རི་ངོས་ཧྲིལ་པོ་ནགས་ཀྱིས་གཡོགས་འདུག་པས། རི་ཐོམ་བུ་འདྲ་བའི་ཀླད་དུ་འཁྱིལ་བའི་མཚེའུ་ཆུང་ཆུང་དེ་ཁྲ་ཆུང་མིག་གི་ལམ་དུ་མངོན་དཀའ་བ་དེ་རེད།

ཐོམ་བུ་ཁིས་ཞེས་པའི་ས་མིང་འདི་ལ་བཤད་རྒྱུན་སྣ་ཚོགས་ཡོད་ཀྱང་། ཆེས་དར་ཁྱབ་ཆེ་བ་ནི་གཉིས་ཏེ། སྔ་མ་ནི་ཡུལ་འདིའི་གཞི་བདག་ཨ་མྱེས་སྲིན་པོས་བཟའ་བཏུང་ལོངས་སུ་སྤྱོད་དུས་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་བཏུང་བ་འདྲེན་བྱེད་ཀྱི་སྣོད་ཆས་ཤིག་ཡིན་ཟེར་བ་དང་། ཕྱི་མ་ནི་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ས་འདིར་ཆུ་ལེན་དུ་ཡོང་དུས་སྲིན་པོ་མགོ་དགུ་ཞིག་གིས་ཕྲོགས་པས། ཐོམ་བུ་ཡུལ་འདིར་ལུས་པ་ཕྱིས་སུ་རི་ཡི་གཟུགས་སུ་གྲུབ་པ་ཡིན་ཞེས་ཟེར་བ་གཉིས་སོ།། བཤད་རྒྱུན་འདི་དག་ལ་ཁུངས་ལུང་ཡོད་མེད་ནི་སུས་ཀྱང་རྟོགས་དཀའ་མོད། གང་ལྟར་རི་འདིའི་ཆགས་དབྱིབས་ཐོམ་བུ་ཞིག་དང་འདྲ་བས“ཐོམ་བུ་ཁིས”ཞེས་བཏགས་པ་ནི་དངོས་གནས་རེད།

ཐོམ་བུ་ཁིས་ཀྱིས་ས་འདི་ལུང་ཁོག་གཉིས་སུ་སྙོམས་བགོས་བྱས་ཡོད་པས། ལུང་ཁོག་གང་གི་མི་ཞིག་ལ་ཕ་རོལ་ཏུ་དོན་དག་གལ་ཆེན་རེ་ཡོད་ཚེ། ངེས་པར་ཁིས་ཉག་འདི་བརྒྱུད་དགོས་ལ། དེ་ལྟར་མ་བྱས་པར་སྐོར་ནས་སོང་ཚེ་ལམ་ཐག་ལྡབ་གཉིས་ལས་ཇེ་རིང་དུ་བུད་འགྲོ། དེ་བས། སྔོན་ཆད་ཐོམ་བུ་ཁིས་སུ་ཐག་རིང་གི་ཇག་པ་སྐོར་ཞིག་ཡོང་ནས་འཕྲོག་བཅོམ་གྱི་སྦྱོར་བ་སྣ་ཚོགས་སྤེལ་པའི་དུས་མཚུངས་སུ། རི་དྭགས་ཀྱང་སྣ་མང་བསད་མྱོང་མོད། དེ་ལས་ཐོམ་བུ་ཁིས་ཀྱི་གླ་བར་མེ་མདའ་བརྒྱབ་ཚད་ཀྱི་མདེའུ་གླ་བར་ཕོག་པ་དང་མཉམ་དུ། རང་གི་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་པའི་མི་ལའང་ཕོག་པར་མ་ཟད། ཁོ་ཚོའི་བུ་རབས་ཚ་བརྒྱུད་ལའང་གནོད་པར་བྱེད་པས། ཇག་རྒོད་སྐོར་ཞིག་ལ་ཚད་མི་འདྲ་བའི་གྱོང་གུད་ཐེབས་པ་དང་བསྟུན་ནས་ཇག་ཚོགས་དེའང་རིམ་གྱིས་ཐོར་ལ། ཐོམ་བུ་ཁིས་དང་དེ་ཡི་གླ་བའི་མིང་ཡང་ཇག་ཚོགས་ཐོར་བ་དང་བསྟུན་ནས་ས་ཁྱབ་རྡོ་ཁྱབ་དུ་སོང་སྟེ། ཡུལ་འདིའི་དྲུག་ཅུའི་རྒན་རྒོན་ནས་ན་ཆུང་བྱིས་པ་ཐམས་ཅད་ཀྱིས་ས་མིང་འདི་མི་ཤེས་པ་གཅིག་ཀྱང་མེད།

གཉིས། ཨ་ཁུ་སྟོབས་ལྡན་རྒྱ་མཚོའི་ཆུང་མ་ཡིད་འཕྲོག་ལྷ་མོ(དངོས་མིང་ལ་ཆོས་སྐྱིད་སྒྲོལ་མ་ཟེར)ནི་ཡུལ་འདིར་མོ་རྩིས་ལུང་བསྟན་ལ་ཐོགས་པ་མེད་པའི་སྔགས་རྒན་གུ་རུ་རྡོ་རྗེའི་བུ་མོ་ཐ་ཆུང་ཡིན་ལ། མཛེས་ཤིང་ལྟ་ན་སྡུག་པས་ཡུལ་མི་རྣམས་ཀྱིས་དངོས་མིང་མི་འབོད་པར“ཡིད་འཕྲོག་ལྷ་མོ”ཞེས་སྒྲོགས་པར་བྱེད་ཀྱང་། འཇིག་རྟེན་སྣང་བའི་དབང་དུ་གྱུར་ཏེ་ལུས་བོངས་ཆེ་ཞིང་ཁ་སྣ་རགས་ལ། ཆུང་དུས་ནས་དྭ་ཕྲུག་ཏུ་ལུས་པར་བརྟེན། རི་དྭགས་རྔོན་བཞིན་ལྟོ་གོས་ཕུད་པའི་སྟོབས་ལྡན་རྒྱ་མཚོ་དང་ལུས་འདྲེས་ཏེ་རྐྱ་ཞིག་མ་ཐུབ་པར་གྱུར། སྔགས་རྒན་གུ་རུ་རྡོ་རྗེའི་མོ་རྩིས་ལྟར་ན། བུ་མོ“ཡིད་འཕྲོག་ལྷ་མོ”རྔོན་པ་སྟོབས་ལྡན་རྒྱ་མཚོར་ཁྱིམ་ཐབ་ཏུ་བྱིན་ཚེ། “སྟག་གི་མགོ་ལ་སྦྲུལ་གྱི་མཇུག་འདྲ་འབྱུང”ཟེར་བ་ལྟར།ཚེ་སྟོད་ལ་སྐྱིད་ཀྱི་མེ་ཏོག་བཞད་ཀྱང་། ཚེ་སྨད་ལ་སྡུག་གི་དུག་ཚེར་སྐྱེས་པར་མ་ཟད། ད་དུང་ཁོ་ནི་མོའི་ཚེ་ཡི་འདུ་བྱེད་བསྡུ་མཁན་དུ་འགྱུར་ཉེན་ཆེ་ཞེས་རང་གི་བུ་མོར་ཕྱག་མ་འཚལ་ཙམ་གྱི་སྒོ་ནས་ཞུ་བ་བྱས་ཀྱང་། ཡོད་ཚད་ལྐོག་གྱུར་ཏུ་སྣང་བས་སུ་ཞིག་རྣ་བར་འགྲོ། རྩིས་འབྲས་དེར་སྡེ་མི་རྣམས་རྣ་ལ་འགྲོ་བ་ལྟ་ཞོགཁོའི་བུ་མོ་ཡིད་འཕྲོག་ལྷ་མོ་དང་མོའི་སྙིང་གི་དུམ་བུ་སྟོབས་ལྡན་རྒྱ་མཚོའང་རྣར་མ་སོང་།

