ཕལ་བའི་ཁྱིམ་ཚང་དང་འབྲོག་ཁྱི་སེ་བོ།

གླེང་བརྗོད།

སྒོ་ཁྱི་ནི་གནའ་ནས་བཟུང་བདག་པོ་ལ་བློ་སེམས་དཀར་བའི་སྲུང་དམག་ཅིག་གམ་གཡོ་སྒྱུས་མ་བསླད་པའི་བློས་ཐུབ་ཀྱི་གྲོགས་མཆོག་ཅིག སྒོ་ཁྱི་ནི་ཉི་མ་སུམ་བརྒྱ་དྲུག་ཅུའམ་དུས་ཚིགས་བཞི། དུས་གཟེར་ཉེར་བཞིར་གཟིམས་པ་མེད་པར་མེལ་ཚེ་བྱེད་པའི་ཡ་མེད་ཀྱི་ནོར་སྲུང་གི་དཔའ་བོ་ཞིག སྒོ་ཁྱིས་ད་གཟོད་དགུན་གསུམ་ཁ་བ་བུ་ཡུག་གི་གྲང་རེག་གདོང་གིས་བསུས་ཤིང་དབྱར་གསུམ་ཆར་ཆུ་མོད་པོ་ཡི་བརླན་གཤེར་གོས་སུ་གྱོན་ནས། འབྲོག་སྦྲ་ཁྱིམ་སྨུག་པོའི་གཡང་ར་སྒོ་བཞི་ལ་ལུས་འབུལ་སྲོག་འབུལ་གྱིས་སྲུང་སྐྱོབ་བྱས་ཤིང་། མཚན་གསུམ་རྨི་ལམ་གྱི་སྐྱིད་སྣང་སེམས་སུ་བསྒོམས་ནས་སྐར་ཚོགས་བཀྲ་བའི་མཚན་མོ་རེ་རེར་རང་ཉིད་གཅིག་པུ་རི་སྤྱང་དང་རྐུན་ཇག་གི་གདོང་ལེན་དུ་འགྲེང་།

ཆེས་ཐོག་མར་སྒོ་ཁྱི་གླེང་དུས། ངའི་དྲན་འཛིན་གྱི་ཡོལ་རས་ངོས་སུ་མུ་མཐའ་བྲལ་བའི་རྩྭ་ཐང་གི་ངོགས་སུ་སྤྲིན་དཀར་ལྟ་བུའི་ལུག་ཁྱུ་འཚོ་བཞིན་པའི་འབྲོག་ཕྲུག་ཅིག་འཆར་འོངས། དེ་ལས་ཀྱང་ཆེས་གསལ་པོར་མངོན་པ་ནི་བྱིས་པ་དེའི་རྗེས་སུ་དམ་པོར་འབྲངས་ཤིང་མགོ་བོ་མཐོན་པོར་བཀྱགས་ཏེ་ལུག་ཁྱུའི་གཡས་གཡོན་དུ་ཉེན་ཟོན་དང་མྱུལ་ཞིབ་བྱེད་པར་བྲེལ་བའི་འབྲོག་ཁྱི་རྒྱ་བོ་དེ་རེད། མི་མང་པོ་ཞིག་གིས་འབྲོག་ཁྱི་དེར་དེ་འདྲའི་དོ་སྣང་མི་བྱེད་མོད། འོན་ཀྱང་ང་ལ་མཚོན་ན། འབྲོག་ཁྱི་དེའི་རྒྱབ་ལྗོངས་དང་བྱུང་བ་ནི་ཁྱོད་ཅག་གི་ཡིད་ཀྱི་དང་བ་ཡོངས་སུ་འདྲེན་བྱེད་ཀྱི་ལྕགས་ཀྱུ་ཞིག་ཏུ་ཅི་ནས་ཀྱང་ངེས་སོ། །

1

གཏམ་རྒྱུད་དེ་ནི་ཧ་ལམ་ལོ་ངོ་དྲུག་ཅུ་ལྷག་གི་གོང་རོལ་ཏུ། ཨ་མྱེས་གླང་རིའི་འདབས་ཀྱི་མཚོ་དམར་སྡེ་བ་རུ་བྱུང་བ་ཡིན་ལ། ད་ལྟ་ཕས་བུ་དང་བུས་ཚ་བོ་རུ་བརྒྱུད་ནས་མི་རབས་དུ་མའི་ངག་རྒྱུན་དུ་གྱུར་པའི་ཡིད་འཕྲོག་གི་ལྷ་སྒྲུང་རིང་མོ་ཞིག་ཏུ་གྲུབ་འདུག

དབྱར་དུས་ཀྱི་མཚོ་དམར་སྡེ་བ་ནི་གཡུ་ཡི་གཞོང་བ་ཆེན་པོ་ཞིག་དང་འདྲ་བར་རྩྭ་རྩི་ཏོག་གི་མགོ་བོ་འབྲས་བུས་དུད་ཅིང་། རབ་བརྗིད་ས་འཛིན་གྱི་སྤོ་རུ་དཀར་དམར་ཁྲ་གསུམ་གྱི་མེ་ཏོག་སྣ་བརྒྱའི་རྒྱན་ཆས་སྤུད་ལ། ལྷག་པར་དུ་བག་ཡངས་ལྷོད་ཀྱིས་འགྱིང་བའི་སྦྲ་གུར་ཚོམ་བུའི་ཐབ་ཚང་གི་དུ་སྨུག་ནི་མི་ཡུལ་ནས་ལྷ་ཡུལ་དུ་འཐེན་པའི་རྨུ་ཐག་བཞིན་ཨ་སྔོན་དབྱིངས་ཀྱི་སྤྲིན་དཀར་དང་ཡོངས་སུ་བསྡེབས་ནས་ཀུན་གསལ་བུ་མོའི་བླ་གོས་སུ་སིམ་འདུག

དེ་རིང་ཞོགས་པའི་ཉི་ཟེར་དྲོན་མོའི་འཛུམ་ཞལ་དང་ལྷན་དུ་མཚོ་དམར་སྡེ་བའི་ཨ་ཁུ་གཡང་བྷ་ཚང་ལ་སྔ་ན་མེད་པའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་གིས་ཡོངས་སུ་ཁེངས་འདུག་ཅིང་། གཡས་གཡོན་གྱི་རུ་བ་ཁྱིམ་མཚེས་འགའ་ལྷོ་རླུང་གིས་དེད་པའི་སྤྲིན་པ་བཞིན་ཁོ་ཚང་གི་ཕྱོགས་སུ་འདུ་འགོད་བྱེད།

མ་གཞི་ཨ་ཁུ་གཡང་བྷ་ཚང་གིས་དེ་རིང་ཤ་གཟན་ཞིག་བཤའ་བཞིན་འདུག་ལ། ཁྱིམ་མཚེས་དག་ནི་རོགས་བྱེད་དུ་ཡོང་བ་རེད། ད་ལོ་གནམ་རྒན་མའི་དྲིན་ལ་སྔར་ལོ་ལས་ཆར་ཆུ་དང་རྩྭ་ཆུ་གཉིས་ཀ་འཛོམས་པས། མཚོ་དམར་སྡེ་བའི་སྒོ་ཕྱུགས་དཀར་ནག་ཁྲ་གསུམ་ཀུན་ལ་ཤ་ཤེད་རྒྱས་པ་ནི་ད་སོ་མར་དབུགས་བརྒྱབ་པའི་འགྱིག་ལྒང་ཞིག་དང་ཀུན་ནས་མཚུངས་ཤིང་། ཉིན་འགའི་སྔོན་དུ་སྡེ་མི་ཚོའི་རུ་བ་དབྱར་སར་སྤོས་པ་ནས་བཟུང་ཚང་མས་དབྱར་ཤ་བཤའ་བར་བརྩམས་ལ། ཏག་ཏག་དེ་རིང་ཨ་ཁུ་གཡང་བྷ་ཚང་གི་དབྱར་ཤ་བཤའ་བར་ཁེལ་བ་རེད། དུས་རྒྱུན་ལྟར་ན་ཁོ་ཚང་གི་ཕྱུགས་རྫི་ནི་ཨ་ཁུ་གཡང་བྷ་ཡིན་མོད་དེ་རིང་གོང་གི་དོན་དག་དེའི་དབང་གིས་ཁོང་བཟའ་ཟླ་གཉིས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་དུ་གྱུར་པའི་གཅེས་ཕྲུག་འབུམ་ཁོ་ལུག་རྫིར་མི་མངག་ཐབས་མེད་བྱུང་།

