གྱེས་བྲལ།

01

ལྷས་ཞོལ་གྱི་ཐབ་ཀ་དེ་རུ། གངས་འཚོ་ཡིས་རྩྭ་བཞག་མ་ཐག་སྲན་ཉོག་དཀྲུགས་པ་དང་། སྲན་ཉོག་དཀྲུགས་མ་ཐག་རྩྭ་འཇོག་གིན་ཡོད། མཚམས་དང་མཚམས་སུ་ཆུ་ལྡུག་པ་དང་། ཚྭ་འདེབས་ཀྱིན་ཡོད། གློ་བུར་དུ། ནུབ་ལྭ་གྲལ་དག་གྱོན་པའི་ཁྱོ་ག་ནང་དུ་ཐོན། གངས་འཚོ་ཡིས་ཁྱོད་འདིར་ཤོག་དང་། ངར་ཉོག་དཀྲུག་རོགས་ཤིག་བྱོས་ཞེས་རེ་བ་བཏོན། ཁྱོ་གས་ཁ་ཡ་མི་བྱེད་པར། ཁྱམས་ཤར་སོང་ནས། ཁ་པར་བསྣོགས་ནས་བསྡད། གངས་འཚོ་ཡིས་དེས་ན་ཁྱོད་སོང་ངེ་ནང་གི་ཚ་དེམ་དང་དཀར་ཡོལ་ཁྱམས་ཤར་ཁྱེར་ཤོག་ཅེས་བཤད་པ་ན། ཁྱོ་གས་ཁ་ཅི་ཡང་མི་གྲག་པར་ཁ་པར་བསྣོགས་ནས་བསྡད།

མཚམས་དེར། ལོ་བཅུ་གསུམ་བཅུ་བཞི་ཞིག་ལོས་ཡིན་འདོད་པའི་བྱིས་པ་ཕོ་ཆེ་ཆུང་གཉིས་ནང་དུ་ཡོང་ནས། ཨ་ཕ་ཐོན་བྱུང་ངམ། ཨ་ཕ་ཐོན་བྱུང་ངམ་ཞེས་བཤད་ཞོར། དཔེ་ཁུག་ཅོག་ཙེར་བཞག་པ་དང་། དེ་ནས་ཨ་ཕའི་གམ་དུ་སོང་། ཨ་ཕས་ཁྱོད་གཉིས་ཀྱིས་ཨ་མར་རོགས་བྱོས། ང་ལ་བར་ཆད་མ་བཟོ་ཞེས་ཁ་པར་སྣོག་གིན་བསྡད།བྱིས་པ་གཅིག་གིས་ཨ་ཕ་ངེད་གཉིས་ལ་ཅི་ཞིག་ཉོས་ཡོད་དམ་ཞེས་དྲིས། ཨ་ཕས་ད་ཐེངས་ཅི་ཡང་ཉོ་མ་ཐུབ་ཐལ། ཐེངས་རྗེས་མར་ཉོ་ཞེས་མིག་གིས་ཀྱང་མ་བལྟས་པར་ཁ་པར་སྣོག་ཞོར་བཤད། བྱིས་པ་གཉིས་ཀས་ནང་གི་ཚ་དེམ་དང་དཀར་ཡོལ་ཁྱེར་ཡོང་ལ། ཨ་མས་ཀྱང་སྲན་ཉོག་གཡོས་ནས་ཚགས་སོང་།

ཨ་མས་སྲན་ཉོག་དཀར་ཡོལ་བཞི་བཅུས་ཤིང་། ཐོག་ཏུ་ཙོང་སྲེག་ཅིག་བཞག བྱིས་པ་གཉིས་ཀས་ཞིམ་མངར་གྱིས་ཟོས། ཨ་ཕས་དཀར་ཡོལ་ལག་ཏུའང་མི་ལེན་པར་ད་དུང་ཁ་པར་བསྣོགས་ནས་བསྡད། ཨ་མས། ད་ཉོག་ཟོ་ཞེས་བསྐུལ་པ་ན། ད་གཟོད་སྲན་ཉོག་བླངས་ལ། ཁམ་གང་ཟོས་མ་ཐག་ཕྱི་རུ་འཕངས་ཏེ། མི་ཞིམ་གི། ཁ་ཚ། (སུར་པན) ཁ་ཚ་ཅི་ཞིག་ལ་མེད་དམ་ཞེས་ཟ་མཚམས་བཞག ཁ་ཚ་ངས་ཁྱོད་ལ་ཉོས་ཤོག་ཅེས་གསལ་པོར་བཤད་པ་མིན་ནམ་ཞེས་བརྗོད།

