ཀྲུང་གོ་བོད་ཀྱི་དྲ་བ།

ཚང་དུ་མི་བྲེལ་བའི་བྱ་ཞིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཤར་དྲི་བཞོན།   སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མོས་མལ་ཁང་ནས་ཁ་པར་ཞིག་ལ་མཉན་ཚར་རྗེས།དེ་གར་ཅི་ཞིག་ལ་བསམ་བློ་གཏོང་བ་ལྟར་ཡུད་ཙམ་ལ་ཧད་དེ་བསྡད་པ་དང་།ཕྱིར་མགྲོན་ཚོམས་སུ་ཡོང་།

“ཕུ་བོས་བཤད་རྒྱུར།ངའི་ཨ་ཅེ་ད་དུང་འབོད་དུ་མ་ཡོང་ཟེར།དེ་ཚང་གིས་ཨ་ཅེ་ལ་ཐུབ་ཚོད་བྱས་མ་བྱས་མེད།ཨ་ཅེ་ཡིས་སྡུག་མྱངས་མྱངས་ཤིག་སྡེ་བའི་ནང་གི་མ་སྲུ་གཅིག་གིས་ཀྱང་མྱངས་མེད་མོད།མཐའ་མར་སྒོ་རུ་དེད་པ་འདི་རེད”མོས་རང་གི་ཁྱོ་ག་ལ་གཏད་དེ་དེ་སྐད་བཤད།

འབོལ་ཁྲིའི་གཞོགས་ཁྲིའི་ཐོག་རྐང་པ་གཉིས་རིང་དུ་སྲིང་བཞིན་དཔེ་ཆར་ལྟ་བའི་ཁྱོ་གས་དཔེ་ཆར་ལྟ་མཚམས་བཞག་ཅིང་།ཁ་ཚུར་ལ་འཁོར།“དཔེ་སྲིད་དམ”ཁྱོ་གས་དེ་ལྟར་བཤད།“གཉིས་ཀ་ལོ་ན་ལྔ་བཅུར་སོན་འདུག ད་མི་འགྲིག་པར་ཅི་བྱ།”

“ཨ་ཅེ་ཁོས་ནམ་རྒྱུན་སྲིང་མོ་ང་ཚོས་བྱིན་པའི་ལྭ་བ་རྙིང་པ་དག་གྱོན་པ་མིན་ན།རྒྱབ་ལ་གོན་པ་མདོག་ཟད་ལྷན་པ་གླན་པ་ཞིག་མ་གཏོགས་བླངས་མ་མྱོང་།གྲོང་རྡལ་གྱི་ཟ་ཁང་དུ་ཐུག་པ་དཀར་ཡོལ་གང་ཡང་འཐུང་དུ་སོང་མྱོང་མེད།ད་ནི་ཨ་ཅེ་ཁོ་སྡེ་བའི་ནང་གི་མ་སྲུ་ཚོའི་དཔེ་འཇོག་ས་ཞིག་ཏུ་གྱུར་ཡོད་པ་གདོན་མི་ཟ”མོས་དེ་ལྟར་སྨྲས།

“འདི་ལྟར་བསྐྱུར་ཏེ་འཇོག་མི་སྲིད།དེ་གཉིས་ཀར་བྱིས་པ་གཉིས་ཡོད་པས”ཁྱོ་གས་དེ་ལྟར་བཤད་ཀྱིན་རྒྱབ་འཁེན་བྱེད་ཀྱི་བསྙེས་འབོལ་དེ་ཇེ་བདེར་བཏང་རྗེས་མུ་མཐུད་དུ་དཔེ་ཆར་བལྟས་བྱུང་།

“རི་མགོའི་ཕྱུགས་འཚོ་བ་དང་ཞིང་ལས་ཕལ་ཆེ་བ་ཨ་ཅེས་ལས་ཀྱིན་ཡོད།མོའི་སྐྱེས་པ་ཞོར་ལས་སུ་ཕྱིན་ན་ཡང་ཉིན་ཅང་མ་སོང་བར།གླ་མང་པོ་མི་སྟེར་གི་ཞེས་ཡུལ་དུ་བྲོས་ཡོང་།ཁོས་ད་རག་ཏུ་ཞོར་ལས་ནས་སྒོར་སྟོང་གཅིག་གི་ཡན་ཁྱེར་ཡོང་མ་མྱོང་ཟེར”མོས་མུ་མཐུད་དུ་གནས་ཡུལ་ནས་མ་ཁྱིམ་དུ་ལོག་པའི་ཨ་ཅེ་གླེང་འདོད་མོད།ཁྱོ་གས་སླར་ཅི་ཡང་མི་ཟེར།ཁོའི་བློ་རིག་ཕྱིར་དཔེ་ཆའི་ཐོག་ལ་གཅིག་ཏུ་བསྒྲིམས་འདུག