ཨ་ཁུ་གཡང་བྷ་ལ་མཚོན་ན། ད་ལྟ་གོས་བཟང་པོ་དབྱར་གསུམ་ཆར་གྱིས་སྦངས། མྱི་བཟང་པོ་དྲུག་ཅུ་ལོ་ཡིས་ཐུབ་སོང་བ་མ་གཏོགས། ལོ་ན་གཞོན་དུས་ལུག་བཤའ་བ་དང་ཕྱུགས་འཚོ་རྒྱུ་ནི་གླེང་རིན་མེད་པའི་དོན་ཆུང་འབའ་ཞིག་རེད། ལྷག་པར་དུ་ཨ་ཁུ་གཡང་བྷ་ནི་གནའ་ནས་བཟུང་མཚོ་དམར་སྡེ་བ་རུ་བོས་ན་མིང་དང་བགོས་ན་སྐལ་ཡོད་པའི་མི་སྣ་གྲགས་ཅན་ཞིག་ཡིན་ཏེ། ཁོའི་འདས་ཟིན་པའི་ཕ་དྲིན་ཆེན་པོ་ལ་མཚོན་ནའང་མཚོ་དམར་སྡེ་བའི་དཔོན་པོ་ཐོད་ཤོ་ཞེས་མིང་གྲགས་ཤིན་ཏུ་ཆེ།

རིག་གསར་གྱི་རླུང་འཚུབ་དྲག་པོ་བར་མེད་དུ་ལྡང་དུས། ཁོང་ཕ་བུ་གཉིས་ལ་འབྱོར་ལྡན་གྲལ་རིམ་གྱི་ཤོག་ཞྭ་བསྐོན་ཏེ་གང་སར་ཁྲིད་ནས་སྡིགས་དམོད་དང་གཅར་རྡུང་མིག་གིས་མི་བཟོད་པ་བྱས་ལ། ཐ་ན་ཞྭ་མོའི་ཐོད་ཁར་དམར་མདོག་གི་སྐར་མ་རྩེ་ལྔ་ཞིབ་མོར་བཙེམས་ཤིང་། སྐྲ་ལོ་གཏུབས་ནས་རྣ་བའི་མཚམས་སུ་སླེབས་པའི་བུད་མེད་འགས་ཀྱང་ཕ་གསོད་ཀྱི་ལག་དམར་མཐོང་བ་ཇི་བཞིན་ཁོང་ཕ་བུ་གཉིས་ལ་ཚོད་བགམ་དང་འཛེམ་དོགས་སྤུ་ཙམ་ཡང་མེད་པར་ཁུ་ཚུར་དང་རྡོག་ཐོས་མགོ་རྐང་ལ་དབྱེ་བ་མེད་པར་ཡིད་ཚིམས་པ་རེ་གཞུས། ཉིན་དེའི་མཚན་མོར། ཁོའི་ཕ་རྒན་གྱིས་ཉེས་རྡུང་དང་ངོ་ཚ་ཉོས་པ་ལ་མ་བཟོད་པར་རང་སྲོག་བཅད། དེ་ནས་བཟུང་ཁོའི་ཡིད་དུ་འོངས་པའི་ཟས་གོས་རང་འགྲུབ་ཀྱི་འཚོ་བ་དེ་དབྱར་གསུམ་གྱི་འཇའ་ཚོན་དང་ཞོགས་པའི་སྨུག་སྤྲིན་ཇི་བཞིན་རིང་དུ་གྱེས་ཤིང་ནམ་རྒྱུན་ལྕགས་ཁེམ་དང་འཇོར་བཟུང་ནས་རྫོགས་རྒྱུ་མེད་པའི་ས་ལས་རྡོ་ལས་ཀྱི་ལས་ཀར་ཞུགས།

དེ་ལྟར་ལོ་ཟླ་ནི་ཐུར་དུ་འགྲིལ་བའི་རྦབ་རྡོ་ཇི་བཞིན་མདུན་ཕྱོགས་སུ་མྱུར་བར་འགྲིལ་ཞིང་། རིག་གསར་གྱི་དྲག་རླུང་དེའང་སྲིད་ཇུས་གསར་པའི་ཉི་འོད་ཀྱིས་ཡོངས་སུ་བསལ་ལ། ས་གནས་ཀུན་ཏུ་གོང་རིམ་ནས་མངགས་པའི་ལས་བྱེད་པ་ཚོས་དཀར་འདོན་གྱི་བྱ་བ་ལེགས་པོར་བསྒྲུབས་ཤིང་མང་ལས་མང་ཐོབ་དང་ཉུང་ལས་ཉུང་ཐོབ། མ་ལས་མི་ཐོབ་ཀྱི་ཐུན་མོང་གི་སྒྲིག་གཞི་རྙིང་པ་དེའང་ཁ་ཐོར་དུ་གྱུར་ནས། རྒྱུ་ནོར་མཐའ་དག་མི་གྲངས་ལྟར་སྒེར་ལ་བགོ་བཤའ་རྒྱག་པའི་སྲིད་ཇུས་གསར་པ་ཞིག་ཀྱང་མྱུར་དུ་ལག་བསྟར་བྱས། དེ་ལྟར་ཨ་ཁུ་གཡང་བྷ་ལའང་རང་ཉིད་ཀྱིས་འཚོ་སྐྱོང་བྱས་ཆོག་པའི་སྒོ་ཕྱུགས་འགའ་ཐོབ་པས། སེམས་ཁོང་དུ་སྨྲ་མི་ཤེས་པའི་དགའ་སྤྲོ་ཞིག་གིས་ཡོངས་སུ་བརྟས་ཤིང་མིག་མདུན་གྱི་སྐྱ་ཟད་སྔོ་སྡུག་གི་འཚོ་བའི་གནས་སྟངས་དེར་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་བྱུང་།

མ་འགྱངས་པར་ཨ་ཁུ་གཡང་བྷས་རང་དང་ན་མཉམ་གྱི་བུ་མོ་བཀྲ་ཤིས་མཚོ་ཆུང་མར་བླངས་ཤིང་ཆེས་ཐོག་མར་མི་ཡུལ་གྱི་ཁྱིམ་ཚང་ཞེས་པའི་མིང་ཚིག་འདིའི་གཡོག་ཏུ་ཚུད། བཀྲ་ཤིས་མཚོ་ནི་མཚོ་དམར་སྡེ་བའི་ཁྱིམ་ཚང་ཕལ་བ་ཞིག་གི་བུ་མོ་ཡིན་ཞིང་ཡག་མོ་སྒོ་དེ་འདྲ་མེད་ནའང་རང་དོན་དང་ལག་ལས་ཀའི་ཐད་ནས་མོ་བརྒྱའི་སྙིང་རླུང་འཚང་ས་དང་ཕོ་བརྒྱའི་སེམས་པ་ཤོར་ས་ཁོ་ན་རུ་གྱུར་ཡོད། ཁོ་གཉིས་ཀྱིས་དེ་ལྟར་རང་དབང་རང་འཐད་ཀྱིས་གཉེན་སྒྲིག་བྱས་ཤིང་མ་འགྱངས་པར་བུ་ཆུང་འབུམ་ཁོ་བཙས།