02

དགོང་མོ་དེར། བཟའ་ཟླ་གཉིས་ཀྱིས་རང་རང་ས་ནས་མལ་ཐུལ་རེ་གྱོན་ནས་ཉལ། གངས་འཚོ་ཡིས་ཁ་གནམ་ལ་འཁོར་ནས། ཁྱོ་གས་ཨེ་ཐུག་ལ་རེ་བ་བཅངས། ཁྱོ་གས་ཁ་པར་བསྣོགས་ནས། སྤྱང་རྟུག་འཕེན་གྱིན་འདུག མཚམས་ཤིག་ལ། ཁྱོ་ག་ལ་སྐད་འཕྲིན་བརྙན་མིག་ཅིག་ཡོང་ཞིང་། བརྙན་མིག་ལ་ལྟ་ཙམ་བྱས་ནས། གམ་གྱི་རྒན་མོ་ལ་བལྟས། གམ་གྱི་རྒན་མོ་ལ་ལྟ་ཙམ་བྱས་ནས། བརྙན་མིག་ལ་བལྟས། དེ་ནས་བརྙན་མིག་གི་ཁ་ཕྱེས་པ་ན། ངོ་གདོང་དཀར་ཞིང་བྱད་བཞིན་མཛེས་པའི་བུད་མེད་མཆུ་སྒྲོས་དམར་པོ་ཞིག་གིས། སྙིང་ཉེ་ལགས། ཁྱོད་གང་ལ་བུད་སོང་ཞེས་མཆུ་སྒྲོས་ཙོ་ཙོས་བཤད། ང་དོན་དག་ཅིག་གིས་ཡུལ་ལ་བུད་སོང་། ཡ་ཡ། སང་ཉིན་ཡོང་ཞེས་བཤད་དེ་བཤད་མཚམས་བཞག ཁྱོ་གས་ཁ་པར་གཡོན་ཕྱོགས་སུ་བཞག་སྟེ། ཁ་གནམ་གཅལ་ལ་འཁོར་ནས་བསྡད། གངས་འཚོས། ཁྱོད་ཀྱིས་ང་སྙིང་མི་རྗེའམ་ཞེས་བཤད། ཁྱོ་གས་ཁྱོད་མི་འཐད་ན། འུ་གཉིས་འཐོར་ཆོག་ཅེས་བཤད། གངས་འཚོའི་མིག་ཟུང་དུ་མིག་ཆུས་གང་ཞིང་། མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་མིག་ཆུ་མཁུར་ཚོས་བརྒྱུད་ནས། སྔས་མགོའི་ཐོག་ལ་ཐིགས་ཀྱིན་འདུག ཤེད་ཀྱིས་ངུ་འབོད་ཐེངས་ཤིག་བྱ་འདོད་ནའང་། བྱིས་པ་དང་ཁྱིམ་མཚེས་ཀྱིས་ཤེས་ན་མི་ཡག་པར་འདོད་དེ། ཅི་ནུས་ཀྱིས་མར་ལ་མནན་ནས། དབུགས་ཀ་ཡུན་གྱིས་གཏོང་བར་བྱེད།

03

ཞོགས་པར་ཁྱོ་ག་སྒོ་ཕྱིར་ཡོད་པའི་རླངས་འཁོར་གྱི་གམ་དུ་ཕྱོགས། གངས་འཚོ་ཡིས་ལྭ་བ་འགྱིག་ཁུག་གང་དང་། གོ་རེ་སྣ་གཅི་གཉིས་ཁོའི་གཞུག་ལ་ཁྱེར་ཡོང་སྟེ། ལྭ་བ་དག་བཀྲུས་ཡོད། ཡར་མར་ལ་ཉུག་གི་མ་འདུག་ཅེས་བཤད་ཞོར་དངོས་པོ་ཁོའི་ལག་ཏུ་བཞག ཁོས་ཁ་ཅི་ཡང་མི་གྲག་པར། དངོས་པོ་དེ་དག་རླངས་འཁོར་དུ་སྣང་མེད་ཀྱིས་འཕངས་པ་དང་། རླངས་འཁོར་གྱི་སྒོ་ཁྲོག་སེ་བརྒྱབ་ནས། རྡུལ་འཚུབ་ལེར་མི་སྣང་བར་གྱུར།

