མོ་རང་།

微信图片_20200216171607.jpg

རྩོམ་པ་པོ་མཚམས་སྦྱོར།

༡༩༩༥ལོ་ནས་བཟུང་ནང་ཆེན་ཉག་ལ་ཡུལ་ཚོའི་ཁྱིམ་ཚང་ཕལ་བ་ཞིག་ཏུ་འཚར། ༢༠༡༤ལོར་ཁམས་ཕྱོགས་ཡུལ་གྱི་སྙན་ངག་པའི་དཔུང་སྡེ་སྟེ་ཁ་ལྕེ་གཉིས་པ་ཞེས་པའི་རྐང་འཛིན་ཚོགས་མིར་གྱུར།  དེ་རྗེས་ཚོགས་པ་ནས་བུད།  ༢༠༡༦ ལོ་དང་༢༠༡༥ ལོའི་སྔ་གཞུག་ཏུ་《ཤྭ་སྐྱ》དང་《ཕུགས་བསམ》《རི་བོ་ཉི་ཟླ》《ནང་ཆེན》《དྲི་ཟའི་གླིང་བུ》་སོགས་གཞུང་སྒེར་གྱི་དུས་དེབ་དང་ལོ་དེབ་ཁག་ཏུ་རྩོམ་བཀོད། དེ་མཚུངས་《རྩོམ་པ་པོ་དྲྭ་བ་》དང་《བོད་མིའི་རྩོམ་རིག་དྲྭ་བ་》《མཐོང་གྲོལ་དྲྭ་བ་》སོགས་དྲྭ་ལམ་ཁག་ཏུ་རྒྱ་བོད་གཉིས་ཀྱིས་བྲིས་པའི་སྙན་ངག་དང་བརྩམས་སྒྲུང་འགའ་རེ་བཀོད།  མ་ཟད་《འོད》ཅེས་པའི་ལོ་དེབ་གཅིག་ཀྱང་གྲོགས་པོ་འགའ་དང་ལྷན་དུ་གཉེར་ཡོད་པ་དང་། ཉག་ལ་དང་ཡུལ་ཤུལ་སོགས་སུ་རྩོམ་རིག་སློབ་ཁྲིད་ཀྱང་བྱེད་མུས་ཡོད།   ཞོར་དུ་འཇར་པན་གྱི་བརྩམས་སྒྲུང་《འཕྲིན་པ་》ཞེས་པ་དང་དབྱི་ཏ་ལིའི་བརྩམས་སྒྲུང་དཔྱད་འཕྲིན་《ན་གཞོན་སྒྲུང་རྩོམ་པ་ཞིག་ལ་ཕུལ་བའི་འཕྲིན་》ཞེས་པ་གཉིས་འགྱུར་གྲུབ་རན།


མོ་རང་།

༼སྒྲུང་ཕྲན།  ༢༠༢༠ལོའི་དགའ་རོགས་དུས་ཆེན་ལ་བྲིས།༽

ཀླད་ཁུ།

མོའི་མིང་ལ་ཅི་ཟེར་བ་མི་ཤེས་ལ། མོ་རང་ཕ་ཡུལ་གང་གི་ཡིན་པ་ཡང་མི་ཤེས། “ང་ལ་ད་ལྟ་འཇིགས་སྐྲག་གི་རླུང་ཤེད་ཀྱིས་ལངས་ནས་ཡོད།”“རྒྱུ་མཚན་ང་ལའང་འགོས་ནད་དེ་ཟིན་ཚར་འདུག”མོས་དེ་རིང་ཉིན་ཐོ་ནང་དུ་དེ་ལས་བྲིས་མི་འདུག  སྐབས་དེར་མོས་རྒྱ་སེར་མེ་ཏོག་ཅིག་ལག་ཏུ་བཟུང་ནས་དུས་ཚོད་ཁ་ཤས་ཀྱི་སྔོན་ནས་སྐྱེས་པ་ཞིག་མོའི་པང་དུ་བྱིས་པ་ཞིག་ཉལ་ཡོད་པའི་ཉམས་ཀྱིས་མགོ་བོ་བརྟེན།  ཡར་མགོ་དགྱེ་མ་ཐག་ཁོའི་མཆུ་ཏོ་མོའི་རྣ་རྩར་བཅར་ནས་“I LOVE YOU”ཞེས་བརྗོད་པ་དྲན།