ཨ་ཁུ་གཡང་བྷས་མ་གཞི་ནས་ཆུང་མར་བྱིས་པ་ཞིག་སྐྱེ་བར་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་ལྟར་རེ་ཞིང་བསྒུགས་ལ། ཐ་ན་རྨི་ལམ་དུའང་མཚམས་ལན་རེར་བུ་ཆུང་ཡིད་འོངས་པ་ཞིག་གིས་རང་ཉིད་ལ་ཨ་ཕ་ཞེས་འབོད་པ་རྨི་བཞིན་ཡོད། དེར་བརྟེན་བཅའ་བ་རིམ་གྲོ་སྒྲུབ་པའམ་བསང་གསོལ་རྒྱུན་དུ་བྱས་པའི་བཀའ་དྲིན་གང་ཡིན་པ་མི་ཤེས་མོད། ཏག་ཏག་ལོ་དེའི་ཕྱི་ལོར་ཁོའི་ཆུང་མ་བཀྲ་ཤིས་མཚོར་མངལ་སྦྲུམ་ནས་མ་འགྱངས་པར་བུ་ཞིག་བཙས་ལ། དེས་ཁོའི་སེམས་ཁོང་དུ་སྔ་ན་མེད་པའི་སྐྱིད་སྣང་གིས་ཡོངས་སུ་བཀང་ཞིང་ད་སོ་མར་མི་ཡུལ་དུ་མགྲོན་ལ་ཕེབས་པའི་བུ་ཆུང་དམར་འབྱར་དེ་ལག་ཏུ་བཟུང་ནས། སེམས་སུ་ད་ནས་བཟུང་བྱིས་པ་འདིར་དཀར་ཡོལ་སྐྱོར་སྐྱོར་དང་སྐུད་པ་རྨེལ་རྨེལ་གྱིས་གཅེས་སྐྱོང་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཞིག་ཀྱང་ངང་གིས་འཁྲུངས།

ལྷག་པར་དུ་བུ་ཆུང་དེ་མ་བཙས་པའི་སྔོན་ལ། ཨ་ཁུ་གཡང་བྷས་ཨ་ལགས་རིག་སྨོན་ཚང་ལ་ཕྱག་མོ་གཟིགས་ཤིང་། ཨ་ལགས་རིག་སྨོན་ཚང་གིས་བུ་ཆུང་དེ་ཁོའི་ཕ་འདས་པོ་དཔོན་པོ་ཐོད་ཤོའི་རྣམ་ཤེས་ཡིན་པའི་སྐོར་ཡང་གསུངས་མྱོང་བས། ཁོས་བུ་ཆུང་དེའི་ཆེད་དུ་ཁྱིམ་གྱི་ཡོད་ཚད་དང་ཐ་ན་རང་གི་སྲོག་ལ་འབབ་དགོས་ཀྱང་ཕངས་སེམས་སྤུ་ཙམ་ཡང་མེད་པར་གཏོང་ཐུབ་པའི་སྙིང་ཕུར་ཞིག་སྔར་ནས་སེམས་ཀྱི་ཟབ་ས་རུ་བརྡབས་ཡོད། དེ་ནས་བཟུང་ཁོང་བཟའ་ཟླ་གཉིས་ཀྱིས་ཟས་ཞིམ་པོ་དང་གོས་འཇམ་པོ་ཡོད་ཚད་ཁབ་གསོག་འབིགས་གསོག་བྱས་ཏེ་རང་གི་བུ་འབུམ་ཁོར་སྟེར་ཞིང་འབུམ་ཁོ་ལོ་བཅུ་གཅིག་ལྷག་ལ་སླེབས་ཀྱང་ཕྱུགས་རྫིར་ཐེངས་ཁ་ཤས་ལས་སོང་མྱོང་མེད།

2

རྟ་བདུན་དབང་པོས་བརྩེ་སེམས་ཀྱི་དྲོད་ཁོལ་ས་གཞི་རུ་བསྩལ་ཅིང་སྤང་ཐང་དུ་ཕྲ་ཚོམ་ལྟར་བཀོད་པའི་མཚོ་དམར་སྡེ་བའི་འབྲོག་མི་དག་གིས་ཉིན་གཅིག་གི་བྲེལ་འཚབ་ཀྱི་ལས་ཀར་དབུ་འཁྱུད་འབྲི་མགོ་བརྩམས། ཉི་འོད་ཁོལ་དུ་བབས་དུས། འབྲོག་ཁྱི་སེ་བོའི་སྦོམ་ཞིང་ལྡིར་བའི་ཟུག་སྐད་ཀྱི་ཀློང་དུ་གཡས་གཡོན་ན་ཡོད་པའི་རུ་བ་ཁྱིམ་མཚེས་དག་མ་གྲོས་གཅིག་མཐུན་གྱིས་ཨ་ཁུ་གཡང་བྷ་ཚང་ལ་རོགས་བྱེད་དུ་འཛོམས། ཨ་ཁུ་གཡང་བྷ་བཟའ་ཟླ་གཉིས་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁྱིམ་མཚེས་དག་ལ་སྣེ་ལེན་བྱས་ཤིང་། ཅུང་ཙམ་ནས་ཚང་མའི་རོགས་རམ་འོག་ལུག་ཁྱུ་ནས་ཤ་གཟན་གཡག་འདྲ་བ་ཞིག་བཟུང་སྟེ་དབྱར་ཤ་བཤའ་བར་བརྩམས།

དེ་རིང་ཁོ་ཚང་ལ་གཅིག་ནས་མགྲོན་པོ་མང་བ་དང་གཉིས་ནས་བྱ་བའང་ཅུང་མང་བས། གཅེས་ཕྲུག་འབུམ་ཁོ་ཕྱུགས་རྫིར་མི་མངག་ཐབས་མེད་བྱུང་། ཨ་ཁུ་གཡང་བྷས་རྩྭ་གང་དུ་བཟང་ཞིང་ཆུ་གང་དུ་འཛོམས་པའི་གནས་རྣམས་ལྷག་ལུས་མེད་པར་འབུམ་ཁོར་བཤད་ཅིང་ལོ་མང་པོར་རང་ཉིད་ལ་ལུས་དང་གྲིབ་མ་བཞིན་འགྲོགས་པའི་རྩིད་ནག་གིས་བརྒྱུས་པའི་འུར་ཆ་དེ་བུར་སྤྲད། ཨ་མ་བཀྲ་ཤིས་མཚོས་རང་གི་བུ་ཆུང་ལ་སྔར་ནས་གྲ་སྒྲིག་བྱས་པའི་ཆར་ལྭ་དང་བྲོ་ཁ་བྱིན་རྗེས། ཆར་ཆེན་དང་ཆུ་ལོག་སོགས་ལ་མཉམ་འཇོག་དགོས་པའི་ཞལ་ཏ་གང་མང་གནང་།

བུ་ཆུང་འབུམ་ཁོ་ནི་ལོ་ན་བཅུ་གཅིག་ལ་སོན་པའི་བྱིས་པ་ཡ་རབས་ཤིག་ཡིན་ཞིང་། གནའ་མི་བོད་ཀྱི་ཁ་དཔེར་བརྒྱད་པ་ཁ་ར་ནོར་རྫིའི་བ་ཐོར་ཟེར་བ་བཞིན་སྔ་མོ་ནས་རང་རྐྱ་རང་གིས་འཕེར་ལ་དེ་རིང་ཡང་ཧ་རེ་ཧུ་རེ་དོན་དག་ཅི་ལ་ཡང་མི་གཡེང་བར། ཆེས་དྭངས་ཤིང་ལྷད་མ་འདྲེས་པའི་མིག་ཟུང་གིས་ཡབ་ཡུམ་གཉིས་ལ་ལྟ་བཞིན་སྒོ་གསུམ་རྩེ་གཅིག་གིས་ཞལ་ཏ་ཚིག་གཅིག་ཀྱང་མི་འདོར་བར་གསན་བཞིན་འདུག

བུ་ཆུང་འབུམ་ཁོས་ལུག་ཁྱུ་དེད་ནས་ལྷས་འདབས་སུ་བུད་དུས། འབྲོག་ཁྱི་སེ་བོས་ཅི་ཞིག་ཚོར་བ་བཞིན་དལ་མོར་ལངས་ཏེ་བདག་པོ་ཆུང་བའི་རྗེས་སུ་སྙེག སྤྱིར་བཏང་གི་ཕལ་བའི་སྒོ་ཁྱི་དག་གིས་རང་ཁྱིམ་དུ་ཕྱུགས་སོགས་བཤའ་བ་མཐོང་དུས་དེར་བལྟས་ཏེ་ས་གང་དུའང་འགྲོ་མི་སྲིད་ལ། ཕར་བདའ་ནའང་ཕྱིར་ལོག་ཡོང་ངེས། ཡིན་ནའང་འབྲོག་ཁྱི་སེ་བོས་དེ་ལ་སྣང་དོགས་ཙམ་ཡང་མི་བྱེད་པར་སྔར་བཞིན་བདག་པོའི་རྗེས་སུ་སྙེག