མོས་ཁྱོ་གར་ཅིག་བལྟས་རྗེས།མགྲོན་ཚོམས་ཀྱི་སྒེའུ་ཁུང་དེའི་མདུན་དུ་བཅར།ཁ་ལྷོ་རུ་གཏད་པའི་སྒེའུ་ཁུང་དེ་སྲིད་རིང་ལ་ཞེང་ཆེ།མོ་ཚང་གི་སྡོད་ཁང་གི་རྒྱབ་རོལ་གྱི་རྣམ་པ་དག་གསལ་ལེར་མཐོང་ཐུབ།གཞིས་ཁུལ་དེ་གྲོང་ཁྱེར་གྱི་དབུས་འགྱུར་དང་ཁད་རིང་ནའང་།གཞིས་ཁུལ་དེའི་ནང་ན་ཡང་མི་ཁྱིམ་འདུག་སའི་ཐོག་ཁང་སུམ་ཅུ་ལྷག་འཚང་རུབ་བརྒྱབ་སྟེ་གང་སར་མདོང་ངེར་འགྲེང་བས།མིའི་མཐོང་ལམ་འཕྲེད་དུ་བཅད་དེ།ཐག་རིང་བའི་གནས་ནི་མིག་གིས་ཟིན་ཐབས་བྲལ།དགུན་ཟླ་སྐྱ་བོ་འདིར་ཐོག་ཁང་དེ་དག་མིའི་མིག་ལམ་ན་སྔར་བས་ཀྱང་སྲ་ཞིང་མཁྲེགས་ལ་ཧོན་འཐོར་བའི་གདོས་གཟུགས་འབའ་ཞིག་ཏུ་སྣང་།སྐབས་རེར་ཐོག་ཁང་རེ་ནས་ལག་ཏུ་ཁྲིའུ་བཟུང་བའི་བགྲེས་པོ་གཅིག་དང་གཉིས་སྒོར་བུད་ཅིང་།ཁོ་ཚོ་ལྡུམ་རའི་བར་གྱི་རྒྱུ་ལམ་ན་སྒུར་སྒུར་དང་ཡམ་མེ་ཡོམ་མེར་ཉི་མར་ལྡེ་རུ་འགྲོ་བཞིན་འདུག དེ་རིང་གི་ནམ་ཟླ་མི་ལེགས་རྒྱུ་མི་འདུག ཕྱི་དྲོའི་ཉི་འོད་སེར་ལམ་མེར་ཁང་རྩེག་གི་ཐོག་དང་བར་ལམ་དུ་ཐོགས་རེག་མེད་པར་འཕྲོ།སེར་ལམ་ལམ་གྱི་ཉི་འོད་འོག་ན།ལྗང་མདོག་གིས་བཏང་བའི་ལྕང་སྡོང་རིང་པོ་དག་ཀྱང་ཐུར་དུ་འཕྱང་བའི་ཡལ་ག་ཤིག་ཤིག་གཡོ་ཞིང་།སྡོང་རྩེ་ན་སྐྱ་ཀ་ཞིག་གིས་གཤོག་རྡེབ་བྱེད་ཀྱིན་ཀ་ཀའི་གྲེ་འགྱུར་སྒྲོག་གིན་འདུག ད་དུང་ཡར་ཕྱོགས་ན་མོ་དང་ལོ་ཚོད་ལོས་མཉམ་སྙམ་པའི་ཕོ་མོ་གཉིས་ཀྱིས་དཔུང་བ་མཉམ་གཤིབ་ཀྱིས་ག་ལེར་མར་ལ་འོང་གིན་འདུག སྒེའུ་ཁུང་རྩ་ཡི་མོས་དེའི་མུར་ཕྱི་རོལ་དུ་གཡེང་བའི་མཚམས་བཞག་སྟེ།ཁ་ཕྱིར་འཁོར།

མོས་ཡང་ཁྱོ་གར་གཏད་དེ“འུ་གཉིས་ཕྱི་རོལ་དུ་འཆམ་འཆམ་ལ་ཕྱིན་ན་ག་འདྲ།དེ་རིང་ནམ་ཟླ་བཟང”ཞེས་དྲིས།

“ཁྱོད་སོངས”ཁོས་དཔེ་ཆའི་ཐོག་ནས་མགོ་བོ་འགྱོག་ཙམ་ཡང་མི་བྱེད་པར་དེ་སྐད་སྨྲས།

“ཁྱོད་ཀྱང་འགྲོ་ཡ།ཕྱི་རུ་རྣམ་གཡེང་རེ་བྱ་རུ་སོང་ན་བཟང”མོས་ཡང་བསྐྱར་དེ་ལྟར་བཤད།

ཁོས་གཞི་ནས་དཔེ་ཆ་ལྟ་མཚམས་བཞག་ལ།མགོ་བོ་ཡར་བཀྱགས་ཏེ་མོར་ཅེར་བྱུང་།འོན་ཀྱང་མོས་རེ་ཞིང་བསྒུགས་པའི་ལན་དེ་ཁོའི་ཁ་ནས་མ་བུད།“ཁྱོད་འདིར་སུན་པ་ལ།ངས་དཔེ་ཆར་ལྟ་བཞིན་པ་མི་མཐོང་ངམ།འགྲོ་འདོད་ན་ཁྱོད་རང་ཉིད་སོངས”ཞེས་བཤད།

མོས་སྐད་གདངས་དམའ་མོས“འོན་ཀྱང་ང་གཅིག་པུ་འགྲོ་མི་འདོད་པས……”ཞེས་ཤུབ་བུར་ཟློ།

“འགྲོ་མི་འདོད་ན་ཁྱོད་ཀྱིས་ཀྱང་དཔེ་ཆ་ཞིག་བཟུང་ལ་ལྟོས།ཁྱོད་ཀྱང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་མིན་ནམ”ཁོས་མགོ་བོ་ཚུར་དཀྱོགས་ཏེ་བཤད་པ་དང་།སླར་ཡང་དཔེ་ཆར་བལྟས་བྱུང་།

འབོལ་ཁྲིའི་ཐོག་ནས་འཕག་ཙམ་ཡང་མི་བྱེད་པའི་ཁྱོ་གའི་ཚུགས་ཀ་དེས་མོ་ལ་ཁང་པའི་ནང་དུ་འདུག་འདོད་ཡེ་ནས་མེད་པར་བྱས་སོང་།“སྒོ་རུ་འཆམ་རོགས་ཀྱང་མི་བྱེད”མོས་ཤབ་ཤུབ་འདོན་བཞིན་སྒོའི་ནང་རོལ་དུ་སོང་།སྒོ་འགྲམ་གྱི་གྱང་ངོས་སུ་བཀལ་བའི་བྱ་སྤུའི་གྱོན་ཆས་དེ་ལུས་ལ་གྱོན།ཨ་ཅེ་གླེང་ན་ཁོས་ཉན་འདོད་མེད་པའི་རྣམ་འགྱུར་སྟོན་ཡོང་ལ།ཐ་ན་སྒོ་རུ་ཕྱིན་ཏེ་སྐྱོ་བསང་བྱ་འདོད་ཀྱང་ཁོས…… མོ་སྐས་ཐོག་ནས་འབབ་སྐབས་ན་ཟུག་ཅིག་གང་ཞིག་ནས་མོའི་ལུས་ཡོངས་སུ་ཁྱབ་བྱུང་ལ།ན་ཟུག་དེ་རྩུབ་རེག་ཆེ་བའི་ལག་ཟུང་ཞིག་དང་འདྲ་བར་མོའི་སེམས་འཁུམས་པར་བྱས་སོང་།མོ་ཐོག་ཁང་གི་སྒོ་ཆེན་ཁ་རུ་བུད་པ་ན།མདུན་ཐད་ཀྱི་ལམ་ཁ་ན་ཐོག་ཁང་འདིའི་ཞོལ་ན་འདུག་པའི་གསར་བུ་དེས་རླངས་འཁོར་ལ་གད་བདར་བྱེད་ཀྱིན་པ་མཐོང་།ལྕགས་སྒོ་ཁྲོག་སེ་ཕྱེ་བའི་སྒྲ་དེ་གོ་བ་ལོས་ཡིན།ལོ་གཞོན་དེས་ཀྱང་མོའི་ཕྱོགས་སུ་མིག་ཞགས་ཤིག་འཕངས་སོང་།