དང་ཐོག་ཡིད་འཕྲོག་ལྷ་མོ་དང་སྟོབས་ལྡན་རྒྱ་མཚོ་གཉིས་ཀ་རྩིས་འབྲས་དེར་བཤོལ་ཆེད། སྲིན་པོ་རྫ་སུལ་དུ་བྲོས་ཏེ་ཤིང་ཁང་ཆུང་ཆུང་སྟབས་བདེ་ཞིག་ལས་ཤིང་། སྒོ་ཟོག་འགའ་རེ་གཉོར་བའི་དུས་མཚུངས་སུ། རི་དྭགས་རྔོན་བཞིན་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་བསྡད། མི་ལོ་སུམ་ཅུ་རིམ་བཞིན་ཟད་ནས་བཞི་བཅུའི་རྩ་སྟོད་དུ་སླེབས་ཀྱང་ཁོ་གཉིས་ལ་བུ་བུ་མོ་གཅིག་ཀྱང་མ་བྱུང་བས། གཞོན་དུས་ཁྱོས་མི་ཟ་ན།ངས་མི་འཐུང་ཟེར་བའི་བཟའ་ཚོ་གཉིས་ཀའི་བར་ལའང་འགལ་བ་སྣ་ཚོགས་བྱུང་ལ། འགལ་བའི་གཞི་རྩ་ཕར་དེད་ཚེ་ཨ་ཁུ་སྟོབས་ལྡན་རྒྱ་མཚོས་བུད་མེད་གཞན་ཞིག་ལ་འབྲེལ་བ་བཟུང་སྟེ་ཐང་བུ་སྐྱེས་པས་རེད། དོན་དངོས་སུ་དེ་ནི་ཨ་ཁུ་སྟོབས་ལྡན་རྒྱ་མཚོ་ཆུང་མ་ཡིད་འཕྲོག་ལྷ་མོར་བརྩེ་དུངས་མེད་པ་མ་ཡིན་པར། དེ་ནི་ཁོས་རང་ཉིད་ལ་དངོས་གནས་རྒྱུད་ཡོད་མེད་ལ་ཚོད་ལྟ་བྱས་པ་ཙམ་ཡིན།

སྔགས་རྒན་གུ་རུ་རྡོ་རྗེས་སྒྲུབ་པ་ཉམས་ལེན་ལ་གཅིག་ཏུ་གཞོལ་ནས་རང་གི་མཚམས་ཁང་དུ་སེང་གེའི་འགྱིང་སྟབས་སུ་བཞུགས་བཞིན་དགོངས་པ་ཆོས་དབྱིངས་སུ་འཐིམ་པ་དང་བསྟུན་ཏེ། བུ་མོ་ཡིད་འཕྲོག་ལྷ་མོ་དང་རྔོན་པ་སྟོབས་ལྡན་རྒྱ་མཚོ་ཁྱོ་ཤུག་གཉིས་ཀའང་སྡེ་བ་འདིར་གནས་སྤར་ལ། སྡེ་སྨད་དུ་གཞིས་ཀ་གསར་བ་ཞིག་རྡུང་བ་དང་མཉམ་དུ། སྲིན་པོ་རྫ་སུལ་གྱི་ཤིང་ཁང་ཡང་བཤིག་ནས་གཞིས་ཀའི་ནང་དུ་ཁང་བ་ལས། དེ་ལྟར་མི་ཚེ་ཕྱེད་ཀ་ལྷག་ལ་ཁེར་རྐྱང་གི་འཚོ་བ་རོལ་པའི་ཁྱོ་ཤུག་དེ་གཉིས་རང་སྡེ་ཕྱུག་མོའི་ནང་དུ་བབས་ཟིན་ནའང་། སོ་ནམ་གྱི་ལས་ལ་མ་གོམས་པའམ། ཡང་ན་ཉམས་མྱོང་དང་ལག་རྩལ་ཞན་པའི་རྐྱེན་གྱིས་སྡེ་བ་ཡོངས་ནས་དབུལ་པོའི་གྲས་སུ་ཚུད། སྔོན་ཆད་དང་བསྡུར་ན་ས་ཐག་ཇེ་རིང་དུ་སོང་བའི་རྐྱེན་ཨེ་ཡིན་ནམ། ཨ་ཁུ་སྟོབས་ལྡན་རྒྱ་མཚོ་ལན་རེར་རི་དྭགས་རྔོན་དུ་སོང་ནའང་། ལག་སྟོང་མཆན་ལ་བཙིར་ནས་ཡོང་བའི་སྐབས་ཀྱང་ཇེ་མང་ནས་ཇེ་མང་དུ་སོང་། འཚོ་བའི་ཆུ་ཚད་བགྲང་བྱའི་འགྲོས་དང་བསྟུན་ནས་ཇེ་དམའ་དང་ཇེ་སྡུག་ཏུ་འགྲོ་ཐེངས་རེར། ཨ་ཡེ་ཡིད་འཕྲོག་ལྷ་མོ་རང་ཉིད་གཅེས་པར་སྐྱོང་མཁན་གྱི་ཕ་རྒན་གུ་རུ་རྡོ་རྗེ་ལ་དད་པ་ཇེ་མཐོ་དང་དྲན་གདུང་ཇེ་ཆེར་ཕྱིན་ལ། ད་ལྟའི་གནས་བབ་འདི་ཨ་ཕས་རྩིས་འབྲས་ཀྱིས་མཐོང་ཡོད་པར་མ་ཟད། ཚེ་འདིར་བུ་བུ་མོ་ཞིག་གི་བགོ་སྐལ་མེད་པའང་ཨ་ཕས་སྔ་མོ་ནས་མཐོང་ཡོད་ངེས་སྙམ།