གངས་འཚོ་ཡིས། རླངས་འཁོར་གྱི་གཞུག་ལ་བལྟས་ནས། དར་ཅིག་ལ་ཧད་དེ་བསྡད། མཁུར་མགོར་འདྲིལ་ཡོང་བའི་མིག་ཆུ་དེ་ཕྱི་ཙམ་བྱས་ནས། གོམ་ཁ་ལྗིད་ཏིག་ཏིག་གིས་ནང་དུ་ཡོང་། གློ་བུར་དུ། མོའི་ཨ་མ་ཐོན་བྱུང་། ཨ་མས་མིག་ཆུ་བཞུར་བ་ཤེས་འཕྲལ། དོན་དག་ཅི་བྱུང་སོང་ཞེས་དྲིས། དོན་དག་ཅང་མིན། ཁོར་བསམ་ཤེས་རྒྱུ་ཡོད་ཀྱི་མ་རེད་ཅེས་ལབ། ཁོ་ཐོན་བྱུང་བ་རེད་དམ། བར་མ་བར་ན་ཁྱོད་ཀྱིས་སྡུག་མྱོང་གིན་འདུག དངོས་གནས་བཀོད་པ་མེད་སོང་ན། ཕྱིར་ཡུལ་ལ་ཤོག་དང་། གནས་ལ་འགྲོ་ས་རྙེད་ནི་རེད་ཅེས་བཤད།

“ཨ་མ། ང་ཁོ་དང་ཁ་བྲལ་ཚེ། ཁོ་དཀའ་རྒྱུ་རེད།”

“ཁོས་ཁྱོད་ཀྱི་དཀའ་ཁག་ལ་འདང་མི་རྒྱག་ན། རང་གིས་ཀྱང་འདང་རྒྱག་དགོས་ནི་མ་རེད།”

“ཡ། ད་ངས་ད་དུང་འདང་ཞིག་རྒྱག ཁྱོད་དེ་རིང་ཡོང་དོན།”

“ང་ཇ་རྐོ་གཡོར་དུ་ཡོང་བ་ཡིན།”

“……”

04

སྡེ་འདབས་ཀྱི་ཀྱག་ཀྱོག་འཐེན་པའི་ལམ་ཕྲན་དུ། རླངས་འཁོར་དཀར་པོ་ཞིག་ཟིལ་ཤུགས་དང་བཅས་ཏེ་སྐྱོད་ཀྱིན་ཡོད་ཅིང་། ནང་རོལ་གྱི་སྒྲ་སྒམ་དུ། སྣང་བ《སྐྱིད་པ་ལ》ཞེས་པའི་གླུ་དབྱངས་ཤིག་སྟོབས་ཀྱིས་གྲག་གིན་འདུག མཚམས་དེར། མདང་ནུབ་བརྙན་མིག་བརྒྱབ་ཡོང་བའི་བུད་མེད་དེས་གང་ན་ཡོང་གིན་ཡོད་ཅེས་འཕྲིན་ཐུང་ཞིག་བསྐུར་ཡོང་། ཁོས་ཕྱི་དྲོར་ཐོན་ངེས་ཞེས་ངག་འཕྲིན་བསྐུར།

ཕྱི་དྲོར། ནགས་ལས་ཁང་གིས་ཚོགས་འདུ་ཞིག་འཚོགས། ཚོགས་འདུའི་སྟེང་ནས། ཁོ་ལ་གཟའ་འཁོར་འདིའི་ནགས་སྲུང་གི་ལས་བགོས་བྱས། ཁོས་དེ་མ་ཐག ང་ནགས་སྲུང་དུ་འགྲོ་མི་ཐུབ་ཅེས་བཤད། མགོ་བས་ཁྱོད་མི་འགྲོ་ན། ངས་གོང་རིམ་ལ་གཏུག་རྒྱུ་ཡིན་ཞེས་བཤད། ཁྱོད་ཀྱིས་གཏུགས་དང་། མཇུག་འབྲས་སྐབས་དེར་ཁྱོད་ཀྱིས་ཤེས་ནི་རེད་ཅེས་ཤིན་ཏུ་མ་རངས་པའི་སྒོ་ནས་ཚོགས་འདུ་ལས་ཕྱིར་བུད་པ་དང་། རླངས་འཁོར་བསྐོར་ནས་གཞུང་ལམ་ཆེན་པོ་ཞིག་གི་ཐོག་ཏུ་བསྐྱོད།