“ཨ་ཅེ།གང་ཞིག་ལ་འགྲོ་རྩིས་ཡིན།གཅིག་པུ།ཕུ་བོ་ཁྱིམ་ན་མེད་དམ”ལོ་གཞོན་དེས་འཛུམ་མདངས་ཤིག་ཤིག་གིས་དེ་ལྟར་དྲིས།ལོ་གཞོན་དེར་ཆ་རྒྱུས་དེ་འདྲ་མེད་ནའང་།སྐས་ཚན་འདིའི་ནང་དུ་མོ་ཚང་གི་མི་ལ་གར་འགྲོ་ཅི་བྱེད་ཀྱི་ཁ་ཡ་བྱེད་མཁན་ནི་ལོ་གཞོན་ཁོ་གཅིག་པུ་ཡིན།རྩེག་རིམ་དང་པོ་ན་འདུག་པའི་ཁོས་མོ་དང་མོའི་བཟའ་ཟླ་གཉིས་གང་ཞིག་ནས་མཐོང་ན།ཨ་ཅེ་དང་ཕུ་བོ་ཞེས་བོས་ཏེ་གུས་ལུགས་བསྟན་ཡོང་ལ།མོ་བཟའ་ཟླ་གཉིས་ཀའི་སུ་ཞིག་གིས་དངོས་པོ་ལྗིད་མོ་རེ་རླངས་འཁོར་ལས་ཕོག་པ་མཐོང་ན།ཁོ་ཡོང་ནས་ཡར་ཐོག་ཁང་དུ་འཁྱེར་གྲོགས་བྱ་ངེས། གསར་གཞོན་དེའི་གདོང་ན་ནམ་ཡང་བག་ཡངས་སྤྲོ་སྐྱིད་ཀྱི་འཛུམ་མདངས་ཤིག་ཡལ་དུ་མེད་ལ།དེ་རིང་ཁོའི་དགའ་ལྷང་ལྷང་གི་སྐད་སྒྲ་དང་གདོང་གི་ཉི་ཟེར་ལྟ་བུའི་འཛུམ་མདངས་དེ་མཐོང་བའི་མོད་ལ།མོའི་ད་ཅི་འཁུམས་སོང་བའི་སེམས་ཀྱི་རྒྱ་དེ་ཡང་རིམ་གྱིས་བསྐྱེད་བྱུང་།

མོས“འོ་ལེ།ང་སྲང་ལ་འགྲོ་རྒྱུ་ཟེར་གོ།ཁྱོད་ཀྱིས་རླངས་འཁོར་ལ་བྱི་དོར་བྱེད་ཀྱིན་ཡོད་དམ” ཞེས་བཤད།

“ཨ་ཅེ།ངའི་རླངས་འཁོར་དུ་སྡོད་དང་།ང་ཡང་སྲང་ལ་འགྲོ་གྲབས་བྱེད་ཀྱིན་ཡོད”གསར་བུ་ལོ་གཞོན་དེས་ཕྱིས་རས་དང་རས་ཕྱགས་སོགས་རླངས་འཁོར་གྱི་གཞུག་སྒམ་དུ་སྡུད་བཞིན་བཤད།

“མིན།ང་སྒོ་ཁར་འཆམ་འཆམ་ལ་འགྲོ་བ་ལས་སྲང་དུ ……”མོ་ཚབ་བེ་ཚུབ་བེར་སྐད་མགོ་ཡང་ཇེ་དམར་གྱུར།

ཕ་རོལ་གྱི་གསར་བུས་མོའི་སྐད་ཆ་གསལ་པོ་ཞིག་མ་གོ་བ་འདྲ།“འགྲོ།ང་འགྲོ་རྒྱུ་ཞོར་གཅིག་རེད།སྡོད་དང”ཞེས་རླངས་འཁོར་དུ་འདུག་པར་གདན་དྲངས་པ་ན།མོ་ནི་དེ་གར་ཐག་གིས་མི་ཆོད་ཐེ་ཚོམ་དང་བཅས་ཡུད་ཙམ་ཕྱིན་མོད།མཇུག་མཐར་གསར་བུ་དེའི་གདོང་གི་འཛུམ་མདངས་དང་ལྷག་བསམ་བཟློག་མ་ཐུབ།

གསར་བུས་རླངས་འཁོར་བསྐོར་ཏེ་ཅུང་ཙམ་མདུན་དུ་སོང་བ་དང་མོའི་ཕྱོགས་སུ་འཁོར་ཏེ“ཨ་ཅེ།དེ་རིང་ཁྱོད་ཀྱི་ངོ་མདངས་དེ་འདྲ་བཟང་རྒྱུ་མི་འདུག ཅི་ཉེས”ཞེས་བཤད་བྱུང་།མོས་མགོ་བོ་སྨད་ཙམ་གྱིས་ཕྱིར་ཅི་ཡང་མ་སྨྲས་མོད།གསར་བུས་སླར་ཡང་མོ་ལ་ལྟ་ཙམ་བྱས་རྗེས“ཁྱིམ་མི་ཚང་མ་བདེ་མོ་ཡིན་ནམ”ཞེས་དྲིས་བྱུང་།

“ངའི་ཨ་ཅེ་ཁོ”མོའི་ངག་ནས་དེ་སྐད་ཐལ་བ་ན།རླངས་འཁོར་སྐོར་གྱིན་པའི་གསར་བུས་དེ་འཕྲལ“ཁྱོད་ཀྱི་ཨ་ཅེ་ལ་ཅི་ཞིག་བྱུང་སོང”ཞེས་དྲིས་བྱུང་།