བུ་ཆུང་འབུམ་ཁོས་ལུག་ཁྱུ་དེད་ནས་སྟོད་ཕྱོགས་ཀྱི་ཨ་མྱེས་གླང་རིའི་འདབས་སུ་ཆས། ཨ་མྱེས་གླང་རི་ནི་ཕྱིང་ཞྭ་མནབས་པའི་བགྲེས་སོང་ཞིག་དང་འདྲ་བར་དུས་ཚིགས་བཞི་བོར་དབུ་རྩེ་གངས་དང་སྐེད་པ་སྨུག་སྤྲིན་གྱིས་བཏུམས་ལ། ངག་རྒྱུན་དུ་ཨ་མྱེས་གླང་རིའི་དབུ་རྩེ་ནས་ཤམ་བྷ་ལའི་ཞིང་ཁམས་མཐོང་ཐུབ་ཟེར། དེ་བས་མཚོ་དམར་སྡེ་བའི་རྒན་དར་གཞོན་གསུམ་དང་བུ་རབས་ཚ་རྒྱུད་ཚང་མ་ཨ་མྱེས་གླང་རི་ལ་ཤིན་ཏུ་དད་ཅིང་ལོ་རེ་རེ་བཞིན་རྒྱུན་ཆད་མེད་པར་ལབ་ཙེ་བསྟོད་པ་དང་བསང་མཆོད་བྱེད་པ་སོགས་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྤེལ་བཞིན་ཡོད་ལ། ལྷག་པར་དུ་རི་དེའི་སྟེང་གི་ཤིང་རིགས་དང་རི་དྭགས་སྣ་ཚོགས་ནི་གཞི་བདག་ཨ་མྱེས་གླང་རིའི་སྒོ་ཟོག་ཏུ་བརྩིས་ནས་གནོད་པ་དང་འཚེ་བ་ནི་བ་སྤུ་ཙམ་ཡང་མི་བྱེད།

གཡུ་ཡི་ཞུན་མ་གཞོང་བར་འཁྱིལ་འདྲའི་མཚོ་དམར་སྡེ་བའི་དབྱར་ས་རུ་སྔ་ན་མེད་པའི་དྲོད་ཁོལ་དང་གསོན་ཤུགས་ཀྱིས་ཡོངས་སུ་གཏམས་ཤིང་། མཚམས་ལན་རེར་སྐྱི་བསེར་རླུང་གི་རྒྱུ་བ་དང་བསྟུན་ནས་གཞོན་ནུ་ཕོ་མོ་རེ་འགའི་རི་གླུའང་ལ་ལུང་ཀུན་ཏུ་ཁྱབ། རྒྱང་རིང་གི་གསལ་ལ་མི་གསལ་བའི་དེའུ་འབུར་དེའི་རྒྱབ་ནས་ལུག་ཁྱུ་ཞིག་གི་འབའ་སྒྲ་མཆེད་ཅིང་མ་འགྱངས་པར་མ་མོ་རེ་འགས་ལུ་གུ་རེ་ཁྲིད་དེ་གཅིག་རྗེས་གཉིས་མཐུད་ཀྱིས་དེའུ་འབུར་གྱི་སྟེང་ནས་བུད་ཡོང་། ལྟོས་དང་། དེ་ནི་ཨ་ཁུ་གཡང་བྷ་ཚང་གི་ལུག་ཁྱུ་མིན་ནམ།

སྔར་ཨ་ཁུ་གཡང་བྷ་ནི་མཚོ་དམར་སྡེ་བའི་དཔོན་རྒྱུད་ཡིན་པ་ཁོ་ནར་མ་ཟད་རྫི་བོ་དཔེ་མེད་ཅིག་ཀྱང་ཡིན་པས། ངལ་རྩོལ་བསྒྱུར་བཀོད་ཀྱི་སྐབས་སུའང་སྡེ་བའི་ནང་གི་ངལ་རྩོལ་པ་ཕུལ་བྱུང་གི་བྱ་དགའ་ཐེངས་འགར་ཐོབ་མྱོང་། ཨ་ཁུ་གཡང་བྷས་འཚོས་པའི་ལུག་ཁྱུ་ནི་ཤ་ཤེད་དང་གཟུགས་སྟོབས་གང་གི་ཆ་ནས་ཀྱང་གཞན་གྱི་ཕྱུགས་ཟོག་ལས་ཁྱད་པར་དུ་འཕགས་ཤིང་མཚོ་དམར་སྡེ་བའི་ཕྱུགས་ཀྱི་ཡང་རྩེ་ཡིན།

བུ་ཆུང་འབུམ་ཁོས་ལུག་ཁྱུ་འཚོ་སྐྱོང་བྱེད་བཞིན་ཡར་མར་གྱི་ཁོར་ཡུག་གི་མཛེས་ལྗོངས་ལ་ཡང་ཡང་ལྟ་ཞིང་འབྲོག་ཁྱི་སེ་བོ་ནི་སུག་བཞི་དལ་བ་མེད་པར་ལུག་ཁྱུའི་གཡས་གཡོན་དུ་རྒྱུག་ཅིང་མིག་གིས་རྒྱང་ཐག་ཉེ་རིང་གང་རུང་ལ་མྱུལ་ཞིབ་དང་ཉེན་ཟོན་བྱེད།

འབུམ་ཁོ་ནི་མདུན་གྱི་དེའུ་འབུར་དེའི་སྟེང་བུད་ནས་བལྟས་པ་ན། གོས་ལྗང་གི་ས་གདན་ཐང་ལ་བཏིངས་འདྲའི་སྤང་ཐང་དུ་སྦྲ་ནག་ཐར་ཐོར་ཕུབ་ཡོད་པ་ནི་འབྲོང་གཡག་དར་མས་དགྲ་དཔུང་འཇོམས་ཕྱིར་རྭ་རྩེ་བགྲད་དེ་རྔམ་བརྗིད་ཀྱིས་འགྱིང་བ་དང་གཉིས་སུ་མེད་ལ། སྦྲ་འདབས་སུ་བུད་མེད་འགའ་རེས་ཕྱུར་བ་སྐེམ་པ་དང་ཐགས་འཐག་པ། འོ་མ་དཀྲོགས་པ་སོགས་དེ་རིང་གི་ཉི་མའི་དྲོད་ཁོལ་གྱི་དུས་ཡུན་ཐུང་ངུ་འདི་དམ་འཛིན་བྱས་ཏེ་རང་རང་གི་ལས་ཀ་གང་ཡིན་པ་དེ་ལ་བྲེལ།

བུ་ཆུང་འབུམ་ཁོའི་འདྲེན་བྱེད་ཟུང་ནི་དབྱར་གྱི་བུ་མོའི་མཛེས་སྡུག་གི་བསླུ་བྲིད་ཀྱིས་ཡོངས་སུ་བཀུག་ཅིང་། ཨ་མྱེས་གླང་རིའི་རི་འདབས་སུ་ཇི་ལྟར་སླེབས་པའང་མ་ཚོར། ཁོས་ཨ་ཕའི་མངགས་ཆ་བཞིན་རང་གི་ལུག་ཁྱུ་རྩྭ་ཆུ་བཟང་ཞིང་རྩི་བཅུད་འཛོམས་ས་ཞིག་ཏུ་དེད་རྗེས། ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་བུད་དེ་ཅི་ཞིག་འཚོལ་བ་བཞིན་བོད་ལྭའི་རུམ་ནང་དུ་ལག་ཉོབ་ཐེངས་འགའ་བྱས། དེ་ནས་རྒྱུ་སྤུས་བཟང་བའི་ཤིང་གི་གླིང་བུ་ཞིག་ཕྱིར་བླངས། གླིང་བུ་དེ་ནི་ཨ་ཁུ་གཡང་བྷས་སྔར་ལོའི་ལོ་ཚོང་སྐབས་སུ་རྫོང་ཐོག་ནས་རང་གི་བུ་ལ་ཉོས་ཡོང་བ་ཡིན་ཞིང་འབུམ་ཁོ་དེར་ཧ་ཅང་དགའ། ཁོས་སྔར་ཨ་ཕས་རང་ལ་གླིང་བུ་འབུད་སྟངས་ཇི་ལྟར་བསྟན་པ་བཞིན་བུས།