སྔོན་ཆད་ད་ཚོད་ཀྱི་མཚན་མོ་འདི་ནི་འུར་ཟིང་ཧ་ཅང་ཆེ་བའི་མཚན་མོ་ཞིག་ཡིན་ཏེ།་“ཝེ་་་་་མེ་ཏོག་ཉོའམ།”“འདི་ཁྱོད་ཀྱི་དགའ་རོགས་བུ་མོ་དེ་ལ་ཧ་ཅང་འཚམས་པོ་ཡིན་ངེས་”་ཞེས་པའི་སྐད་སྲང་ལམ་དག་གི་ཕྱོགས་ཀུན་ནས་གོ་ཐུབ་ཅིང། སྐྱེས་པ་དང་བུད་མེད་དག་གིས་རང་རང་གིས་མཆོར་ལྭ་ཡག་པོ་རེ་བཀླུབས་ནས་ཡར་མར་རྒྱུ་བར་བྱེད། ཡང་ན་ང་དགའ་ཁྱོད་དུང་གི་སྐད་ཆ་དག་གི་སྐད་ཤུགས་ཧ་ཅང་ཆེ། འོན་ཀྱང་དོ་ནུབ་སྲང་ལམ་ཐམས་ཅད་ཁུ་སིམ་མེར་རེད། མཐའ་ན་ཁང་པ་ནང་རོལ་ནས་གྲག་པའི་ཁ་བརྡའི་སྒྲ་ཆུང་ངུར་དག་ཀྱང་ཕྱི་རོལ་ནས་གོ་ཐུབ་པའི་སྣང་བ་སྟེར། དེ་ནི་མི་ཚོགས་ཤིག་གིས་མོའི་སྐྱོ་གདུང་གང་མང་ཞིག་ལ་མྱ་ངན་བྱེད་ཀྱིན་པ་ལྟར་སྣང་།

སྐབས་དེར་མོའི་འཕྲིན་ཕྲན་གྱི་རྒྱབ་ལྗོངས་སུ་ལས་གྲོགས་ཀ་པས“འགོས་ནད་འདི་མཚམས་བཞག་ན།”ངའི་མི་ཚེ་ཕྱེད་ཀའི་དུས་ཚོད་ཡོད་ཚད་སྙིང་ཉེ་བའི་མི་ལགས་ལ་ཕུལ་ཆོག” ཅེས་བྲིས་འདུག  སྐད་ཆ་བཀླགས་མ་ཐག་མོའི་རུས་པའི་ནང་གི་ན་ཟུག་ཅིག་འགུལ་ཙམ་བྱས་པ་ལྟར་ལུས་གཞོག་བརྗེས་ཏེ་ཨུ་ཚུགས་ཀྱི་ངོ་ཤ་ཇེ་དམ་དུ་བཏང་། མ་ཟད་དྲན་པའི་སྣེ་ལ་ཚ་བ་རྒྱས་པ་ཡིན་ཚོད་ཀྱིས་ངོ་མདོག་ཀྱང་འགྱུར་མགོ་ཚུགས་སོང་། རེད་དེ་ཨུ་ཚུགས་ཀྱི་ཨུག་ཆོས་ཕྱི་ལ་མི་མངོན་པས་སྦེད་ཐབས་བྱས། དེ་ནི་སུ་ཞིག་ལ་གསང་གིན་ཡོད་པ་མོ་ལའང་གསལ་བོར་མིན། ཡང་ན་འཆི་བདག་ལ་གསང་བ་བྱེད་ཀྱི་ཡོད་པ་འདྲ་སྙམ་པའི་སྣང་བ་སྟེར།