05

འབོལ་ཁྲི་ཞིག་ཏུ་ཁོ་རང་ཙོག་ཡོད་ལ། མཐའ་སྐོར་ཀུན་ཏུ་སྲབ་འཇམ་གྱི་ལྭ་བ་གྱོན་པའི་མཛེས་མས་བསྐོར་ཡོད། མཛེས་མ་ཞིག་གིས་ཁོར་ཆང་འདྲེན་གྱིན། ཞག་གཅིག་ལ་མེད་ནའང་ཉི་མ་མི་ཆོད་ཀི་ཞེས་ཆགས་ཉམས་དོད་པོས་བཤད། ཡང་མཛེས་མ་ཞིག་གིས་མདང་དགོང་ངེད་ཅག་ལ་འདུག་རོགས་མ་བྱས་པར་ཆད་པ་འབབ་ཀི་ཞེས་ཆང་དམ་གཅིག་འབྱེད་དུ་བཅུག

དེ་དུས་མ་བུ་གསུམ་པོས་གོ་ཁ་ན་ཐུག་པ་འཐུང་གིན་ཡོད། ཨ་མས་བྱིས་པ་གཉིས་ལ་རེམ་མ་འཐུངས་རྗེས། ལས་བྱ་ཕྲིས་ཞེས་བཤད། བྱིས་པ་གཅིག་གིས་ང་ལ་འབྲི་དེབ་ཚར་འདུག་ཟེར་བ་དང་། བྱིས་པ་གཞན་དེས་ང་ལ་ཞ་སྨྱུག་དགོས་ཀི་ཞེས་ཨ་མར་བཤད། ཨ་མས་ཁྱོ་གར་ཁ་པར་བཏང་། ཁྱོ་གས་ཁ་པར་དང་ལེན་མ་བྱས། དེ་ནས་ཨ་མས་ཡང་བསྐྱར་ཁ་པར་བཏང་། ཡང་ཁྱོ་གས་དང་ལེན་མ་བྱས།

ཨ་མས་ཡང་བསྐྱར་བཏང་། ཁྱོ་གས་བཟོད་བསྲན་མ་ཐུབ་པར། ཁྱོད་ཀྱིས་ང་འདུག་ཀི་ཆུགས་ཞེས་བཤད་མ་ཐག་ཁ་པར་གྱི་ཁ་བརྒྱབ་ལ། མཛེས་མ་དེ་དག་གི་སྐད་སྒྲ་སྣ་ཚོགས་ཀྱང་དེའི་ཞོར་ལ་གངས་འཚོའི་སེམས་སུ་ཆུ་ལོག་བཞིན་བཞུར་ཡོང་། སེམས་ནས་སྐད་ཅིག་ཉིད་དུ་ཆུ་འཁོལ་མ་རུ་གྱུར་ཏེ། མིག་མཐའ་ནས་དཀར་ཡོལ་གྱི་ནང་དུ་ཐིགས།

“ཨ་མ། མིག་ཆུ་ཧུབ་ཀྱི་ནང་དུ་ཐིགས་ཀྱིན་འདུག”བྱིས་པ་ཆུང་བོས་བཤད།

“ཨ་མ། ཁྱོད་ལ་ཅི་བྱུང་སོང་། ཨ་ཕས་མ་ཉོས་ན་མ་ཉོས། འབྲི་དེབ་ལྟག་རྒྱབ་ལ་བྲིས་ན་ཆོག་པ་རེད”བྱིས་པ་ཆེ་བོས་བཤད།

“ཕུ་བོ། ལྟག་རྒྱབ་ལ་བྲིས་ན། ཡང་དགེ་རྒན་གྱིས་ཁྱོད་སེར་སྣ་ཆེ་ག་ཟེར་རྒྱུ་རེད”བྱིས་པ་ཆུང་བོས་བཤད།

ཨ་མས“སྐྱོན་མེད། རེམ་མ་འཐུང་། འབྲི་དེབ་དང་ཞ་སྨྱུག་ངས་སང་ཉིན་གྲ་སྒྲིག་བྱེད”ཅེས་བཤད།