བསིལ་རླུང་འཇམ་པོ་ཞིག་གི་རྒྱུ་བ་དང་བསྟུན་ནས་གླིང་བུའི་དབྱངས་སྙན་དེ་མཚོ་དམར་སྡེ་བའི་རི་ལུང་ཐང་གསུམ་ཀུན་ཏུ་ཁྱབ་ཅིང་། མེ་ཏོག་གི་ཟེའུ་རྡུལ་ལ་རྔམ་པའི་གཡུ་སྦྲང་དང་ཕྱེ་ལེབ་ཀྱི་ཚོགས་ནི་འཕུར་ལྡིང་གི་རྩེད་འཇོར་ཅི་དགར་རོལ་ལ་བྱེའུ་རེ་འགས་ཀྱང་སྐབས་འགར་མཁའ་དབྱིངས་སུ་གཤོག་འགྱུར་ངོམ། ད་ནི་གསེར་མདོག་གི་ཉི་འོད་དེ་ཚམ་ཚོམ་མེད་པར་ཀུན་གསལ་ཡངས་པོའི་ཕང་བ་རུ་འཕགས་ཤིང་སྔར་ལས་ལྡབ་འགྱུར་གྱི་ཚ་ཟེར་འགྱེད།

མེ་ཏོག་གི་དྲི་བསུང་དང་ཁུ་བྱུག་གི་གསུང་སྙན་གྱིས་བུ་ཆུང་འབུམ་ཁོའི་ལུས་སེམས་ལ་སྨྲ་མི་ཤེས་པའི་བདེ་སྣང་ཞིག་བསྐྲུན་ཅིང་རང་དབང་མེད་པར་མགྲིན་པ་འཕྲུལ་གྱི་འཁོར་ལོའི་རྩ་མདུད་གྲོལ་ཏེ། གྲེ་བ་བསལ་ཙམ་བྱས་ནས་དམངས་གླུ་ཞིག་འདི་ལྟར་བླངས་སོང་།

འོ་ཡེ—

སེར་པོ་གསེར་ལ་རིན་པ་མེད་གོ། །

ཀོ་ལིང་ལིང་གི་ལིང་ཀོ་ལིང་ལིང་གི་ལིང་། །

རིན་པ་མེད་རུང་རིན་པོ་ཆེ་གོ། །

ཀོ་ལིང་ལིང་གི་ལིང་ཀོ་ལིང་ལིང་གི་ལིང་། །

འོ་ཡེ—

དཀར་པོ་དངུལ་ལ་རིན་པ་མེད་གོ། །

ཀོ་ལིང་ལིང་གི་ལིང་ཀོ་ལིང་ལིང་གི་ལིང་། །

རིན་པ་མེད་རུང་རིན་པོ་ཆེ་གོ། །

ཀོ་ལིང་ལིང་གི་ལིང་ཀོ་ལིང་ལིང་གི་ལིང་། །

འོ་ཡེ—

སྣར་ཐང་བྱུ་རུར་རིན་པ་མེད་གོ། །

ཀོ་ལིང་ལིང་གི་ལིང་ཀོ་ལིང་ལིང་གི་ལིང་། །

རིན་པ་མེད་རུང་རིན་པོ་ཆེ་གོ། །

ཀོ་ལིང་ལིང་གི་ལིང་ཀོ་ལིང་ལིང་གི་ལིང་། །

སྤྱིར་བུ་ཆུང་འབུམ་ཁོ་ནི་ཁ་གྲག་རྒྱུར་དེ་འདྲ་མི་དགའ་བའི་བྱིས་པ་གཉོམ་པོ་ཞིག་ཡིན་ཡང་དེ་རིང་རང་དབང་མེད་པར་ཨ་ཕ་རྒྱུན་དུ་ལེན་རྒྱུར་དགའ་བའི་གླུ་ཆུང་དེ་ངག་ནས་ཤོར། ལྷད་མ་འདྲེས་པའི་མེས་པོ་གོང་མའི་སྙན་ལྷང་ལྷང་གི་གླུ་སྐད་དང་གླུ་ཚིག་དེས་དབྱར་གསུམ་མེ་ཏོག་གི་འཛུམ་ཞལ་ལ་བཀྲག་མདངས་བསྣན་ཅིང་། མཐའ་ཡས་པའི་རི་ལུང་དང་སྤང་ཐང་གི་སྐྱེ་འགྲོ་ཀུན་ལ་ཞི་བདེ་ཡི་འོད་སྣང་བསྩལ། ད་ནི་ཉི་མ་ཡང་ཉིན་གུང་དུ་སླེབས་ལ། ཉི་མས་ཚ་བ་དང་ལྟོ་བ་ལྟོགས་པ་གང་ཡིན་པ་མི་ཤེས་མོད་འབྲོག་ཁྱི་སེ་བོའི་དམར་ལ་དཀར་ཤས་ཅུང་ཆེ་བའི་ལྕེ་དེའང་འདོམ་པ་གང་ཙམ་ལ་བསྣར་ཏེ། དབུགས་ལྷེམ་ལྷེམ་དུ་ལེན་བཞིན་ཁོའི་གདོང་ལ་བལྟས་འདུག འབུམ་ཁོས་རྣམ་འགྱུར་དེར་ལྟ་བཞིན་གདོང་ལ་འཛུམ་མདངས་ཤིག་མངོན་ཏེ་ད་ནངས་སྔ་མོའི་བྲོ་ཁ་རུམ་ནས་བླངས་ཤིང་ཕྱེད་ཀ་འབྲོག་ཁྱི་སེ་བོར་བྱིན་ལ་ཕྱེད་ཀ་རང་གིས་ཟོས།

འབྲོག་ཁྱི་སེ་བོས་ཀྱང་བདག་པོ་ལ་བཀའ་དྲིན་ཞུ་བ་དང་འདྲ་བར་བདག་པོས་གནང་བའི་བྲོ་ཁ་བཟའ་བར་བརྩམས། འབུམ་ཁོས་འབྲོག་ཁྱི་སེ་བོའི་ཟ་སྟངས་ལ་ལྟ་བཞིན་དྲན་འཛིན་གྱི་རྒྱ་མཚོའི་ངོགས་སུ་ཆེས་ཐོག་མར་རང་ཉིད་འབྲོག་ཁྱི་སེ་བོ་དང་འཕྲད་པའི་གཏམ་རྒྱུད་ཀྱི་གཡོར་གྲུ་མངོན་ཡོང་།

3

ལོ་ཞིག་གི་ཁྲ་ཆིལ་ཆིལ་གྱི་མེ་ཏོག་སྤང་དུ་བཞད་ཅིང་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་ལ་སྔར་མེད་ཀྱི་གསོན་ཤུགས་རྒྱས་པའི་དབྱར་ཟླ་དྲུག་པའི་བསྐལ་བཟང་གི་ཉིན་མོ་ཞིག་སྟེ། ཁོ་ཚང་གི་རུ་བ་དབྱར་ཁར་སྤོས་མ་ཐག་ཡིན་ལ། དེ་དུས་ཁོ་རང་ལོ་ན་བརྒྱད་ཙམ་ལ་སོན་པ་ཡིན།

ཉིན་དེར་ཨ་ཁུ་གཡང་བྷས་སྔར་བཞིན་ནོར་ལུག་དེད་ནས་རྫ་འདབས་སུ་ཆས་ལ། བུ་ཆུང་འབུམ་ཁོས་ཨ་མར་ཁྱིམ་ལས་ཙག་ཙིག་ལས་རོགས་བྱེད་ཞོར་བེའུ་འཚོས་ནས་བསྡད། ཕྱི་དྲོའི་རྟ་བདུན་དབང་པོ་ཆུ་ལྷའི་ཕང་བ་རུ་བཞུད་ལ་ཉེ་དུས། ཨ་ཁུ་གཡང་བྷས་རྟ་རྐྱང་དམར་བཅིབས་ཤིང་ནོར་ལུག་དེད་ནས་ལྷས་འདབས་སུ་སླེབས། འབུམ་ཁོ་ནི་ནམ་རྒྱུན་དང་འདྲ་བར་སྟོངས་ལས་ཤོར་བའི་མདའ་མོ་ཇི་བཞིན་ཨ་ཕའི་སྔོན་བསུ་རུ་བརྒྱུགས། ཡིན་ནའང་། དེ་རིང་དུས་རྒྱུན་དང་མི་མཚུངས་པར་ཨ་ཁུ་གཡང་བྷའི་རྗེས་སུ་ལུས་བོངས་ཆེ་ཞིང་སུག་བཞི་སྦོམ་པའི་འབྲོག་ཁྱི་སེ་བོ་ཞིག་དེད་འདུག ཁོས་དེ་མཐོང་མ་ཐག་ཤ་གསེང་རུས་གསེང་ནས་དངངས་སྐྲག་ཅིག་སྐྱེས་ཤིང་ཨ་ཕའི་ལག་པར་དམ་དུ་འཇུས།