ལྷག་པར་མཛོ་མོ་རྭ་ཡས་མས་བརྡུང་སྟེ་ལུས་ལ་རྨ་ཁ་བཟོས་པ་ནས་བཟུང་། དྲུག་ཅུ་སྔས་མགོ་དང་ལྔ་བཅུ་གཏན་མ་བྱས་པའི་ཨ་ཡེ་འདི་ཉལ་སར་ལྷུང་བ་དང་། མོ་ཉལ་སར་ལྷུང་བ་དང་བསྟུན་ནས་ཁྱིམ་འདིའི་ལས་ཀ་ཡོད་ཚད་ཨ་ཁུ་སྟོབས་ལྡན་རྒྱ་མཚོ་གཅིག་པུའི་སྟེང་དུ་ལྷུང་བ་སྟེ། ནད་པར་བདག་སྐྱོང་དང་ཟས་ཀྱི་གཡོ་སྐོལ། ཁྱིམ་གྱི་གད་བདར་སོགས་ཀྱི་ནང་ན་འབུ་མེ་ལྕེབས་འཁོར་འཁོར་བྱེད་བཞིན་པར་མ་ཟད། ད་དུང་སྨན་པ་གདན་འདྲེན་དང་མོ་རྩིས་ལུང་བསྟན། བཅའ་བ་རིམ་གྲོ་བཅས་ཀྱང་གང་ལ་གང་བསྟུན་གྱིས་སྒྲུབ་ཀྱིན་འདུག

ཉིན་དེར་ཨ་ཁུ་སྨན་པས་ནད་པའི་རྨ་ཁ་སོས་སྤྱད་དུ་གླ་རྩི་ངེས་པར་དགོས་ཟེར་བས། ཨ་ཁུ་སྟོབས་ལྡན་རྒྱ་མཚོའི་སེམས་སུ་ཐོམ་བུ་ཁིས་གློ་བུར་ཤར་འོངས་ལ། དུས་མཚུངས་སུ་ཐོམ་བུ་ཁིས་ཀྱི་གླ་བའང་ཝ་ལེར་ཤར་འོངས། ཐོམ་བུ་ཁིས་ཀྱི་གླ་བ་བསད་པ་དང་། ཐོམ་བུ་ཁིས་ཀྱི་ཇག་ཚོགས་ཐོར་བ་དང་བསྟུན་ནས། མི་རིང་གཅིག་ལྷག་ལ་ཐོམ་བུ་ཁིས་སུ་རྔོན་ལས་ལ་འགྲོ་མཁན་གྱི་རྒྱུན་ཆད་པ་མ་ཡིན་ནམ། ད་ནི་རྒྱུན་སྐྱོང་ངམ་མི་སྐྱོང་། བསྐྱངས་ཚེ་ཇག་དཔོན་རྣམ་པའི་སྟེང་ལ་ལྷུང་བའི་གོད་ཆག་དེ་འདྲ་ཟློག་ཐུབ་མིན་མི་ཤེས་ལ། མ་བསྐྱངས་ཚེ་གཞན་དབང་ནད་ཀྱིས་འཆིང་བའི་རྒད་མོ་ཡིད་འཕྲོག་ལྷ་མོར་ཐར་བ་མེད་པས་རེད། ཨ་ཁུ་སྟོབས་ལྡན་རྒྱ་མཚོས་རང་ཁྱིམ་དུ་ཡོང་བའི་ལམ་བར་དུ་སྔ་འདང་ཕྱི་འདང་མང་བོ་བརྒྱབ།

ཁོས་རྒྱ་སྒོ་ཕྱེ་ནས་ཁྱམས་སྒོ་བརྒྱུད་དེ་ཡོང་བ་ན། གཞན་དབང་ནད་ཀྱིས་མནར་བའི་བཟའ་ཟླ་ཡིད་འཕྲོག་ལྷ་མོ་ནམ་རྒྱུན་དང་འདྲ་བར་བལ་གདན་ནག་པོ་ཞིག་གི་སྟེང་དུ་སློག་པར་བསྙེས་ཏེ་ཉལ་འདུག་ལ། ད་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པ་ལྟར་ཤ་ཟད་ནས་རུས་པར་ཐུག་ཡོད་པས། མི་སྙིང་ཆུང་ཞིག་གིས་གློ་བུར་མཐོང་ཚེ་ཕྱིས་འབྲོས་བྱེད་ཀྱང་སྲིད།

“ཨ་ཁུ་སྨན་པས་ཅི་ཟེར་གྱིན་འདུག”

རྒད་མོ་ཡིད་འཕྲོག་ལྷ་མོས་ཉལ་ས་ཇེ་བདེར་གཏོང་ཙམ་བྱས་རྗེས་སྐད་དམའ་མོས་དྲིས་བྱུང་།

“གླ་རྩི་དགོས་ཟེར།”

ཨ་ཁུ་སྟོབས་ལྡན་རྒྱ་མཚོས་དབུགས་རིང་ཞིག་ཕྱུང་རྗེས“ད་ལྟ་ཐོམ་བུ་ཁིས་སུ་མ་གཏོགས། སྲིན་པོ་རྫ་བརྒྱུད་འདི་ན་གླ་བ་མེད”ཟེར།

“ཐོམ་བུ་ཁིས་ཀྱི་གླ་བ་གསོད་མི་ཉན།”

“དེ་ངས་ལོས་ཤེས།”