06

ཉིན་འགའ་འགོར་རྗེས་ཀྱི་ནངས་མོ་ཞིག་ལ། གངས་འཚོ་ཡིས་རང་ཉིད་ཀྱི་ཁྱོ་ག་ཡོང་བའི་གླགས་དང་བསྟུན་ནས། ཕྱོགས་གཉིས་ཀའི་ཁྱིམ་མི་དག་གདན་དྲངས་ཤིང་། ཚོགས་དབུས་ནས། མོས་མིག་ཆུ་བཞུར་ཞོར་བྱིས་པ་གཉིས་ཀ་ལོ་འདིར་འབུད་རག་ཏུ། ངས་ཁང་པ་འདི་བསྲུངས་ནས། ཕོ་ལས་མོ་ལས་གཉིས་ཀ་བྱས། ཁོས་བསམ་ཨེ་ཤེས་འདོད་དེ། ངས་མ་ཁ་སོ་ཡིས་བསྡམས་ཏེ་ཤུ་རེ་བྱས་པ་ཡིན། ད་ངའི་བཟོད་བསྲན་ལའང་ཚད་ཡོད་པས། ཁྱིམ་གྱི་འཁོར་བ་བློས་བཏང་ནས། ང་ཇོ་མོ་བྱ་རྒྱུ་ཡིན། བྱིས་པ་གཉིས་ཀ་ལག་ཆགས་འདུག་པས། རང་མགོ་རང་གིས་ཐོན་ནི་རེད་ཅེས་བཤད།

མོའི་ཨ་མས་ཀྱང་། འོ་ལེ། དང་ཐོག་ཁྱོད་ཀྱི་གམ་ན་སྐྱིད་ཅིག་ལོས་ཡོད་འདོད་དེ། ཁྱེད་ཀྱི་ཕ་དགའ་ལྡན་པོའི་རེ་བ་ལྟར་ཁྱོད་ཚང་ལ་འགྲོ་རུ་བཅུག་པ་ཡིན། ཡིན་ཡང་ད་སྐབས། ཁྱོད་ཀྱིས་བསམ་ཤེས་རྒྱུ་ཅི་ཡང་མི་འདུག མོ་ཇོ་མོ་བྱ་རྒྱུ་ཟེར་བ་འདི། འུ་ཐུག་སྟེ་བཅོས་པ་ཡིན་པ་ཁྱོད་ཀྱིས་ཤེས་དགོས་ཞེས་ཁོང་ཁྲོ་དང་མིག་ཆུའི་ངང་ནས་བཤད།

“སྡོད་ཀི་སྐད་ཆ་ཡང་ངས་བཤད་མི་ཐུབ་སྟེ། ཞི་མོ་འདིས་དཀའ་སྡུག་ཅི་འདྲ་ཞིག་མྱོང་གིན་ཡོད་པ་འུ་ཚོས་ཤེས་པ་འདི་རེད། མ་འདུག་གི་སྐད་ཆ་ཡང་ངས་བཤད་མི་ཐུབ་སྟེ། ང་ཞི་ལུ་འདིའི་ཕ་སྤུན་རེད། གཙོ་བོ་ཁྱོད་བཟའ་ཟླ་གཉིས་ཀས་བལྟ་དགོས་ནི་རེད།”

“……”

གངས་འཚོ་ཡིས་རྡོག་ཁྲེས་རྒྱབ་ལ་ཁུར་ནས་འགྲོ་མགོ་བརྩམས་པ་ན། ཁྱོ་གས་མོའི་སྒྱིད་ཁུག་བསྡམས་ཏེ། མི་འགྲོ་བའི་རེ་བ་བཏོན། ཡིན་ན་ཡང་གངས་འཚོ་ཡིས། ཁོའི་ལག་པ་ཕར་ལ་དེད་ནས་ཁྱིམ་དང་ཁ་བྲལ་བ་དང་། ཕྱོགས་གཉིས་ཀའི་མི་སུ་ཡིན་ཡང་བསྐྱར་དུ་སྐད་ཆ་གཅིག་ཀྱང་བཤད་མཁན་མེད་པར། མོའི་རྒྱབ་གཟུགས་ལ་བལྟས་ནས་མིག་ཆུ་ཕྲུམ་ཕྲུམ་གྱིས་བཞུར་གྱིན་འདུག