མོས་རང་གི་གཅེན་མོ་གནས་ཡུལ་ནས་བསྐྲད་པའི་དོན་དེ་ལོགས་ཀྱི་གསར་བུ་ལ་གླེངས།གསར་བུས་མཉན་རྗེས་ཧ་གོ་སོང་བའི་ཚུལ་དུ་མགོ་ལྕོག་ལྡེམ་ལྡེམ་ཞིག་བྱས་ལ།ཁག་མི་འདུག་ཅེས་པའི་མདངས་ཤིག་ཀྱང་གདོང་ནས་མངོན་བྱུང་།ཡིན་ན་ཡང་འདི་ནི་མོའི་བཞིན་མདངས་ཉམས་པའི་རྐྱེན་གཅིག་པུ་ག་ལ་ཡིན།འོན་ཏེ་རྒྱུ་རྐྱེན་གཞན་དག་མོའི་སེམས་ཀྱི་གཏིང་ཞབས་སུ་རྡོ་བཞིན་འབྱར་ཏེ།ཡར་འཕག་ཙམ་ཡང་བྱས་མ་བྱུང་།

“འགྲིག་སོང་ན་བཟང་།གལ་སྲིད་འགྲིག་ཐབས་མ་བྱུང་ན་འཐོར་བ་ལས་འོས་མེད།བསྒྲིགས་པ་བརྒྱ་དང་འཐོར་བ་སྟོང་ཟེར་བ་མིན་ནམ”གསར་བུ་འདིའི་ཁ་ནས་སྐད་ཆ་དེ་འདྲ་ཞིག་ཐལ་བ་ན།མོ་ཅུང་ཙམ་ཧ་ལས་སོང་།མོའི་ཁྱོ་གས་ཀྱང་དེ་སྔོན་རིགས་མཚུངས་ཀྱི་སྐད་ཆ་ཞིག་བསམ་གཞིག་གི་ཚགས་ལ་མ་བརྒྱབ་པར་མོ་ལ་བཤད་མྱོང་བ་མིན་ནམ།ཉིན་འགའི་སྔོན་ལ་མོས་རང་གི་ཨ་ཅེ་གནས་ནས་འདུག་མ་ཐུབ་པར་མ་ཁྱིམ་ལ་ཡོང་བ་དེ་གོ་བ་དང་།ཁྱོ་ག་ལ་དེའི་ཕྱོགས་གླེངས།དང་ཐོག་ཁོས་རྣ་བ་བླགས་ཏེ་ཉན་མོད།མོས་མཚམས་མི་འཇོག་པར་ཨ་ཅེའི་སྐོར་གླེངས་པ་ན།བཟའ་ཟླའི་གདོང་ལ་རིམ་གྱིས་ཉན་མི་འདོད་པའི་སུན་སྣང་ཞིག་ཤར་ཞིང་།དེའི་མུར“འགྲིག་སྲིད།གལ་སྲིད་འགྲིག་ཐབས་མ་བྱུང་ན་འཐོར་བ་ལས་འོས་མེད།བསྒྲིགས་པ་བརྒྱ་དང་འཐོར་བ་སྟོང་ཟེར་བ་མིན་ནམ”ཞེས་བཤད་དེ་མོ་ལ་མུ་མཐུད་དུ་ཁ་བརྡ་བྱ་འདོད་ཀྱི་ཡི་ག་འཆུས་པར་བྱས་སོང་།

མོས་སླར་ཅི་ཡང་མི་སྨྲ་བར་ཁ་རོག་གེར་བསྡད་པ་ན།གསར་བུས་ཨ་ཅེ་ཡིས་ཁོ་ལ་བདེན་བྱིན་སོང་སྙམ་པ་ལྟར་མཐུད་དེ“ང་ཡང་འཐོར་མྱོང་བ་ཞིག་ཡིན།ད་ལྟ་ཁ་བཀོད་ལག་ཐེ་བྱེད་མཁན་མེད།ཅི་བྱེད་རང་དབང་།དངོས་གནས་དགེ་བ་ཞིག་རེད།ཧ་ཧ”ཞེས་དགོད་ཀྱིན་ལབ་བྱུང་།

ཁོ་གཉིས་ཁ་བརྡ་བྱེད་ཀྱིན་གཞིས་ཁུལ་དང་གྱེས་ཏེ་གཞུང་ལམ་དུ་སླེབས།དེ་དང་བསྟུན་ནས་གསར་བུས་ཀྱང་འཇེབས་འཁོར་གྱི་བང་འགྲོས་ཀྱང་ཇེ་མགྱོགས་སུ་བཏང་སོང་། དུས་ཚོད་རིང་པོ་ཞིག་མ་སོང་བར་ཁོ་གཉིས་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་ཁོང་གསེང་དང་ཉེ་བཞིན་འདུག་ལ།རླངས་འཁོར་གྱི་མདུན་རོལ་དང་གཡས་གཡོན་དག་ནས་མི་ཚོགས་དང་རླངས་ འཁོར་གྱི་འཁྲུག་ཆ་ཆེ་ནས་ཆེ་རུ་འགྲོ་བཞིན་འདུག འདུ་འཛི་ཆེ་སར་ཉེ་བ་དང་།ལྟོས་བཅས་ཀྱིས་ལྷིང་འཇགས་ཡིན་པའི་གྲོང་ཁྱེར་གྱི་ཉེ་འཁོར་དུ་འཚོ་བ་རོལ་བའི་མོ་ལ།གོམས་ལོབས་དཀའ་བའི་ཚོར་བ་མི་བདེ་བ་ཅིག་བྱིན་པ་དང་མཉམ་དུ་ཚབ་ཚུབ་ཅིག་ཀྱང་མོར་དབང་མེད་དུ་སྐྱེ་རུ་བཅུག དེའི་ཁར་གྲོང་ཁྱེར་གྱི་དཀྱིལ་འདི་འདྲ་ཞིག་ལ་ཡོང་དོན་དང་དམིགས་ཡུལ་ཅི་ཡིན་མོར་བཤད་རྒྱུ་ཅང་མེད།སྐབས་དེར་ལོགས་ཀྱི་གསར་བུས་ཁ་གྲགས་བྱུང་།(ཁོས་མོའི་སེམས་སུ་ཅི་དྲན་རྟོགས་སོང་བ་འདྲ)“ཨ་ཅེ།ཁྱོད་ལ་ཉོ་རྒྱུ་འདྲ་ཡོད་དམ།མེད་ན་འུ་གཉིས་གསོལ་ཇ་ཁང་ཞིག་ཏུ་སོང་ནས་བསྡད་ན་ཅི་འདྲ”ཞེས་དྲིས་པར།མོས་མྱུར་དུ“མིན་མིན།ཇ་འཐུང་དུ་མི་འགྲོ”ཞེས་མགོ་བོ་འཕྲེད་དུ་གཡུག