ཨ་ཁུ་གཡང་བྷས་རྟ་རྒན་ལྷས་འདབས་ཀྱི་སྤང་ཐོག་ཏུ་བཏགས་རྗེས། ཁྱིམ་དུ་འཛུལ་ཏེ་ཕྱི་ཇ་འཐུང་བར་བརྩམས་ཤིང་གདོང་ལ་གཟབ་ནན་གྱི་ཉམས་ཤིག་ཤར་ནས་ཨ་མ་བཀྲ་ཤིས་མཚོར་བལྟས་ཏེ། “ཡ་བཀྲ་མཚོ། ལྷས་འདབས་ཀྱི་ཁྱི་གན་ལ་ལྟོ་ཞིག་བླུད་དང་། སྙིང་མ་རྗེ། སུ་ཚང་གི་སྐྱེས་འགེལ་སྐབས་བོར་བ་མི་ཤེས། གང་ལྟར་དེ་རིང་ཉིན་གང་ལ་ངའི་རྗེས་དེད་ནས་བསྡད་པ་རེད།

ལུས་མི་གཅིག་པ་མ་གཏོགས་ཚང་མ་ཚེ་སྲོག་ཡོད་པ་འདྲ་འདྲ་རེད”ཟེར། ཨ་མ་བཀྲ་ཤིས་མཚོས་ཀྱང་མྱུར་དུ་ལྟོ་ཞིག་བསྐོལ་ཏེ་ལྷས་འདབས་ཀྱི་འབྲོག་ཁྱི་སེ་བོར་བླུད། དེ་ལྟར་འབུམ་ཁོ་དང་འབྲོག་ཁྱི་སེ་བོ་གཉིས་ཀྱིས་ཆེས་ཐོག་མར་ངོ་ཤེས་ཤིང་ཕན་ཚུན་གྲོགས་པོར་གྱུར། ཉིན་དེ་ནས་བཟུང་འབྲོག་ཁྱི་དེ་གཞན་གང་དུའང་མི་འགྲོ་བར་ཨ་ཁུ་གཡང་བྷ་ཚང་གི་གཡང་ར་སྒོ་བཞི་སྲུང་བའི་སྲུང་དམག་དངོས་མ་ཞིག་ཏུ་གྱུར་ཏོ། །

4

སྒོ་ཁྱི་དེའི་ལུས་བོངས་ཆེ་ཞིང་ཟུག་སྐད་སྦོམ་ལ། སྤུ་མདོག་ནག་ཅིང་མིག་གཉིས་ཀྱི་གོང་དུ་སེར་ཐིག་ཆུང་ངུ་རེ་ཡོད་པ། མགོ་བོའི་སྟེང་གི་སྤུ་ཤིན་ཏུ་རིང་ཞིང་སྟོབས་ཀྱིས་འགྱིང་བ་ནི་སེང་གེ་ཞིག་གི་དོ་ཟླར་འོས་པ་ལས་གཞན་སུ་ཞིག་ལའང་བསྡུར་དུ་མེད། ལྷག་པར་དུ་དེའི་ལག་མགོ་གཉིས་དཀར་པོ་དཀར་རྐྱང་ཡིན་པས་ཁྱིམ་མི་ཚོས“འབྲོག་ཁྱི་སེ་བོ”འམ“སེན་རྒན”ཞེས་གཅེས་མིང་སྙན་མོ་ཞིག་ཀྱང་བཏགས་པ་རེད།

བུ་ཆུང་འབུམ་ཁོའི་བྱིས་དུས་ཀྱི་ལོ་ཟླ་ནི་བྱིས་སྒྲུང་མཁན་པོ་ཨན་ཐོའུ་ཧྲེང་གི་སོར་རྩེ་ལས་བྱུང་བའི་ལྷ་སྒྲུང་གི་འཇིག་རྟེན་དེ་དག་དང་མཚུངས་ལ། གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་ཡིད་འགུག་གི་ངག་རྒྱུན་དེ་དག་དང་འདྲ་ན་ཡང་། ཆེས་དོན་སྙིང་ལྡན་པ་ནི་ཁོ་དང་འབྲོག་ཁྱི་སེ་བོའི་བར་གྱི་བརྗེད་དཀའ་བའི་འདས་དོན་ནམ་གཏམ་རྒྱུད་དེ་དག་རེད།

ལོ་ཞིག་གི་སྟོན་ཁའི་དུས་སུ། ཨ་ཁུ་གཡང་བྷས་ལུག་ཁྱུ་ནས་ཤ་གཟན་འགའ་བཀར་ནས་རྫོང་ཐོག་ལ་འཚོང་དུ་སོང་། དེ་དུས་ཡང་དེ་རིང་ནང་བཞིན་ཕྱུགས་རྫིར་ལོ་ན་དགུ་ལ་སོན་པའི་བུ་ཆུང་འབུམ་ཁོ་མངགས་ལ། འབུམ་ཁོས་ཀྱང་རང་དང་ཤ་ཚད་ལུས་ཚད་ཀྱི་སློག་པ་དེ་གོན་ནས་ཉིན་གཅིག་གི་ཕྱུགས་རྫིའི་ལས་ཀ་ལ་སྟ་གོན་བྱས། ཉིན་དེའི་ནམ་ཟླ་ནི་དེ་འདྲའི་ཡག་པོ་ཞིག་མིན་པར་སྐབས་སྐབས་སུ་མི་ཕྱུགས་ཀུན་གྱི་ཤ་གསེང་རུས་གསེང་དུ་གྲང་རེག་སྡོམ་པོ་ཞིག་ངང་གིས་བསྐྱལ་ཡོང་།

ཉིན་དེར་ཡང་འབྲོག་ཁྱི་སེ་བོས་ཨ་མ་བཀྲ་ཤིས་མཚོས་བླུད་པའི་ལྟོ་དེ་མྱུར་མོར་འཐུངས་རྗེས། ཅི་ཡང་མི་བསམ་པར་ལུག་ཁྱུ་དང་འབུམ་ཁོའི་རྗེས་སུ་སྙེག མཐོ་སྒང་གི་ནམ་ཟླ་ནི་དེ་འདྲའི་གཏན་འཇགས་ཤིག་མིན་པར་སྔ་དྲོ་དྲོ་ན་ཕྱི་དྲོ་འཁྱགས་ལ། ཕྱི་དྲོ་དྲོ་ན་སྔ་དྲོ་འཁྱགས། སྟོན་མཇུག་གི་ཉིན་དེར་སྔར་གྱི་ལྗང་ནེམ་ནེམ་གྱི་རྩྭའི་ཁ་དོག་ཅུང་སེར་སྐྱར་མངོན་ལ། གྲང་རླུང་གི་རྒྱུག་འགྲོས་དང་བསྟུན་ནས་སྨུག་སྤྲིན་གྱི་དུམ་བུ་འགའ་རེ་མཚམས་རེར་ཨ་མྱེས་གླང་རིའི་དབུ་རྩེ་བརྒྱུད་ནས་མཁའ་དབྱིངས་སུ་འཕྱོ་ལ། ལན་རེར་རི་ལུང་དང་གཤོང་ཁུག་ཏུ་ཕྱུར་བར་གཏམས། མཐོ་སྒང་གི་སྟོན་མཇུག་ནི་ཕལ་ཆེར་དགུན་ཁ་དང་ཁྱད་མེད་པས་མཚོ་དམར་སྡེ་བའི་རུ་བ་མང་ཆེ་བ་དགུན་སར་སྤར་ཟིན་ལ། ཤུལ་དུ་ལྷག་པ་ནི་ཨ་ཁུ་གཡང་བྷ་ཚང་དང་ཨ་ཕ་དགྲ་ལྷ་ཚང་སོགས་ཨུ་ཚུགས་ཅན་གྱི་འབྲོག་ཁྱིམ་འགའ་རེད།