དེ་ནས་མོས་མུ་ནས་བསྔོགས་པས་སློབ་གྲོགས་ཁ་པས་“ཨ་ཕ་ཨ་མ་ཁྱེད་གཉིས་གང་དུ་ཡོད་དམ།” “ངས་དོ་ནུབ་ཁྱེད་གཉིས་གཅིག་པུར་དྲན།” “ངས་དགའ་རོགས་ལ་དགོངས་ཞུ་བྱས་ཡོད།” “དོ་དགོང་ངས་ཁྱོད་གཉིས་གཅིག་པུར་དྲན་ཆོག”“ཨ་ཕ།”“ཨ་མ།”“ཁྱེད་གཉིས་བདེ་མོ་ཡིན་ནམ།”“ངེད་ཅག་མ་ཐུག་ནས་ཉིན་ཤས་འགོར།”“ང་རང་སྨན་ཁང་དུ་ལུས་ནས་ཉིན་ཤས་འགོར།”“དོ་ནུབ་ངས་ཁྱོད་གཉིས་ཧ་ཅང་དྲན།”“ཁྱེད་གཉིས་ཀྱིས་ང་ལ་སེམས་ཁྲལ་མ་བྱེད།”“ང་རང་མགྱོགས་པོར་སྒོར་བུད་ཡོང་ངེས།”“སྙིང་ཉེ་བའི་མི།”“ཁྱེད་ཀྱིས་ཀྱང་ང་རང་བསྒུག་རོགས།”“ང་རང་གཉིས་ཡུལ་སྐོར་དུས་ཆད་བྱས་པ་མ་བརྗེད་རོགས།”ཞེས་བྲིས་ཏེ་བཞག་འདུག  སྐད་ཆ་དེ་ནི་མོས་སྔོན་ཆད་ཉིན་ཐོའི་ངོས་སུ་བྲིས་པ་དྲན་སོས་ཤིང་། ཚིག་སྦྱོར་གྱི་ཆ་ནས་མི་འདྲ་ས་ཧ་ཅང་མང་ན་ཡང་ནང་དོན་ཕྱེད་ཙམ་མོས་བཤད་པ་དེ་ལས་འགོངས་མི་འདུག མ་ཟད་ཕ་མ་གཉིས་ཀྱིས་མོའི་གདོང་ལ་གཟབ་ནན་གྱིས་བལྟས་པའི་ཉམས་དེ་སེམས་ལ་ཝ་ལེར་ཤར་ཞིང་།  ཨ་མས་ཨུ་ཚུགས་ཀྱིས་མིག་རྩ་དམར་པོ་ངང་མིག་ཆུ་དག་སྦས་ནས་ནད་ཁང་གི་སྒོ་ཁ་ན་ལངས་པའི་མོ་ལ“ཁྱོད་རང་ནང་དུ་ཡོང་མི་ཆོག” “ཁྱོད་རང་ནང་དུ་ཡོང་ན་ངས་ནད་བཅོས་མི་བྱེད།”ཅེས་བཤད་པ་དང་། སྨན་པ་བྱམས་སེམས་ཅན་དེ་དག་གིས་མོ་རང་དམ་པོར་འཇུས་ཏེ་“ཁྱོད་རང་ནང་དུ་འགྲོ་མི་རུང་།”“ནང་དུ་སོང་ན་ཁྱོད་ལ་འགོས་ཡོང་པ་དང་།”“ཁྱོད་ཀྱི་རྒྱུད་ནས་མི་གཞན་ལ་འགོ་རྒྱུ་རེད།”“ང་ཚོས་ཁྱོད་ཀྱི་ཨ་མ་སྐྱོབ་པར་ཐབས་ཤེས་ཡོད་དགུ་འཐེན་ངེས་རེད།” “ཁྱོད་རང་སེམས་ཁྲལ་དགོས་མ་རེད་”ཅེས་བསླབ་བྱ་སེམས་དཀར་ཞིག་བརྒྱབ་པ་གསལ་བོར་སེམས་ལ་ཤར།