གསར་བུས“དེ་མ་བྱ།དོན་དག་ཅང་མེད་ན་འགྲོ།ང་ཡང་དེ་རིང་མི་ཁོམ་རྒྱུ་ཅང་མེད”ཅེས་བཤད་པ་དང་།ཡང“སྐབས་རེར་ཇ་ཁང་དུ་སོང་སྟེ་བག་ལྷོད་པོས་ཁ་བརྡ་རེ་བྱས་ན་སེམས་ཁམས་ལ་ཡང་བཟང”ཟེར།

གསར་བུས་བདེན་ཅོག་ཅོག་གིས་དེ་ལྟར་བཤད་པ་ན།མོས་ཀྱང་གཞི་ནས་གཞིས་ཁུལ་དང་ཐག་ཅུང་རིང་བའི་གནས་ཤིག་ལ་འགྲོ་བར་རྒྱུ་མཚན་ཞིག་རྙེད་པ་ལྟར།མི་སྨྲ་བའི་བརྟུལ་ཞུགས་ཀྱིས་འཐད་པའི་བརྡ་ཡི་ཚབ་བྱས།

གསར་བུས་མོ་ཡིད་འཐད་བྱུང་བའི་ཚུལ་དེ་མཐོང་བ་དང་།དགའ་སྤྲོ་དང་བཅས་ཏེ་ལག་པ་གཉིས་ཀས་མཉམ་གཅིག་ཏུ་དཀྱོགས་འཁོར་སྟེང་ལ་རྣོ་སྦྲེང་དཀྲོལ་མཁན་ཞིག་བཞིན་རྡེབ་རྡེབ་ལན་འགའ་བྱས།ཁོས་དཀྱོགས་འཁོར་སྟེང་ལ་ལག་པས་རྡེབ་རྡེབ་བྱེད་པ་དེ་ལ་གདེང་ཚོད་ཐིག་པོའི་ཡིད་ཆེས་ཤིག་གིས་ཁེངས་པ་མ་ཟད།མོར་བལྟས་ནོར་བྱུང་བ་མིན་ན་གསར་བུའི་གདོང་ལ་ད་དུང་ཅི་ཞིག་མི་འགྱང་མངོན་དུ་འགྱུར་བའི་ཁེངས་ཉམས་ཤིག་ཀྱང་ཤར་འདུག ཁེངས་དྲེགས་དེས་དུས་རྒྱུན་མི་སུ་དང་ཕྲད་ན་གུས་ཉམས་ཆེ་བའི་ཞི་དུལ་དེ་ཡང་གང་ཞིག་ལ་དེད་དེ་མཐོང་རྒྱུ་མི་འདུག“ད་ཅུང་ཙམ་སོང་ཚེ།གསོལ་ཇ་ཁང་དུ་བསླེབ་ངེས”གསར་བུས་རླངས་འཁོར་གྱི་ཆུ་རྒྱུན་ཁྲོད་དུ་རང་གི་འཇེབས་འཁོར་ལེབ་ལེབ་དེ་བདེ་མྱུར་རྩལ་གྱིས་གསེར་ཉ་འཁྱུག་འཁྱུག་བཞིན་སྐོར་བར་བྱེད།ཡིན་ན་ཡང“ད་ཅུང་ཙམ་སོང་ཚེ་བསླེབ་ངེས”ཞེས་པའི་སྐད་ཆ་དེས་མོའི་སེམས་པ་གློ་བུར་དུ་བློང་བློང་དུ་བཟོས་སོང་ལ།སྙིང་གི་འཕར་ལྡིང་ཇེ་དྲག་ཏུ་བཏང་།མོ་རླངས་འཁོར་དུ་མུ་མཐུད་དུ་འདུག་བཟོད་མེད་པར་གྱུར།ཇ་ཁང་ནས་རོ་ལྡན་བཏུང་ཇ་མཉམ་དུ་ལོངས་སྤྱོད་བྱས་ཚར་རྗེས།ངེད་གཉིས་ཀྱིས་མཐུད་དེ་ཅི་ཞིག་བྱ་དགོས་སམ།སྐབས་དེར་མོའི་མིག་ལམ་དུ་གསར་བུ་འདིས་ཐེངས་འགར་བྱད་བཞིན་མི་གཅིག་པའི་བུ་མོ་རེ་རླངས་འཁོར་དུ་བཞག་སྟེ་ཁྲིད་པའམ་སྡོད་ཁང་དུ་ཁྲིད་འོངས་པ་དེ་ཤར་ལ།ཁོས་ད་ཅི་བཤད་པའི་ད་ལྟ་ང་ལ་ཁ་བཀོད་ལག་ཐེ་བྱེད་མཁན་མེད་པས།ཅི་བྱེད་རང་དབང་ཡིན་ཟེར་བའི་སྐད་ཆ་དེའང་རྣ་ལམ་དུ་སིང་སིང་གྲགས་བྱུང་བས།མོར་སེམས་ཁྲལ་དང་དངངས་འཚབ།འགྱོད་པ།ངོ་ཚ་བཅས་མཉམ་དུ་འཕེལ་བྱུང་།གློ་བུར་དུ་མོ་ནི་གྲོག་རོང་ཟབ་མོ་ཞིག་གི་ཁ་རུ་གཅར་ལྟའི་ལུས་གཟིལ་བུན་པ་བྱུང་བ་དང་མཉམ་དུ་སྐད་ངན་ཞིག་ཁ་ནས་ཤོར་སོང་།སྐད་སྒྲ་གཟན་པོ་དེས་རླངས་འཁོར་སྐོར་མཁན་གྱི་གསར་བུ་རྟབ་རྟབ་པོར་བཏང་སྟེ།ཨེན་ཙམ་མིན་ན་ཁོའི་ཁ་ལོ་དཀྱུ་རྩལ་ལའང་འཐུས་ཤོར་བྱུང་སྟེ།ཉེ་འགྲམ་གྱི་རླངས་འཁོར་ཞིག་ལ་རྡུང་ཐུག་བརྒྱབ་སོང་།ཁོས་འདང་མ་ཕོག་པ་ལྟར“ཅི་རེད”ཅེས་དྲིས་པར།མོས་མྱུར་དུ“འགྲོ་མཚམས་ཞོག་དང་།ང་འབབ་རྒྱུ”ཞེས་བཤད།