ཉིན་གུང་གི་སྐབས་སུ། འབུམ་ཁོའི་ལུག་ཁྱུ་ཨ་མྱེས་གླང་རིའི་ལྕམ་མོའི་མེ་ལོང་དུ་འབོད་པའི་མཚོ་ཆུང་ནོར་གཏེར་གྱི་འགྲམ་དུ་སླེབས་ཤིང་ནམ་ཟླ་རིམ་བཞིན་ཇེ་བཟང་དུ་སོང་། སྣང་བྱེད་གཞོན་ནུས་སྤྲིན་དཀར་གྱི་ཡོལ་རས་ཕར་ལ་དེད་ཅིང་འཛུམ་ཞལ་གྱི་དྲོད་ཁོལ་དེ་སྐྱེ་དགུ་ལ་ཕངས་མེད་དུ་བསྩལ། འབུམ་ཁོས་སྔ་དྲོ་ཞིག་གི་རིང་ལ་གྲང་རེག་གི་ཀློང་ནས་ལུག་ཁྱུ་འཚོས་པས་ཕྱོགས་གཅིག་ནས་ཐང་ཆད་ཅིང་ཕྱོགས་གཞན་ཞིག་ནས་ད་སོ་མའི་ཉི་མའི་དྲོད་ཁོལ་གྱིས་དྲོས་པས། ལུས་སེམས་གཉིས་ལ་བདེ་སྣང་ཁྱད་པར་བ་ཞིག་དང་བཅས་དབ་བེ་དུབ་བེ་ངང་གཉིད་དུ་ཡུར།

དུས་ག་ཙམ་འགྱངས་པ་མ་ཤེས་མོད། གློ་བུར་དུ་འབྲོག་ཁྱི་སེ་བོའི་ཟུག་སྐད་དང་ལུག་ཁྱུ་འདྲོགས་པའི་ལྡིར་སྒྲས་ཁོ་རང་དེ་མ་ཐག་རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་བསླངས། འབུམ་ཁོ་མྱུར་དུ་ཡར་ལངས་ནས་ཕྱོགས་བཞིར་བལྟས་དུས། རང་གི་ལུག་ཁྱུ་ནི་རླུང་གིས་གཏོར་བའི་སྤྲིན་པ་ཇི་བཞིན་ཁ་ཐོར་དགུ་འཐོར་དུ་གྱུར་འདུག་ཅིང་། ལུག་ཁྱུ་དང་མི་རིང་བའི་ས་ན་འབྲོག་ཁྱི་སེ་བོས་རང་སྲོག་འབེན་དུ་བཞག་ནས་སྤྱང་ཀིའི་ཚོགས་དང་འཐབ་བཞིན་འདུག འཐབ་ནས་རེ་ཞིག་འགོར་རྗེས། འབྲོག་ཁྱི་སེ་བོའི་ཉེ་འགྲམ་དུ་སྤྱང་ཀི་ལྔ་དྲུག་ལྷག་འདུས་ཤིང་གལ་ཏེ་དེ་དག་དུས་མཉམ་གཅིག་ཏུ་མཆོངས་ན་སེ་བོས་ཀྱང་ཐུབ་དཀའ་བ་འདྲ།

མདོ་དབུས་མཐོ་སྒང་གི་རི་སྤྱང་ནི་ནམ་རྒྱུན་ཁྱུ་དང་ཁྱུ་བྱས་ནས་རྒྱུ་ཞིང་གལ་ཏེ་ཉིན་གཉིས་གསུམ་ཙམ་ལ་ཁ་ཟས་མ་རེག་པ་ཡིན་ན། ཉིན་མོར་རྫི་བོ་ལའང་མི་སྐྲག་པར་སྲོག་བསྡོས་ཀྱིས་ལུག་ཁྱུར་རྒོལ་བ་རེད། སྟབས་ལེགས་པ་ཞིག་ལ་དེ་རིང་འབྲོག་ཁྱི་སེ་བོ་ཡོད་པས་ལུག་ཁྱུ་དེར་གནོད་པ་སྤུ་ཙམ་ཡང་བྱས་མི་འདུག འོན་ཀྱང་། མིག་མདུན་གྱི་སྐྱི་གཡའ་བའི་རྣམ་པ་དེར་བྱིས་པ་ལོ་དགུ་ཅན་ཞིག་གིས་ཅི་བྱེད་དམ། ཁོ་རེ་ཞིག་འདམ་གྱིས་བཟོས་པའི་འཇིམ་སྐུ་ཇི་བཞིན་ཧད་དེ་ལུས།

དགའ་འོས་པ་ཞིག་ལ་ཉིན་དེར་ཁོ་དང་ཐག་མི་རིང་བའི་ས་ན་ཁྱིམ་མཚེས་ཨ་ཁུ་རྟ་མགྲིན་གྱིས་ཕྱུགས་འཚོ་བཞིན་ཡོད་པས། ཁོང་གིས་གནས་ཚུལ་དེ་མཐོང་མ་ཐག་རྔོན་མདའ་བླངས་ནས་སྤྱང་ཀིའི་ཚོགས་ལ་ཁ་གཏད་དེ་གང་སར་བརྒྱབ་ལ། རི་སྤྱང་དག་གིས་རྔོན་མདའི་སྒྲ་ཐོས་མ་ཐག་ཁ་འཐོར་ཏེ་སོ་སོར་བྲོས། དེ་ལྟར་གནམ་རྒན་མའི་དྲིན་ལ་ཉིན་དེའི་སྐྱི་གཡའ་བའི་དོན་དག་དེ་མཇུག་བསྡུ་ཐུབ་པ་བྱུང་།

འབུམ་ཁོས་ལུག་དེད་ནས་ཁྱིམ་དུ་སླེབས་དུས། ཕལ་ཆེར་མུན་པ་སྟུག་པོས་ཡོངས་སུ་བཏུམས་ནས་མིག་གིས་རྡོག་ལམ་ཡང་མཐོང་དཀའ། ཨ་མ་བཀྲ་ཤིས་མཚོས་ནོར་ཁྱུ་ལྷས་སུ་བཅུག་ནས་རྡང་དུའང་བཏགས་ནས་ཚར་འདུག་ལ། ཨ་ཁུ་གཡང་བྷས་རྫོང་ནས་ཤ་གཟན་རྣམས་བཙོངས་ཚར་ཏེ་སྔ་མོར་ཁྱིམ་དུ་སླེབས་འདུག་ཅིང་། རང་གི་ལུག་ཁྱུའི་འབའ་སྒྲ་ཐོས་མ་ཐག་བོད་ལྭ་གཡང་ཤམ་བྱས་ནས་འབུམ་ཁོའི་མདུན་དུ་བརྒྱུགས་ཡོང་། ཨ་ཁུ་གཡང་བྷ་བཟའ་ཟླ་གཉིས་ཀྱིས་རང་གི་བུ་ལ་སྐྱོན་ཅི་ཡང་མེད་པ་མཐོང་ནས་མིག་ལ་དགའ་སྤྲོའི་མཆི་མ་འཁྲིགས་ཤིང་། ཁོ་ཚོས་ལུག་ཁྱུར་ཚང་རྩིས་ཐེངས་ཤིག་ལེན་དུས་ལུག་ཁྱུ་ལས་ལུ་གུ་གཅིག་ཀྱང་མི་ཆད་པར་སྔ་མ་ལྟར་སྐྱོན་ཅི་ཡང་མེད་པར་ཁྲིགས་སེ་འདུག དེ་ལྟར་ཁོ་ཚོས་འབྲོག་ཁྱིམ་དཀྱུས་མ་ཞིག་གི་འཚོ་བ་ལ་ཐོག་མའི་དབུ་འཁྱུད་འབྲི་བ་ནས་མཇུག་མཐའི་བཞི་ཤད་བཀོད།