ཨ་ཁུ་སྟོབས་ལྡན་རྒྱ་མཚོའི་སྐད་མགོ་ཅུང་མཐོ་བས། དོན་དག་གང་ཞིག་ལ་སྙིང་རླུང་འཕར་འདུག་པ་འདྲ། ཁོས་ལོབས་ཕྱོགས་ལྟར་ལག་ངོས་གཉིས་སྦྱར་ནས་འཕུར་འཕུར་འགའ་བྱས་རྗེས། ཁྱིམ་ཕུག་ཏུ་འཛུལ་ནས་དུས་ཡུན་ལོ་ཕྱེད་ལྷག་ལ་ལག་པས་མ་རེག་པའི་བོའུ་རྭ་རིང་དེ་བླངས་ཤིང་། ཕྱི་དོར་གཙང་མ་ཞིག་བྱས་རྗེས། མེ་རྟ་དང་སྨན་རྫས་གང་ལེགས་གྲ་སྒྲིག་བྱེད་པའི་ལས་ལ་བྲེལ།

ཨ་ཁུ་སྟོབས་ལྡན་རྒྱ་མཚོ་ཐོམ་བུ་ཁིས་སུ་གླ་བ་རྔོན་དུ་འགྲོ་བའི་གནས་ཚུལ་དེ་ཐོག་མར་རྒད་མོ་ཡིད་འཕྲོག་ལྷ་མོས་ཤེས་ལ། དེས་མོའི་གམ་དུ་རྩེད་མོར་ཡོང་བའི་བྱིས་པ་རྣབས་ལུག་འགར་བཤད་པ་དང་། དེ་ཚོས་མ་ཎི་ཁང་གི་སྒོ་ལམ་ན་སོས་དལ་གྱི་ཉི་མ་འཕུད་ཐབས་བྱེད་པའི་ལོ་ལོན་རྣམས་ལ་བཤད་པས། འཇིགས་ཡེར་བའི་འཕྲིན་གསར་དེས་སྡེ་བ་ཧྲིལ་པོ་ཟང་ཟིང་ལང་ལོང་དུ་བཏང་། དེ་བས་སྡེ་དཔོན་གཙོ་བྱས་པའི་རྒན་པ་མང་བོ་ཞིག་ཁོ་ལ་ཞུ་བ་བྱེད་དུ་ཡོང་བའི་དུས་མཚུངས་སུ། གསར་བུ་གཉིས་རེ་གཉིས་རེ་དཔུང་སྡེབ་ཀྱིས་ཨ་ཁུ་སྟོབས་ལྡན་རྒྱ་མཚོ་སྲུང་དུ་བཅུག་སྟེ། སྒོ་ཐེམ་ཕན་ལ་གོམ་ཕྱེད་ཙམ་ཡང་སྤོ་རུ་འཇུག་མི་རུང་བའི་བཀའ་ཁྱབ་བསྒྲགས་བྱས།

གསུམ། ཨ་ཁུ་སྟོབས་ལྡན་རྒྱ་མཚོས་རྐང་ལ་འཇུར་རྟ་དང་མགོ་ལ་ལི་མོ། ལུས་སུ་བོད་ཆས་གསར་བ་རེ་གོན་ཏེ་སྡེ་དཔོན་ཚང་གི་རྟ་དུང་དཀར་འདྲ་བ་དེ་ལ་བཞོན་ནས་སྟོད་ཀྱི་ན་གཞོངས་རིང་མོ་བརྒྱུད་དེ་བྲག་དམར་ལ་ཁར་སླེབས་པ་ན། ཉི་མ་གཞོན་ནུ་ད་གཟོད་སྲིན་པོ་རྫ་རྒན་གྱི་ཕྲག་གོང་ནས་བུད་དེ་རང་སྡེ་ཕྱུག་མོར་གསེར་གྱི་ལྭ་བ་གསར་བ་ཞིག་རིམ་བཞིན་གཡོག་གིན་འདུག ནངས་སྔ་ལངས་ལ་གོམས་པའི་ཁྱིམ་བདག་མ་རྣམས་ཀྱིས་ཞོགས་ཟས་ལ་གྲ་སྒྲིག་བྱེད་བཞིན་པ་འདྲ། སྡེ་བའི་མཁའ་དབྱིངས་སུ་དུ་ཞགས་འཁྱིལ་འདུག་ལ། གོང་ནས་མར་བལྟས་ཚེ་ཆར་ཤུལ་དུ་རི་ལ་ཉལ་བའི་སྨུག་པ་ཉི་འོད་དང་བསྟུན་ནས་ཡར་ལངས་པ་དང་གཉིས་སུ་མ་མཆིས། དྲུག་ཅུ་ལོ་ཡིས་ཟིན་པའི་རྒད་པོ་འདིའི་སྐྱ་རྩལ་ད་དུང་གཞོན་དུས་ཀྱི་ཁ་མ་ན་འདུག་སྟེ། སྲབ་སྐྱོགས་དགག་ཙམ་བྱས་པ་ན་རྟ་མཆོག་དེ་ཀེག་གིས་ལངས་པར་མ་ཟད། འཚེར་སྐད་ལྷང་ལྷང་སྒྲོགས་པ་བྲག་ཅར་འཁྱུད་ནས་རྒྱང་རིང་དུ་ཡལ་བར་འགྱུར། ཨ་ཁུ་སྟོབས་ལྡན་རྒྱ་མཚོའི་སེམས་སུ་གློ་བུར《གླིང་སྒྲུང》ནང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་ཤར་ཡོང་ལ། དེའི་དུས་སྤྱི་དཔོན་རོང་ཚ་ཁྲ་རྒན་ཧོར་སྒར་ལ་རྒྱུགས་དུས་ཀྱང་འདི་འདྲ་ཞིག་ཡིན་ངེས་ལ། ཡང་གཅིག་བཤད་ན། རང་ཉིད་རྔོན་ལ་འགྲོ་བའང་སྤྱི་དཔོན་རོང་ཚ་ཁྲ་རྒན་དང་དབྱེར་མ་མཆིས་སྙམ། ལྷག་པར་ད་ནངས་སོ་སྲུང་གསར་བུ་གཉིས་ཀ་དབྱུག་པ་རེ་རེའི་སྣ་ནས་དབང་བོར་བཏང་བ་དང་། སྡེ་དཔོན་ཚང་གི་རྟ་མཆོག་དུང་དཀར་འདྲ་བོ་ཡང་ཐབས་ཀྱིས་བཟུང་བ་ནི་ང་མིན་པ་གཞན་གྱིས་དཀའ་འོ་སྙམ་སྟེ། ཚད་མེད་པའི་ང་རྒྱལ་ཞིག་གིས་ཡོབ་རྡུང་བར་མེད་བྱེད་འདོད་ཅིག་སྐྱེས་བྱུང་།