ཡིན་ནའང་ཁོས་ཡེ་ནས་མ་གོ་བ་ལྟར་རླངས་འཁོར་སྐོར་མཚམས་མ་བཞག་པ་མ་ཟད།ལྡོག་སྟེ་རླངས་འཁོར་གྱི་འགྲོས་ཇེ་མགྱོགས་སུ་བཏང་།མོས་སླར་ཡང“འགྲོ་མཚམས་ཞོག་དང་།ང་འབབ་རྒྱུ་ཡིན”ཞེས་སྐད་ཅོར་རྒྱག་ཞོར་དུ་ལག་ཡས་བསྲིངས་ཏེ།ཁོའི་དཀྱོགས་འཁོར་ལ་འཇུས་པའི་ལག་པ་ནས་འཐེན་པ་ན།ཁོས་རླངས་འཁོར་གཞི་ནས་ལམ་འགྲམ་དུ་བསྐོར་ཏེ་བསྡད།མོས་དེའི་མུར་འཁོར་སྒོ་ཤུགས་ཀྱིས་ཕྱེ་བ་དང“ཨ་ཙི་ངས་ཅི་ཞིག་བྱེད་ཀྱིན་ཡོད་དམ”ཞེས་ཤབ་ཤུབ་ འདོན་བཞིན་ཐང་དུ་བབས་མ་ཐག ཕྱིར་ཁོ་གཉིས་འོང་སའི་ཕྱོགས་སུ་བརྒྱུགས།མོ་དེ་ལྟར་དབུགས་ལྷེམ་ལྷེམ་ངང་གོམ་པ་བརྒྱ་ལྷག་གི་མཚམས་སུ་སླེབས་མཐར།གཞི་ནས་འགྲོ་མཚམས་བཞག་སྟེ་ཁ་ཕར་ལ་འཁོར་ཏེ་བལྟས།གསར་བུ་དེ་རླངས་འཁོར་དུ་འཛུལ་གྱིན་འདུག་ལ།མཐུད་དེ་རླངས་འཁོར་མདུན་ཕྱོགས་སུ་བསྐོར་ཏེ་བུད་སོང་།

རླངས་འཁོར་ནས་འབབ་སའི་སྲང་བར་དེ་ནས་མོ་ཚང་ཡོད་སའི་གཞིས་ཁུལ་གྱི་བར་ལ་ཉུང་མཐར་ཡང་སྤྱི་ལེ་བདུན་ལྷག་ཡོད་མོད།མོ་དེ་རིང་ནམ་རྒྱུན་དང་མི་འདྲ་བར་རང་ཁྱིམ་དུ་ལོག་རྒྱུར་བྲེལ་མ་བྱུང་།དུས་ཚོད་ནི་ག་འདྲ་ཞིག་ཏུ་སླེབས་པ་ཁང་རྩེག་གི་རྩེ་ན་ལྷག་པའི་ཉི་འོད་སེར་པོ་ལ་བལྟས་པ་ཙམ་གྱིས་ཤེས་མོད།མོར་སྔར་བཞིན་བྲེལ་བ་མ་ལངས་ལ།སྤྱི་སྤྱོད་རླངས་འཁོར་རམ་གླ་འཁོར་དུ་འདུག་འདོད་ཀྱང་མ་སྐྱེས།མོ་དེ་ལྟར་རྐང་ཐང་དུ་ཁང་རྩེག་གི་ནགས་མཐའ་བརྒྱུད་ཅིང་།ཡར་རྒྱུག་མར་རྒྱུག་གི་རླངས་འཁོར་གྱི་རྦ་ཀློང་འཁྲིགས་པའི་འགྲམ་ངོགས་ ནས་སོང་།སྔོ་ཚོད་དང་ཟས་རིགས་བཙོང་སའི་ཁྲོམ་ར་དེའི་སྒོ་ཆེན་ཁར་འབྱོར་བ་ན།སྒོ་འགྲམ་གྱི་བསྙལ་ཤུན་འཐུང་ས་དེས་མོའི་གོམ་འགྲོས་དབང་མེད་དུ་ཇེ་དལ་དུ་བཏང་།སྔོན་ཆད་མོ་དང་ཁྱོ་ག་གཉིས་ཁྲོམ་ར་འདི་རུ་སིལ་ཏོག་དང་སྔོ་ཚོད་སོགས་ཉོ་རུ་ཡོང་དུས།འདི་ནས་བསྙལ་ཤུན་ཟོས་ཏེ་འགྲམ་ཆུ་ལྡང་བའི་སྲེད་པ་དེ་འཇོམས་པར་བྱས་མྱོང་།འོན་ཀྱང་དེ་རིང་མོས་མདོག་སེར་ལ་ལྕུག་ལྕུག་གཡོ་བའི་ཟས་དེ་ཁ་ལ་རེག་པ་ན།སྒོག་པ་དང་སྐྱུར་ཁུ་སོགས་བསྡེབས་པ་མང་ཉུང་མི་མཉམ་པ་ལྟར་ཞིམ་མངར་ཞིག་མི་འདུག་པའི་ཁར།གཅིག་པུས་འདི་ལྟར་ཟ་བ་ནི་ཕག་ཏུ་རྐུ་ཟ་བྱེད་ལྟའི་ངོ་གནོང་ཞིག་ཀྱང་སྐྱེས་བྱུང་བས།ཟ་འཕྲོར་བསྐྱུར་ཏེ་སྒོར་བུད།