07

མཚན་མོ་ཞིག་ལ། ཁོ་གཅིག་པུས་ནགས་ལས་ཁང་གི་ཁང་མིག་ནས་ཆང་འཐུང་མགོ་བརྩམས། ཆང་འཐུང་གིན་འཐུང་གིན་ཡིད་སེམས་སྐྱོ་བར་གྱུར་ཏེ། “ངས་ལོ་ངོ་དྲུག་པོ་འདིའི་རིང་དུ་བྱིས་པ་གཉིས་ལ་གཉེན་སྟོན་གྱི་དོན་དག་བཅོས་ཤིང་། གཉིས་ཀ་ལ་རླངས་འཁོར་རེ་ཡང་ཉོས། ཡིན་ན་ཡང་། ཁོ་གཉིས་ཀྱིས་ཨ་ཕ་ང་ལ་བཀའ་དྲིན་ཞུ་བ་ཕར་ཞོག ད་དུང་སྡང་སེམས་ཤིག་གིས་ཁེངས་འདུག འདི་དོན་ངོ་མ་ཅི་ཞིག་གི་རྐྱེན་རེད། ཅི་ཞིག་ལ། ཅི་ཞིག་ལ”ཞེས་ངར་སྐད་སྒྲོག་བཞིན། ཆང་དམ་གྱང་ངོར་བརྒྱབ་ནས་འཆའ་རུ་འཆོལ་དུ་བཅུག

08

ནགས་ཆུ་མཛེས་ཤིང་དྭངས་པའི་རུ་ཁུག་ཅིག་ནས། སྤྲིན་དཀར་ཆུང་ཆུང་ཞིག་རང་ཕྱོགས་ཀྱི་བར་སྣང་དུ་ཐོན། གསལ་པོར་བལྟས་ན། དེ་ནི་རང་ཉིད་ཀྱི་ཆུང་མ་རེད། ཆུང་མ་ལྡབ་བརྒྱ་འགྱུར་གྱིས་ཇེ་ཡག་ཏུ་སོང་སྟེ། ཚུར་ལ་འཛུམ་མདངས་སྟོན་པར་བྱེད། དེ་ནས་ཁོས་ལག་པ་བསྲིངས་ནས་ཕར་ལ་བརྒྱུགས་པ་ན། ཁོ་མོ་རྒྱང་དུ་ཤོར་ཏེ་མི་སྣང་བར་གྱུར་ལ། རང་ཉིད་ཡལ་ག་སྐམ་པོ་ཞིག་ལ་ཐོགས་ཏེ། གཡང་གཟར་ཞིག་ནས་མར་ལ་ལྷུང་། ཁ་ནང་ནས་ཨག་སྐད་ཅིག་འབྱིན་པས། གམ་གྱི་མཛེས་མ་ཡེར་སེ་བཏང་ནས་གཉིད་ལས་བསླངས་ལ། རང་ཉིད་ཀྱང་གཉིད་ལས་སད་དེ། ང་ལ་ཅི་བྱུང་སོང་། ཅི་བྱུང་སོང་ཞེས་དབུགས་འཚང་ཞོར་དུ་དྲིས། མཛེས་མས་ཁྱོད་ལ་ཅི་ཡང་བྱུང་མི་འདུག རྨི་ལམ་ཞིག་རྨིས་པ་ཡིན་རྒྱུ་རེད་ཅེས་བཤད་དེ་ཡང་བསྐྱར་གཉིད་ལ་ཡུར། ཁོ་མལ་ཁྲིར་ཙོག་ནས་ཐ་མག་ཅིག་མེར་བསྒྲོན་པ་དང་། རྔུབ་འཐེན་འགའ་བྱས་ནས་གང་ཞིག་ལ་བསམ་གཞིག་གཏོང་བར་བྱེད།

09

ཞོགས་པར་དངུལ་ཁང་དུ་སོང་ནས། བརྒྱ་ཤོག་བརྩེགས་མ་འགའ་བླངས་ལ། དེ་ནས་མར་ཕྱུར་བཙོང་ས་ཞིག་ནས་མར་དང་རྩམ་པ་དང་། ཕྱུར་བ། ཀ་ར། གོ་རེ་བཅས་ཉོས་ནས། རླངས་འཁོར་གྱི་ཨོང་སྒམ་དུ་བཞག ལམ་ཆེ་མ་ཆུང་གསུམ་བརྒྱུད་མཐར། དབེན་འཇགས་ཀྱི་རི་ཀླུང་ཞིག་ལ་ཐོན།