དེའི་དུས། ཁྭ་ཏ་སོལ་བ་འདྲ་ཞིག་གིས“ཨ་བ། ཨ་བ”ཞེས་སྡུག་སྐད་བར་མེད་འབྱིན་བཞིན་རྒྱང་རིང་ནས་འཕུར་འོངས་ཏེ་ཁད་ཉེ་སའི་གསོམ་སྡོང་ཞིག་གི་མགོར་བབས་ཤིང་། ད་ཅི་འཕུར་ནས་ཡོང་དུས་དང་འདྲ་བར་སྡུག་སྐད་མུ་མཐུད་དུ་འབྱིན་པར་མ་ཟད། ཁོ་ལ་ཅི་ཞིག་གི་རྣམ་འགྱུར་སྟོན་པ་ལྟར་གཤོག་རྡེབ་ཡང་ཡང་བྱས་བྱུང་། ཨ་ཁུ་སྟོབས་ལྡན་རྒྱ་མཚོས་ངག་ནས“བུད་མེད་དང་ཁྭ་ཏ་གཉིས་ནི་བྱུར་གྱི་སྣ་འདྲེན་ཡིན་པས། ཐག་ཉེར་བཏུད་དུ་མ་བཅུག་ན་ལེགས”ཟེར་བཞིན་ཕྲག་གི་བོའུ་རྭ་རིང་ལེན་རྩིས་བྱས་པ་ན། བྱ་དེས་རྒད་པོའི་སེམས་འགྱུ་རྟོགས་པ་ལྟར་འཕུར་སྟབས་གཅིག་གིས་ཕ་གིའི་གྲོག་རོང་གཏད་ནས་ཡལ་སོང་ལ། ཨ་ཁུ་སྟོབས་ལྡན་རྒྱ་མཚོའི་སྒྲ་འཛིན་གྱི་བུ་གར་བཙན་གྱིས་འཛུལ་འོངས་པ་ནི“ཨ་བ། ཨ་བ”ཞེས་པའི་ཐན་སྐད་དང་། ཐན་སྐད་དེ་ལས་འཕོས་པའི་བྲག་ཅའི་སྒྲ་དབྱངས་རེད།

ཨ་ཁུ་སྟོབས་ལྡན་རྒྱ་མཚོས་ཕྲག་གི་བོའུ་རྭ་རིང་མ་བླངས་ལ། རྟའི་སྲབ་མདའ་དགག་སྟེ་ཀེག་གིས་ལངས་སུའང་མ་བཅུག་པར། རྟ་མཆོག་དུང་དཀར་འདྲ་བོའི་ཁ་ལོ་ཕར་གཅུ་ཚུར་གཅུ་བྱེད་བཞིན་ཐོམ་བུ་ཁིས་སུ་འཐེན་འདུག་པའི་ལམ་ཕྲན་དེད་ནས་སོང་། ཁོའི་སེམས་སུ་ཁྭ་ཏའི་གཤོག་རྡེབ་བྱེད་སྟངས་དང་མདང་དགོང་གི་རྨི་ལམ་གང་ལ་བརྟག་ཀྱང་སེམས་ཆུང་བྱས་པས་དགའ་སྙམ་ལ། ལྷག་པར་རྒད་མོ་ཡིད་འཕྲོག་ལྷ་མོའི་སོ་ལྷུང་བ་རྨིས་ཚུལ་དྲན་ཙ་ན། སྔར་མེད་ཀྱི་རྣམ་རྟོག་ཞིག་གིས་ནང་སེམས་འཁུམས་པར་བྱེད་ལ། དེ་དང་བསྟུན་ནས་ད་ཅིའི་སྐྱེས་པའི་ང་རྒྱལ་དེ་ཡང་འཇའ་ཚོན་ཡལ་འདྲའི་རྗེས་སུ་སྙེག་འགྲོ། ཐོམ་བུ་ཁིས་དང་ཁད་ཇེ་ཉེར་སོང་བ་དང་བསྟུན་ནས་ནགས་རྫོབ་ཀྱང་ཇེ་མཐུག་ཏུ་འགྲོ་བས། ཁོ་རྟ་མཆོག་དུང་དཀར་འདྲ་བོའི་གོང་ལས་བབས་ཅིང་མི་རྟ་གཉིས་ཀས་མུ་མཐུད་དུ་ལམ་ཕྲན་དེད་ནས་ཕྱིན། དེ་རིང་ནི་སྔོན་ཆད་དང་མི་འདྲ་བར་ཨ་ཁུ་སྟོབས་ལྡན་རྒྱ་མཚོ་རྔོན་ལས་ལ་ཆས་ན་ཡོང་འབབ་བཟང་བའི་ཉིན་ཞིག་ཡིན་པ་འདྲ། ལམ་གྱི་གཡས་གཡོན་དུ་རི་སྐྱེས་སྲོག་ཆགས་སྣ་ཚོགས་ལ་འཕྲད་པར་མ་ཟད། མེ་མདའ་རྒྱག་པའི་སྟབས་ཀྱང་ཧ་ཅང་ལེགས་མོད། ཁོས་དེ་དག་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་ཁོག་ཏུ་ལྷུང་བའི་མིག་ཟུང་ཀེམ་ཀེམ་གཡོ་བཞིན་གླ་བ་ཞིག་ཨེ་རིག་གི་རེ་བ་བྱེད་ལ། དེ་ཡང་མ་གཟུར་མ་ཤོར་པར་བོའུ་རྭ་རིང་གི་སྣ་ལ་དྲངས་རྗེས། དྲོད་མ་ཡལ་བའི་གླ་རྩི་བླངས་ཏེ་མཛེས་པའི་ལང་ཚོ་ཕངས་མེད་དུ་རང་ལ་ཕུལ་པའི་རྒད་མོ་ཡིད་འཕྲོག་ལྷ་མོ་སྐྱོབ་ཐུབ་ན་ཅི་མ་རུང་སྙམ་བྱུང་།