མོ་མུ་མཐུད་དུ་སོང་བ་ན་ཁང་རྩེག་དང་མི་ཚོགས་ཇེ་སྲབ་ཏུ་སོང་སྟེ།སྲང་ལམ་ཡང་དེ་བཞིན་དུ་འཁོབས་ཡངས་སུ་གྱུར་པས།རླངས་འཁོར་རྣམས་ཀྱང་གྲོང་ཁྱེར་གྱི་དཀྱིལ་ལྟར་འཚང་རྒྱག་མི་བྱེད་པར་བདེ་ལྷོད་ལྷོད་ཀྱིས་སྐྱོད་ཀྱིན་གདའ།ཡར་ཕྱོགས་ནས་མཐོ་དམའ་མི་འདྲ་བའི་ཁང་རྩེག་ཐར་ཐོར་གྱི་གསེང་ན་མགོ་སྐེ་ཡར་ལ་འབུར་བའི་ཁང་རྩེག་སེར་སྐྱ་ཞིག་མིག་ལམ་དུ་རྒྱུ་ཡོང་།ཁང་རྩེག་མཐོན་པོ་གན་གྱི་མདུན་རོལ་ན་མོ་ཚང་གི་སྡོད་ཁང་ཡོད།ཡིན་ནའང་ཁང་རྩེག་མཐོན་པོ་དེས་མོར་ཁྱིམ་ལ་མྱུར་དུ་ལོག་འདོད་ཀྱི་བྲེལ་བསླང་རྒྱུ་ཕར་ཞོག ཕྱི་ངོས་སེར་སྐྱ་ཡིན་པའི་ཁང་རྩེག་དེ་མཐོང་བའི་མོད་ལ།མོ་ལ་ཡི་མུག་འདྲེས་མའི་ངལ་དུབ་ཅིག་སྐྱེ་རུ་བཅུག འོ་ན་གང་དུ་འགྲོའམ།མོས་འགྲོ་མཚམས་བཞག་སྟེ་ཕྱོགས་བཞིར་མིག་གཡེང་བྱས་པ་ན།གཡས་ཕྱོགས་ཀྱི་ཁང་རྩེག་ཏུ་མའི་ཕ་རོལ་ནས་བྱང་རིར་འབོད་པའི་སྒང་རྒྱུད་དེའི་རྩེ་མོ་མོའི་མིག་ལམ་དུ་ཤར་བྱུང་།སྨུག་སེང་ངེར་བརྟན་བརླིང་ངེར་དབེན་འཇགས་སྲུང་བའི་གནས་དེས་མོའི་སེམས་ལ་བདེ་བའམ་སྤྲོ་སྣང་ཞིག་ངང་ངམ་ཤུགས་ཀྱིས་འཁྱུག་པར་བྱེད་ལ།དེའི་མུར་རི་བོ་གན་གྱི་སྟེང་ལ་འགོས་ཏེ་ཀི་རིང་ཞིག་འདེབས་པའམ་རི་བོའི་ཕག་ཏུ་སོང་ནས་སྐད་ཤུགས་ཆེན་པོས་ངུ་འདོད་ཅིག་ཀྱང་མོར་སྐྱེས་མོད།དེ་ནི་འགྲུབ་དཀའ་བའི་དོན་དངོས་ཤིག་སྟེ།རི་ལ་འགོས་ཤིང་རི་ནས་ཕྱིར་ལྡོག་པར་དུས་ཚོད་གཉིས་ཀྱིས་མི་འདང་བ་ཐག་གིས་ཆོད་ཐུབ་ལ།འཁྱག་སིབ་སིབ་ཀྱི་གྲིབ་སོ་རིང་མོས་ད་ནི་སྲང་ལམ་ཡོངས་སུ་ཁེབས་པ་འདིས་ཀྱང་རྒྱང་མིག་ཆད་རག་བར་དུ་དུས་ཚོད་རིང་པོ་ཞིག་མེད་པ་བརྡ་སྦྲོན་གྱིན་འདུག མོས་སླར་ཡང་ལྗིད་ཏིག་ཏིག་གི་གོམ་ཁ་མདུན་ལ་བསྒྱུར།ད་ནི་གོམ་པ་མྱུར་ལེན་གྱིས་སོང་ཚེ་མི་རིང་བར་གཞིས་ཁུལ་དུ་འཐེན་པའི་ལམ་ཁ་རུ་བསླེབ་ངེས་མོད།མོས་བསམ་གཟས་ཏེ་གོམ་པའི་འགྲོས་བུལ་བར་བཏང་།དེ་ལྟ་ན་ཡང་མོ་ཇི་ལྟར་བུལ་བའི་འགྲོས་ཀྱིས་སོང་ན་དེ་ལྟར་དུ་མོ་དང་གཞིས་ཁུལ་གཉིས་ཀྱི་བར་ཐག་དེ་མིག་གིས་བལྟས་བལྟས་ལ་ཐུང་ངུར་སྟུང་གིན་འདུག ཡིན་ན་ཡང་མོ་སྔར་བཞིན་མྱུར་དུ་ཁྱིམ་དུ་ལོག་འདོད་མ་བྱུང་བས།གཡོན་ཕྱོགས་ཀྱི་སྲང་ཤུར་དེ་མཐོང་བ་ན།མོས་དེ་འཕྲལ་རྡོག་མགོ་དེ་ཕྱོགས་སུ་བསྒྱུར།འོན་ཀྱང་སྲང་ཤུར་དོག་མོ་འདི་ནས་སྔོན་ཆད་དེ་འདྲ་སོང་མ་མྱོང་བས།དགོང་ཁ་འདིར་མོ་ལ་འདྲོགས་འདྲོགས་ཤིག་བྱུང་ལ།གོམ་འགྲོས་ཀྱང་རང་བཞིན་གྱིས་ཇེ་མགྱོགས་སུ་གྱུར།སྲང་ཤུར་དེ་ནས་བུད་པ་དང་།མོ་མི་ཚོགས་དང་རླངས་འཁོར་གྱི་འཁྲུག་ཆ་དོད་པའི་སྲང་ཞིག་ཏུ་སླེབས་ལ།དེ་ནས་གཡས་སུ་དཀྱོགས་ཏེ་སོང་།མོ་ག་ལེར་འཁོར་གྱིན་འཁོར་གྱིན་སོང་ཞིང་།སྐབས་འདིར་གང་ཞིག་ལ་བསྙེག་དགོས་པ་མོ་ལ་གཏན་ནས་བཤད་རྒྱུ་མེད་ལ།མོའི་སེམས་ཀྱི་དྲན་ཤེས་མི་གསལ་མག་མོག་ཡིན་པ་ནི།སྐབས་འདིའི་འོད་མདངས་ཡལ་བའི་རབ་རིབ་གནམ་ངོ་དང་གཉིས་སུ་མེད་པས།མོས་རང་གི་གར་འགྲོའི་རང་དབང་དེ་རང་གི་རྐང་པ་གཉིས་ལ་སྤྲད་སོང་།མོ་དེ་ལྟར་ཁ་ཕྱོགས་ངེས་མེད་དུ་མྱུག་ཅིང་འཁོར་མཐར་སྐབས་ཤིག་ལ་རྒྱུས་ཡོད་ཀྱི་གནས་ཤིག་ལ་སླེབས་པའི་སྣང་བ་ཞིག་ཐོལ་གྱིས་སྐྱེས།མ་གཞི་མོ་ནི་ཤེས་མེད་ཚོར་མེད་ཀྱི་ངང་ལ་རང་ཚང་གི་གཞིས་ཁུལ་ལ་སྐོར་བ་གཅིག་བརྒྱབ་པ་དེ་རེད།མོ་གཞིས་ཁྱིམ་གྱི་སྒོ་ཆེན་ཁ་ནས་ཕྱིར་འཁོར་ཏེ་གང་ཞིག་ལ་འགྲོ་བསམ་སྐབས།ཧ་ཅང་རྒྱུས་མངའ་བའི་འབོད་སྒྲ་ཞིག་སྒོ་ཆེན་གྱི་ཕར་ནང་ནས་གྲགས་བྱུང་།ཡིན་ན་ཡང་མོས་མ་ཐོས་ཁུལ་དུ་ཁ་ཕར་ལ་འཁོར་ཏེ་ཕྱིན།