ནམ་མཁའ་སྔོ་ཞིང་དྭངས་ལ། སྤྲིན་དཀར་ཚོམ་བུ་རེ་གཉིས་རྒྱུ། ཉི་མའི་ཟེར་མ་དེ། གཡས་འགྲམ་གྱི་ཆུ་ཕྲན་དུ་འཕྲོས་ནས། ལྡོག་འཕྲོའི་འོད་ཀྱིས་མིག་ལ་འཚེར་བར་བྱེད། བྱ་བྱེའུ་སྐད་སྙན་འབྱིན་ཞིང་། མཚམས་དང་མཚམས་སུ་ལྕང་མ་དང་སྤེན་མས་གང་འདུག རི་ལྡེབས་ངོས་སུ་ཁང་མིག་འབར་ཞུན་ལྟ་བུ་མང་པོ་ཞིག་ཡོད་ལ། རི་རྩ་ན་རྒྱ་ཕིབས་སེར་པོ་ཅན་གྱི་འདུ་ཁང་ཅུང་ཙམ་ཆེན་པོ་ཞིག་འདུག

མདུན་ཕྱོགས་སུ་ཇོ་མོ་ཞིག་ཡོང་གིན་འདུག་ལ། ཁོ་དེའི་གམ་དུ་སོང་ནས། མིང་ལ་གངས་འཚོ་ཟེར་བ། ཕ་ཡུལ་བ་བྱིས་ཁུག་གི་ཡིན་པའི་ཇོ་མོ་དེའི་མཚམས་ཁང་གང་དུ་ཡོད་དམ་ཞེས་དྲིས་པ་ན། ཇོ་མོ་དེས་ཨོ་ད་ཤེས་ཀི། གན་རེད། གཡོན་ཕྱོགས་ནས་ཚུར་ལ་བརྩིས་ན་ཁང་མིག་ལྔ་པ། སྒོ་མདུན་ན་བསང་ཁྲི་དཀར་པོ་ཞིག་ཡོད་པ་གན་རེད་ཅེས་གསལ་པོར་བཤད།

སྒོ་ཁར་ཐོན་པ་ན། ལྕགས་ཀྱི་ཀ་ཏོ་རའི་བསང་ཁྲི་ཆུང་ཆུང་ཞིག་འདུག སྒོ་ནི་ཤིན་ཏུ་དམའ་ཞིང་། ཕར་བལྟས་ཚོད་ཀྱིས་ར་ཁང་གི་སྒོ་ཞིག་དང་འདྲ། སྒོ་ཕྱེས་ཏེ་ནང་དུ་བལྟས་པ་ན། མྱི་གཅིག་ཀྱང་མི་འདུག མཚམས་ཁང་དེ་ནི་ལུག་རྫིའི་ཁང་གཞིས་ལས་ཀྱང་ཆུང་བའི་ཁང་མིག་ཅིག་རེད། གྱང་ནི་རྡོ་བརྩིགས་ཀྱིས་གྲུབ་ཅིང་། ཀླད་ནི་ཤིང་དུམ་འགའ་དང་ཤིང་ལེབ་འགའ་ཡིས་བཀབ་པ་ཞིག་རེད། ཁང་པའི་ནང་ན། མལ་སྟན་སྟབས་བདེ་ཞིག་དང་། ཟངས་ང་རགས་སྐྱོག དཀར་ཡོལ་ཐུར་མ་འགའ་མ་གཏོགས་ཅི་ཡང་མི་འདུག ཁ་ཕྱིར་འཁོར་དུས། རྒྱབ་ཕྱོགས་ནས་མི་ཞིག་གིས་ཁ་གྲགས་བྱུང་། དེ་ནི་རང་ཉིད་ཀྱི་ཆུང་མ་གངས་འཚོ་རེད། གངས་འཚོ་ཡིས་གྲྭ་ལྭ་དམར་པོ་ཞིག་གྱོན་ཞིང་། སྐྲ་ལོ་བཞར་ཡོད་པས། བལྟས་མ་ཐག་མིག་ལ་མི་བདེ་བའི་སྣང་བ་བྱུང་། ཡིན་ཡང་འཛུམ་མདངས་དང་མིག་མདངས་ལས། གངས་འཚོའི་སྣང་བརྙན་མ་འགྱུར་བར་ཇི་བཞིན་དུ་མངོན་ཡོང་ལ། ཆོས་ཀྱི་བྱིན་རླབས་ཤིག་གིས་ཡིན་ནམ་ཅི་ཡིན་ཆ་མི་འཚལ་མོད། མོ་རབ་ཏུ་ནས་ཇེ་ཡག་ཏུ་སོང་ཡོད་ཅིང་། ངོ་གདོང་ལ་ནེམ་ཤ་ཞིག་གིས་ཡོངས་སུ་ཁྱབ་འདུག