དྲོས་ཇ་མ་ཡོལ་ཙམ་ལ། ཨ་ཁུ་སྟོབས་ལྡན་རྒྱ་མཚོ་མི་རྟ་གཉིས་ཀ་ཐོམ་བུ་ཁིས་སུ་སླེབས་ཟིན་ལ། རང་གི་མྱོང་གོམས་ལྟར་ཆིབས་རྟ་ལམ་འགྲམ་གྱི་སྡོང་བོ་ཞིག་ལ་བཏགས་རྗེས། བོའུ་རྭ་རིང་དེ་ཕྲག་ལས་བླངས་ཏེ་རྐང་འཇབ་ལག་འཇབ་ངང་ཁིས་ཉག་གོང་གི་དེའུ་འབུར་སྟེང་དུ་འགོས་ཏེ་ཁོར་ཡུག་ཧྲིལ་པོར་ཞིབ་ལྟ་ཞིག་བྱས། དེའུ་འབུར་དེ་མཐོ་རྒྱུ་མེད་ནའང་། ཐོམ་བུ་ཁིས་ཞེས་ཀུན་ལ་གྲགས་པའི་རི་ཕྲན་དེ་ལག་མཐིལ་གྱི་རྫས་བཞིན་གསལ་བོར་མཐོང་ཐུབ་ལ། སྒང་གཞོང་དུ་འཁྱིལ་བའི་མཚེའུ་མེ་ལོང་འདྲ་བ་དེ་ཡང་མིག་གི་དགའ་སྟོན་དུ་ཤར་འོངས་པ་ནི་སྨོས་མེད་རེད། མཚེའུ་དེ་མཐོང་བས་ཁོ་ལ་གློ་བུར་ཁ་སྐོམ་པའི་ཚོར་བ་ཞིག་བྱུང་ལ། དུས་མཉམ་དུ་གྲོད་པའང་ལྟོགས་ཏེ་ཚ་ལངས་འདྲའི་མྱོང་བ་སྐྱེས།

དེ་སྔོན། ཁོའི་སེམས་ལ་ཐོམ་བུ་ཁིས་སུ་མི་རབས་གཅིག་ལ་རྔོན་པ་ཞིག་ཡོང་མ་མྱོང་བས། གླ་བ་མང་བོ་ཡོད་ངེས་སྙམ་ནའང་། ད་ལྟ་གླ་བ་ཞིག་ལྟ་ཅི་རི་བོང་ཞིག་གི་གྲིབ་གཟུགས་ཀྱང་མཐོང་རྒྱུ་མ་བྱུང་བས་སེམས་ཁོང་དུ་ཆུད་བཞིན་བོའུ་རྭ་རིང་ཐང་ལ་བཞག་རྗེས། རུམ་ནས་རྩམ་ཁུག་ཞིག་བླངས་ཏེ་རྩམ་པ་སྐམ་མིད་བྱེད་བཞིན་བསྡད། འདི་གར་གྱེན་དུ་བལྟས་ཚེ་སྲིན་པོ་དབུ་རྩེ་ཡང་ཕ་ཡུལ་ལུང་ཁུག་ཏུ་བལྟས་པ་ལྟར་རྩེ་མོ་མཁའ་ལ་སྙེག་འདྲ་ཞིག་མ་ཡིན་པར། ཐག་ཉེ་ཞིང་རྩེ་ལ་འཛེག་དགོས་ཀྱང་ཉིན་ཕྱེད་ཙམ་གྱིས་ལོས་སླེབས་སྙམ་པའི་ཚོར་སྣང་བྱུང་། ཡིན་ནའང་རྫ་རི་ཆེན་པོ་འདིའི་ཕ་རོལ་ནས་ལངས་པའི་སྤྲིན་དཀར་ཤ་མོའི་དབྱིབས་ཅན་དེས། རྫ་རི་མཐོན་པོ་འདི་ལ་སྔོན་ཆད་དང་འདྲ་བར་བརྗིད་ཉམས་སྨྲ་མི་ཤེས་པ་ཞིག་སྟེར་བས། མི་ཚེ་ཕྱེད་ཀ་ལྷག་ལ་རྫ་རི་འདིར་བརྟེན་ནས་འཚོ་བ་རོལ་ཅིང་འཁོར་བ་བསྐྱངས་པའི་རྒད་པོ་འདིར་དད་པ་དང་སྨོན་སེམས་ལྡོག་དཀའ་བ་ཞིག་དབང་མེད་དུ་སྐྱེས་འོངས།

རྨིག་སྒྲ་ཡ་མཚན་ཞིག་གིས་ཨ་ཁུ་སྟོབས་ལྡན་རྒྱ་མཚོར་དྲན་པ་ནང་དུ་འགུགས་སུ་བཅུག་ལ། རྩམ་ཁུག་ཕར་གཡུག་སྟེ་གམ་གྱི་བོའུ་རྭ་རིང་དེ་ལེན་བཞིན་མ་གིའི་ཁིས་ལམ་དུ་བལྟས་པར། གླ་བ་ཡ་རུ་འདྲ་བ་ཞིག་ཁིས་ལམ་གྱི་ཟུར་དུ་བུད་འདུག་སྟེ། ཁོ་མཐོང་བ་ལྟར་ཡོ་འགུལ་མེད་པར་གྱེན་དུ་བལྟས་འདུག

“གནམ་རྒན་མ། འདི་ནི་ཁྱོད་ཀྱིས་བདག་ལ་གནང་བའི་བགོ་སྐལ་ཡིན་ནམ།”

ཨ་ཁུ་སྟོབས་ལྡན་རྒྱ་མཚོས་དེ་ལྟར་ཁེར་བཤད་རྒྱག་ཞོར་དུ། བོའུ་རྭ་རིང་ཐང་ལ་བཙུགས་རྗེས་སྨན་བརྫངས་ཏེ་གླ་བའི་སྟེང་དུ་དམིགས་པ་ན། ཁོའི་མིག་ལམ་དུ་ངུར་སྨྲིག་མདོག་ཅན་གྱི་གོས་ཤིག་མངོན་པ་དང་། ཞིབ་ཏུ་བལྟས་ཚེ་རབ་བྱུང་བ་ཞིག་སྒོམ་ལ་ཞུགས་པའི་སྣང་བ་བྱུང་། ཨ་ཙི། འདི་ནི་མིག་འཕྲུལ་ཨེ་ཡིན་ནམ་བསམ་སྟེ་མགོ་བོ་བཀྱགས་ནས་ལྟ་སྐབས། ད་ཅིའི་གླ་བ་དངོས་ཡིན་པ་མཐོང་བས་སེམས་བདེ་ལ་འབབ་བཞིན་བོའུ་མིག་ལ་བླངས་ཏེ་མེ་ཡང་བགོས། དེའི་ཚེ་སླར་ཡང་ངུར་སྨྲིག་མདོག་ཅན་གྱི་གོས་ཤིག་ཁོའི་མིག་ལམ་དུ་རིམ་བཞིན་མངོན་པ་དང་མཉམ་དུ་བོའུ་ཁ་ཡང་གྲག་བྱུང་ལ། བྲག་ཅའི་སྒྲ་ཡིས་རི་ལུང་ཁེངས་ཤིང་ཕྱོགས་ཀྱི་ལྗོན་རྩེར་སོས་དལ་དུ་བབས་ཡོད་པའི་འདབ་ཆགས་རྣམས་ཀྱང་སེ་གོལ་གཏོགས་པའི་ཡུན་ལ་ཁྱུ་དང་ཁྱུ་བྱས་ནས་བར་སྣང་དུ་འཕུར་ལྡིང་བྱས་སོང་། ཁོས་བོའུ་བཟུང་ནས་གློ་བུར་ཡར་ལངས་པ་ན། གླ་བ་ཡ་རུ་འདྲ་བ་དེ་ཉིས་ཀུག་བྱས་ཏེ་སྔར་གྱི་ཁ་མལ་དུ་ལོག་བཞིན་པ་མཐོང་།