“ལྷ་མོ།ཁྱོད་གང་ལ་འགྲོ་རྩིས་ཡིན།ཁྱིམ་དུ་མི་ལོག་པར”མི་དེས་མོའི་མིང་ནས་འབོད་ཀྱིན་རྗེས་སུ་བརྒྱུགས་ཡོང་།རྗེས་སུ་ཆོད་པ་དང་།མོའི་དཔུང་བར་འཇུ་བཞིན“ཁ་པར་བཏང་ན་ཁྱོད་ཀྱིས་རང་གི་ལག་འཁྱེར་ཁ་པར་ཁྱིམ་དུ་བསྐྱུར་འདུག ང་བློ་བདེ་བཞིན་མེད་པ་མི་ཤེས་སམ”ཞེས་ བཤད་པ་ན།མོས“ཁྱོད་ཀྱིས་བཤད་མི་དགོས”ཞེས་ཁོའི་ལག་པ་ནས་འདེད་ཀྱིན་འཕག་ར་རྒྱག་ཅི་ཐུབ་བྱས།“ང་ཁྱོད་ཀྱི་རྩིབ་ལ་འགྲོ་མི་འདོད”ཅེས་སྨྲས་བྱུང་།

ཁོ་ནི་མོའི་སྐད་ཆ་དེས་མགོ་རྨོངས་པར་བྱས་པ་ལྟར་ཡུད་ཙམ་ལ་ཧད་དེ་ལུས།“ངས་ཁྱོད་ལ་ཅི་བྱས་སོང”ཞེས་དྲིས།

མོས“ངས་རང་གི་སེམས་ཀྱི་སྡུག་བཤད་ན་ཁྱོད་ཀྱིས་མི་ཉན།ཐ་ན་སྒོར་འཆམ་འཆམ་འགྲོ་རོགས་ཀྱང་མི་བྱ།ཁྱོད་ལྟ་བུའི་བཟའ་ཚང་ཞིག་གིས་ཅི་བྱ་ཨང”ཞེས་བཤད་ཀྱིན་ངུས་བྱུང་།

“ཁྱོད་འདི་བྱིས་པ་ཞིག་དང་འདྲ།ཡ་ཡ།ད་དེ་མ་བྱ།ང་ནོར་སོང”ཁོས་དེ་ལྟར་བཤད་ཀྱིན་ཆུང་མ་རང་གི་ཕྱོགས་སུ་འཁོར་དུ་བཅུག

མོ་ཚུར་ལ་འཁོར་བ་དང་མགོ་བོ་ཁྱོ་གའི་བྲང་གཞུང་ཆེན་པོ་དེར་བསྙེས་ཏེ་སྐད་ཤུགས་ཆེན་པོས་ངུས་བྱུང་།མོ་ངུ་བའི་སྒྲ་ལ་ཡུན་རིང་བསྐྱིལ་བའི་ཆུ་ཞིག་རགས་ལས་ཤོར་ལྟའི་ཤེད་ཤུགས་ཤིག་གིས་ཁེངས་པས།ཡར་འགྲོ་མར་འགྲོའི་མི་འགའ་རེས་མཚར་སྣང་དང་བཅས་ཏེ་ཁོ་གཉིས་ཀྱི་ཕྱོགས་སུ་ཅེར།མཐའ་འཁོར་གྱི་མི་ཚོས་འཕངས་པའི་མིག་ཞགས་ཀྱིས་ཁོ་ལ་བག་ཚ་དང་དོགས་མི་བདེ་བ་ཞིག་དབང་མེད་དུ་བཟོས་པས།ཁོས་བྱིས་པ་ཞིག་གི་ངུ་ཁ་ལེན་པ་བཞིན“ད་མ་ངུ་།མ་ངུ”ཞེས་ཆུང་མའི་རྒྱབ་ལ་ལག་པས་འཕུར་འཕུར་བྱས་མོད།མོས་སྔར་བཞིན་ངུ་མཚམས་མ་བཞག་པས།ཁོ་ཡང་ཐབས་ཟད་པའམ་མོའི་ངུ་ཁ་གཅོད་པར་གནས་ལུགས་ཀྱིས་སྟོང་བལྟར།མོའི་མགོ་བོ་རང་གི་བྲང་ལ་གླན་ཏེ་ཅི་དགར་ངུ་རུ་བཅུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།