“ཁྱོད་ཅི་ཞིག་ལ་ཡོང་ནི།”

“ཁྱོད་ལ་མར་རྩམ་ཞིག་ཁྱེར་ཡོང་བ་ཡིན།”

ཁོས་གྲ་སྒྲིག་བྱས་པའི་མར་རྩམ་དག་ཁང་པའི་ནང་དུ་བཞག་པ་དང་། དེ་ནས་འདི་ན་སྟོང་བརྒྱད་ཡོད་ཅེས་ཕར་ལ་བྱིན་པ་ན། མོས་གནས་འདི་ན་སྒོར་མོ་བཀོལ་ས་མི་འདུག་ཅེས་བཤད་དེ་གཏན་ནས་བླངས་མ་བྱུང་།

ཁོ་རང་ཕྱིར་ལོག་པའི་དུས་སུ། ངོ་ལ་སྡུག་གིས་བཟུང་ཞིང་། མཚམས་མེད་དུ་དབུགས་རིང་རེ་འབྱིན། མིག་མདངས་སུ་གཤེར་ཁུ་འོད་ཅན་ཞིག་འཛུམ་འཛུམ་བྱས་ནས། མཁུར་ཚོས་བརྒྱུད་ནས་མར་ལ་འདྲིལ་བར་བྱེད། རླངས་འཁོར་གྱི་མདུན་ཤེལ་དུ། ཆར་བས་ཙག་ཙག་གིས་འབྲབ་ཅིང་། ཆར་ཕྱིས་ཀྱིས་མཚམས་མེད་དུ་ཆར་བ་འབྱིད་བཞིན་ཡོད། མདུན་ཕྱོགས་ཀྱི་ལམ་ནི་སྨུག་སྤྲིན་གྱིས་བཟུང་ཡོད་ལ། རླངས་འཁོར་སྔུན་མོའི་གློག་དམར་དེ་ཡང་། སྨུག་སྤྲིན་གྱི་ཁྲོད་ན་རབ་རིབ་ཀྱིས་མངོན།

10

ཞོགས་པར་མལ་ཁང་ལས་ཕྱི་རུ་བུད་པ་ན། ཆར་བ་འབབ་ཀྱིན་འདུག རྫ་མགོ་སྨུག་པས་བཟུང་ཞིང་། གནམ་གཤིས་འཁྱག་ཤུར་ཤུར་བྱེད། ཁོས་ལྕགས་ཁེམ་ཞིག་བཟུང་ནས་སྡོང་པོ་བཙུགས། གློ་བུར་དུ་སྐད་འཕྲིན་གྱི་བརྙན་མིག་ཅིག་ཡོང་། ཁོས་སྤྲོ་སྣང་ཅི་ཡང་མེད་པའི་ངང་ཁ་མ་ཕྱེས་པ་མ་ཟད། ཐད་ཀར་ནག་ཐོར་གཡུགས། ལས་ཁུངས་ཀྱི་མི་དག་གིས་རྒྱང་རིང་ནས། ཁོར་བལྟས་ནས་ཉི་མ་ནུབ་ནས་ཤར་འདུག་ཅེས་ལབ་གླེང་སྣ་ཚོགས་བྱེད།

ཡིན་ན་ཡང་། ཉིན་དེ་ནས་བཟུང་། ཁོས་སུ་ལའང་ཁ་གྲགས་མ་བྱུང་ལ། འཛུམ་ཡང་བསྟན་མ་མྱོང་། གང་ཞིག་ལ་བསམ་གཞིག་གཏོང་བ་བཞིན་ཧད་དེ་བསྡད་ཡོད་ལ། ཅི་ཞིག་གིས་གནོན་ཤུགས་བསྩལ་པ་བཞིན། དུབ་ནས་འདུག


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།