“ད་ནི་རྒད་མོ་ཡིད་འཕྲོག་ལྷ་མོ་སྐྱོབ་ཐུབ་སོང་བ་མ་ཡིན་ནམ།”

གཟུགས་བོངས་ཆེ་ཞིང་ཁ་སྣ་རགས་པའི་ཨ་ཁུ་སྟོབས་ལྡན་རྒྱ་མཚོས་དེ་སྐད་སྨྲ་བཞིན་མགོ་ཡི་རྒྱ་ཞྭ་ལི་མོ་ཡར་ལ་ཁད་བྱེད་བཞིན་ཁིས་ལམ་ཕྱོགས་སུ་འདུར་རྒྱུག་བྱས། ཁོ་གླ་བའི་གམ་དུ་སླེབས་དུས་དབུགས་ཧལ་ཧལ་དུ་གཏོང་ཞིང་། རྔུལ་ཆུ་སྣུམ་ཁུ་འདྲ་བ་འགའ་ཡང་འགྲམ་པ་བརྒྱུད་ནས་ས་ལ་ཐོར། མདེའུ་ནི་ཡོ་འཁྱོག་མེད་པར་གླ་བའི་སྙིང་ཁར་ཕོག་ནས་སྙིང་རྗེ་བའི་སྲོག་ཆགས་དེ་སྔ་མོ་ནས་ཤི་ཟིན་ནའང་། མིག་འབྲས་ཟུང་དེ་འོད་ཀྱི་ལེར་ཁོའི་ཕྱོགས་སུ་ཅེར་འདུག་ལ། ཁོར་ཡུག་ཧྲིལ་པོ་ཁྲག་གིས་སྦངས་བཞིན་ཡོད་པས་ལྟ་བ་མིག་གིས་མི་བཟོད་པ་ཞིག་རེད། དེའི་དུས་ཁོ་ལ་གར་ཡོང་མི་ཤེས་པའི་རྣམ་རྟོག་ཅིག་ལངས་ནའང་། ད་ནི་ཡོད་ཚད་ཕར་འདས་སོང་སྙམ་སྟེ་གསར་བུའི་དུས་སུ་རྔོན་ལ་ཕྱིན་ནས་གླ་བ་སོད་པ་དང་འདྲ་བར། སྐེད་ཀྱི་གྲི་ཐུང་དེ་བླངས་ནས་བྱང་ཆ་དང་བདེ་མྱུར་ཡོད་པའི་སྒོ་ནས་གླ་རྩི་བླངས་རྗེས། རི་སྐྱེས་སྲོག་ཆགས་དེའི་ཤ་དང་པགས་པ་རིན་ཐང་ཆེ་ཡང་དེ་རིང་ཉེར་མཁོ་མི་འདུག་སྙམ་བཞིན་དེ་གར་བསྐྱུར་རྗེས་རྟ་མཆོག་དུང་དཀར་འདྲ་བ་དེ་བཏགས་ཡོད་སར་སོང་། དེའི་དུས་ད་ནངས་སྡུག་སྐད་བར་མེད་བསྒྲགས་མྱོང་བའི་ཁྭ་ཏ་འདྲ་བ་ཞིག་གིས“ཨ་བ། ཨ་བ”ཞེས་སྒྲོག་བཞིན་རྒྱང་རིང་ནས་འཕུར་འོངས་ཏེ་རྟ་འདོགས་སའི་ལྗོན་རྩེར་བབས་ཏེ། དེ་སྔོན་དང་འདྲ་བར་གཤོག་རྡེབ་ཡང་ཡང་བྱས་བྱུང་ལ། ཕལ་ཆེར་དོན་དག་གལ་ཆེན་ཞིག་བྱུང་བར་འབོད་བརྡ་གཏོང་བ་དང་ཡང་མཚུངས། ཁོ་ནི་སྐྱེས་པ་ནས་རྣམ་རྟོག་མེད་པའི་མི་ཞིག་ཡིན་ནའང་། ད་ལྟ་རྣམ་རྟོག་གི་ས་བོན་ཞིག་ཁོའི་སེམས་ཀྱི་གཤིན་སར་རྐང་ཟུག་པས་སྙིང་དམར་པོ་ལྷོག་ལྷོག་ཏུ་ལྡིང་བའི་མཚུངས་སུ། ལག་པ་དང་སྒྱིད་པ་ཡང་བར་མེད་དུ་འདར་ཏེ་རྟའི་མཐུར་མདའ་ཡང་གྲོལ་དཀའ་བ་ཙམ་བྱུང་། སེམས་འགྱུ་དེ་ནི་སྔོན་ཆད་ས་འདིར་འདུས་ཤིང་ས་འདིར་འཐོར་བའི་ཇག་དཔོན་རྣམས་ཀྱི་གཏམ་རྒྱུད་ལས་བྱུང་བ་དང་འདྲ་ལ། ཡང་མདང་དགོང་གི་རྨི་ལམ་དང་དེ་རིང་གི་ཁྭ་ཏའི་སྡུག་སྐད་དང་གཤོག་རྡེབ་ལས་ཡོང་བ་དང་ཡང་འདྲ། ད་ནི་ཚུལ་དེ་དག་ལ་འདང་རྒྱག་ཁོམ་མི་འདུག་ཅིང་། བརྒྱབ་ཀྱང་ཕན་ཅི་ཡང་མི་ཐོགས་སྙམ་བཞིན་རྟ་མཆོག་དུང་དཀར་འདྲ་བ་དེར་བཞོན་ཏེ། བྱ་རྒོད་པོས་ཉིན་ལམ་གཅོད་གཅོད་བྱས་ཏེ་རང་སྡེ་ཕྱུག་མོ་དམིགས་ཏེ་སོང་།