མཚན་མོ་དེའི་མག་མོག་གི་དཀར་མེ་ཀློང་དུ་འབུམ་ཁོས་ཉིན་དེར་བྱུང་བའི་དོན་དག་གི་མགོ་ནས་མཇུག་བར་ཕ་མ་གཉིས་ལ་ཐེངས་ཤིག་བརྗོད་ཅིང་འབྲོག་ཁྱི་སེ་བོའི་བཀའ་དྲིན་ཡང་ཡང་བརྗོད། ཨ་ཁུ་གཡང་བྷ་བཟའ་ཟླ་གཉིས་ཀྱིས་གཏམ་དེ་དག་ཐོས་རྗེས། འབྲོག་ཁྱི་སེ་བོར་ཆེད་དུ་དམིགས་ནས་ལྟོ་ཞིམ་པོ་ཞིག་ཀྱང་བསྐོལ་ཏེ་བླུད།

ཕྱི་ཉིན་སྔ་མོར་སྐྱ་རེངས་བཀྱགས་མ་ཐག ཨ་ཁུ་གཡང་བྷ་སྔ་མོར་ལངས་ནས་ནམ་རྒྱུན་གྱི་ལོབས་ཕྱོགས་ལྟར་ཐལ་སྤུངས་འགྲམ་དུ་གཅིན་པ་གཏོང་དུ་སོང་། ཁོས་ལྟ་ཕྱོགས་ཤིག་གིས་འབྲོག་ཁྱི་སེ་བོའི་བྲང་ཁར་རྨས་ཕོག་པ་མཐོང་། མདང་དགོང་འབྲོག་ཁྱི་སེ་བོའི་བྲང་ཁའི་རྨ་ཁ་ལས་ཁྲག་བཞུར་ཏེ་ས་རུ་བསགས་ཤིང་རླུང་གིས་དཀག་འདུག

ཨ་ཁུ་གཡང་བྷ་འཚབ་འཚུབ་ངང་གཅིན་པའང་གཏོང་མཚམས་བཞག་ནས་ཕྱིར་ཁྱིམ་དུ་བརྒྱུགས་ཏེ། ཁྱིམ་གྱི་ཡ་རྒྱུད་དུ་བཞག་པའི་ཕྱུགས་སྨན་ལག་ཁུག་གང་པོ་ལས་རྨ་ཁ་སོས་བྱེད་ཀྱི་སྨན་འགའ་བླངས་ནས་ཕྱིར་བརྒྱུགས། དེ་ལྟར་ཁོས་ཉིན་ཐོག་ཉིན་བརྩེགས་ནས་ཧ་ཅང་ཞིབ་ཚགས་ངང་འབྲོག་ཁྱི་སེ་བོར་སྨན་བཅོས་བྱས་ཤིང་། ཧ་ལམ་ཟླ་གཉིས་ཀྱི་རྗེས་སུ་འབྲོག་ཁྱི་སེ་བོ་ཡོངས་སུ་དྲག་སྐྱེད་བྱུང་། འབྲོག་ཁྱི་སེ་བོ་དྲག་སྐྱེད་བྱུང་བ་དེ་ནི་ཨ་ཁུ་གཡང་བྷ་ཚང་ལ་མཚོན་ན་ཧ་ཅང་ཐོས་དཀའ་བའི་གཏམ་བཟང་ཞིག་ཡིན་ཏེ། དེ་ནས་བཟུང་ཁོང་ཁྱིམ་མི་གང་པོར་ཡང་བསྐྱར་ཁྱིམ་མི་ཞིག་གིས་ཇེ་མང་དུ་སོང་།

5

བུ་ཆུང་འབུམ་ཁོས་ཕྱིར་དྲན་བྱས་ནས་མཚམས་འདིར་སླེབས་དུས་མིག་མཐར་མཆི་མས་ཡོངས་སུ་ཁེངས། ཁོས་རང་གི་མདུན་གྱི་འབྲོག་ཁྱི་སེ་བོའི་མགོ་བོར་བྱིལ་བྱིལ་བྱེད་བཞིན་སྔོན་ཏག་ཏག་ལ་རང་གིས་ཟ་བཞིན་པའི་བྲོ་ཁ་དེ་ཡང་བྱིན། འབྲོག་ཁྱི་སེ་བོས་བདག་པོའི་གདོང་ལ་བལྟས་ནས་ཅུང་ཙམ་བསྡད་རྗེས། མཆུ་ཡིས་བྲོ་ཁ་ཕྱིར་བདག་པོའི་མདུན་དུ་དེད། དེ་ནི་འབྲོག་ཁྱི་སེ་བོས“བདག་པོ་ལགས། ང་རང་འགྲངས་ཟིན། ད་ཁྱོད་ཀྱིས་ཟོ”ཟེར་བ་དང་ཀུན་ནས་མཚུངས།

འབུམ་ཁོས་ནན་གྱིས་བྲོ་ཁ་ཕྱིར་འབྲོག་ཁྱི་སེ་བོར་སྟེར་བཞིན་སེམས་སུ། འདི་ལྟ་བུའི་གྲོགས་པོ་ཞིག་ཡོད་པ་ནི་རང་ཉིད་ཀྱི་བསོད་ནམས་ཡིན་པར་འདོད་ལ། ཡང་གཅིག་བཤད་ན་མཚོ་དམར་སྡེ་བའི་ནང་བརྐུས་བྱེད་མཁན་དང་རྩྭ་ས་རྩོད་མཁན་དག་ནི་འབྲོག་ཁྱི་སེ་བོའི་གྲིབ་མ་ཙམ་ལའང་མི་དོ་བར་སྙམ། གང་ལྟར་འདི་ནི་ལས་ཀྱིས་བསྐོས་པའི་ཁོའི་བློས་ཐུབ་ཀྱི་གྲོགས་པོ་བཟང་པོ་ཡིན་པས་ཁོས་དུས་གཏན་དུ་བདག་སྐྱོང་ལེགས་པོ་བྱེད་དགོས།

དོན་དེར་ཕྱིར་དྲན་བྱས་ནས་མཚམས་འདིར་སླེབས་དུས། སྣང་བྱེད་གཞོན་ནུས་ལ་ལུང་ཀུན་ཏུ་འཐོར་བའི་རང་གི་གསེར་ཚོན་ལ་བདག་པོ་རྒྱག་བཞིན་ཆུ་ལྷའི་ཕང་བར་ནུབ་པར་རྩོམ་ལ། བུ་ཆུང་འབུམ་ཁོས་ཀྱང་ཐར་ཐོར་དུ་གྱུར་པའི་ལུག་ཁྱུ་ལ་འུར་རྡོ་འཕེན་བཞིན་རང་ཡུལ་ཕྱོགས་སུ་བསྐོར་ཅིང་འབྲོག་ཁྱི་སེ་བོས་བདག་པོའི་སེམས་འདུན་ཧ་གོ་བ་བཞིན་རྗེས་སུ་འབྲངས།

ཅུང་མ་འགོར་བར་ཁོ་གཉིས་ཀྱིས་ལུག་ཁྱུ་དེད་ནས་རང་ཁྱིམ་མཐོང་བའི་དེའུ་འབུར་དེའི་མགོར་ཐོན། དེའུ་འབུར་དེའི་མགོར་བུད་ནས་བལྟས་པ་ན། དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་རང་གི་སྦྲ་ཁྱིམ་མཐོང་བ་དང་ཨ་ཁུ་གཡང་བྷ་བཟའ་ཟླ་གཉིས་ནི་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མཚམས་རེར་ཁྱིམ་དུ་འཛུལ་ལ་ལན་རེར་སྒོར་བུད་དེ་བུ་ཆུང་འབུམ་ཁོ་ཡོང་གིན་ཡོད་མེད་ལ་ལྟ་བཞིན་འདུག

ད་ནི་རྟ་བདུན་དབང་པོས་སེར་སྣའི་ངང་ས་གཞིར་ཐོར་བའི་རང་གི་གསེར་ཚོན་ལ་བདག་པོ་རྒྱག་བཞིན་ནུབ་རིའི་ཕག་ཏུ་བྲེལ་འཚུབ་ཀྱིས་བཞུད་ཅིང་། བུ་ཆུང་འབུམ་ཁོས་འབྲོག་ཁྱི་སེ་བོ་ཁྲིད་དེ་ལུག་ཁྱུ་དེད་ནས་དགའ་སྤྲོའི་གླུ་ཆུང་དང་བཅས་ཡུལ་དུ་ལོག་གོ། །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།