ཨ་ཁུ་སྟོབས་ལྡན་རྒྱ་མཚོ་བྲག་དམར་ལ་ཁར་སླེབས་དུས། སྡེ་དཔོན་གྱིས་ཁབ་འོག་ལས་མི་ཧྲག་རྟ་ཧྲག་སྐོར་ཞིག་ཁྲིད་དེ་ར་མདའ་རྗེས་གཅོད་དུ་ཕེབས་འདུག་ལ། ཁོ་མཐོང་མ་ཐག་ཕྱོགས་སོ་སོ་ཨ་ལོང་བཞིན་སྐོར་ཏེ་བཟུང་རྗེས། གྲུ་གུ་སྒྲིལ་འདྲ་ཞིག་བཀྱིགས་ནས་སྡེ་དཔོན་རང་ཉིད་བཞོན་ཡོད་པའི་རྟའི་འཕོངས་སུ་བཀལ་བ་དང་འབྲེལ། རྡུལ་འཚུབས་སེ་ན་གཞོང་རིང་མོ་བརྒྱུད་དེ་རང་ཡུལ་དུ་ལོག

ཁོ་ཚོ་སྡེ་འགྲམ་དུ་སླེབས་པ་ན། སྐྱེས་ཕོ་མོ་རྒན་གཞོན་མང་བོ་ཞིག་སྡེ་སྨད་ཀྱི་ཨ་ཁུ་སྟོབས་ལྡན་རྒྱ་མཚོ་ཚང་གི་གཞིས་ཀའི་ཟུར་ཁར་བུད་འདུག་ལ། ཡོད་ཚད་མགོ་རྗེན་ཤ་སྟག་ཏུ་འདུག་པས། ཁོའི་བཞིན་རས་སྐྱ་བོར་གྱུར་ཅིང་ངུ་མ་དགོད་ཀྱི་རྣམ་པ་དང་བཅས“བདག་ཐང་ལ་འབབ་ཏུ་འཇུག་རོགས”ཞེས་ཞུ་བ་ཡང་ཡང་བྱས།

སྡེ་དཔོན་གཙོ་བྱས་པའི་གསར་བུ་རྣམས་ཀྱིས་སྨྱོ་ལ་ཉེ་བའི་རྒད་པོ་དེ་ཐང་ལ་བླངས་ནས་བཀྱིགས་ཐག་གྲོལ་པ་ན། མགོ་སྐྲ་ཚ་རུ་ལྟར་དཀར་བའི་ལོ་ལོན་འགའ་ཁོ་ཚོའི་གམ་དུ་སླེབས་ཟིན་ལ། ཕྱིས་སུ་བུད་མེད་དང་བྱིས་པ་མང་བོ་ཞིག་ཀྱང་འབྲངས་ཏེ་སླེབས་བྱུང་། ཁོ་ཚོའི་ངོ་མཚར་བའི་མིག་འོད་ཡོད་ཚད་ཨ་ཁུ་སྟོབས་ལྡན་རྒྱ་མཚོའི་སྟེང་དུ་ཕོག་འདུག་པས། ཁོའི་སྒྱིད་པ་དང་ལག་པ་ད་ཅི་དང་འདྲ་བར་ལྷབ་ལྷུབ་ཏུ་འདར་བྱུང་བར་མ་ཟད། སྐད་ངག་ཀྱང་འདར་ལིང་ལིང“ཨ་ཡེ་ཡིད་འཕྲོག་ལྷ་མོས་མ་ལྕོགས་པ་ཨེ་རེད”ཅེས་དྲིས་བྱུང་།

“རེད་ཡ། ང་ཚོའི་ས་ཆ་འདིར་སྔོན་ཆད་རྟགས་བསྟན་པ་བཞིན་དུ།” རྒད་པོ་སྨ་ཚར་ཅན་དེས་དེ་ལྟར་ལེ་བདའ་བྱས་བྱུང་།

“མོས་ནམ་ཚོད་མ་ལྕོགས་པ་རེད།”

“དྲོས་ཇ་མ་ཡོལ་ཙམ་ལ།”

“མདེའུ་སྙིང་ཁར་ཕོག་འདུག་གམ།”

“འོ་ལོས། སྙིང་ཁར་ཕོག་འདུག”

“ཡོད་ཚད་ང་ལན་པ་ཡིན།”

ཨ་ཁུ་སྟོབས་ལྡན་རྒྱ་མཚོས་དེ་ལྟར་ངུ་སྐད་འདྲེས་མའི་ངང་དུ་ལབ་རྗེས། རུམ་གྱི་དྲོད་མ་ཡལ་བའི་གླ་རྩི་དེ་མི་ཚོགས་ཀྱི་ཁྲོད་དུ་གཡུགས་སོང……

གཏམ་རྒྱུད་ནི་དེ་ལྟར་མཇུག་རྫོགས་པར་བྱས་ཡོད་དེ། ཕྱིས་ཀྱི་བྱུང་རིམ་ཡོད་ཚད་ཀློག་པ་པོ་རྣམས་ཀྱི་བགོ་སྐལ་དུ་བཞག་འདུགདེ་ལས་གསང་བ་ལྐོག་གྱུར་གྱི་དོན་དག་ཅིག་ད་ནི་ཀུན་གྱི་རྣ་བར་བསྒྲགས་ཆོག་སྟེ། གསལ་བོར་བཤད་ན། ཨ་ཁུ་སྟོབས་ལྡན་རྒྱ་མཚོ་དང་ཆུང་མ་ཡིད་འཕྲོག་ལྷ་མོ་གཉིས་ཀ་སྲིན་པོ་རྫ་སུལ་དུ་སྡོད་དུས། བུད་མེད་གཞན་ཞིག་གི་ཆེད་དུ་འགལ་བ་བྱུང་མྱོང་ཟེར་བ་དེ་ཡིན་ལ། བུད་མེད་དེ་ཉིད་བརྩད་གཅོད་མཁན་ཡོད་ཚེ། དེ་ནི་ངའི་ཨ་ཕྱི་ཡིན།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།