སློབ་གྲོགས་ཅ་པས་“བུད་མེད་ནི་ལྭ་བ་ཞིག་སྟེ།” “རྙིང་པ་ཆགས་ཚར་རྗེས་གང་འདོད་ཀྱིས་བརྗེས་ཆོག”“དོ་གདོང་ང་རང་གཅིག་པུར་བསྡད་ནས་སང་ཉིན་གྱི་དུས་ཚོད་ཇི་ལྟར་འགྲོ་ཐབས་བྱེད་དགོས་མིན་བསམ་བློ་གཏོང་གིན་ཡོད།”ཅེས་སྤེལ་འདུག  མོས་སྐད་ཆ་དེ་ལ་བལྟས་ཚར་རྗེས་ཁོ་ནི་ད་ལྟ་པེ་ཅིང་དུ་ཡོད་སྟབས་ནད་དུག་གིས་ཁྱིམ་མི་རྣམས་གང་ལའང་འཚེ་མེད་པ་ཚོད་དཔག་བྱེད་ནུས་པ་དང་། མོ་རང་གིས་གསལ་བོར་ཤེས་པ་ལྟར་མོས་སློབ་གྲོགས་དེ་ལ་ཡིད་སྨོན་བྱེད་ཀྱིན་འདུག དེ་ནི་དཔེར་ན་བྱིས་པའི་སྐབས་སུ་སྐར་ཆེན་ཐམས་ཅད་ལ་ཡིད་སྨོན་བྱེད་མྱོང་པ་ཨ་ན་མ་ན་རེད།

ཡང་མུ་ནས་ན་ནིང་ཡུལ་སྐོར་ལ་འགྲོ་སྐབས་ངོ་ཤེས་པའི་བོད་ཀྱི་ཕོ་སར་ཞིག་གིས་“ང་ཚོ་དགའ་རོགས་དུས་ཆེན་ལ་ནང་དུ་ཁུ་སིམ་མེར་བསྡད་ཀྱི་ཡིན།”“ད་ལོ་ངས་རྒྱ་སེར་མེ་ཏོག་འབུལ་ཐུབ་ཀྱི་མ་རེད།”“སྙིང་ཉེ་བའི་མི་ལ་དགོངས་དག་ཞུ།”“ད་ཐེངས་ང་ཚོས་སྐྱིད་སྡུག་མཉམ་མྱོང་ཡིན།” “ཀྲུང་གོ་ཤུགས་རྒྱོབས།”ཝོའོ་ཧན་ཤུགས་རྒྱོབས།”“དཀོན་ཅོག་གསུམ་པོ་མཁྱེན་”ཞེས་བྲིས། མོས་སྐད་ཆ་དེ་དག་དབུགས་རིང་ཧལ་ཧལ་ལེན་གྱིན་བཀླགས་ཟིན་ན་ཡང་།  བྲང་གཞུང་ནས་ཚ་བེར་བེར་གྱི་དྲོ་ཚད་ཅིག་གིས་མོའི་ལུས་པོ་སྦྲིད་ཐོམ་མེར་བཏང་ཞིང་། དྲན་པ་ཡང་རེས་གསལ་རེས་མོག་ཏུ་གྱུར་འདུག་པས་མོ་ལ་མུ་ནས་ཀློག་པའི་ནུས་པ་མི་འདུག  དེ་བས་མགོ་དལ་གྱི་སྔས་ཐོག་ཏུ་བཞག་སྟེ་འདི་ལྟར་སྙམ་སྟེ། ང་རང་དང་པོ་ལྷ་སར་འབྱོར་སྐབས་ཕོ་སར་འདི་ནི་རོད་པོ་སྒྲོས་ཤིང་མདངས་རྒྱས་པའི་ཕོ་སར་ཡ་རབས་ཤིག་ཡིན། དོ་ནུབ་ཁོས་ང་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་བསྐུར་བའི་འཕྲིན་དེ་དག་ལ་བལྟས་ན་ཁོའི་གཤིས་ཀ་དེ་ད་རུང་འགྱུར་མེད་པར་དེ་ལྟར་ལུས་ཡོད་པ་འདྲ། མ་ཟད་ཁོས་ང་ལ་(盔甲师咒)རྡོ་རྗེ་གོ་ཁྲབ་གྱི་བསྙེན་པ་འདོན་སྟངས་སློབ་ཀྱིན་འདུག མ་ཟད་ང་རང་ནད་ལས་གྲོལ་ཐུབ་ན་ལྷ་ས་ལ་བསུ་རྒྱུ་ཡིན་ཟེར། ཅི་འདྲའི་དགའ་བ་ལ། ལྷ་ས་ནི་ཧ་ཅང་ཞི་འཇམ་ཅན་གྱི་གྲོང་ཁྱེར་ཞིག་ཡིན་པ་དང་། ཚངས་དབྱངས་རྒྱ་མཚོས་ལྷ་སའི་བར་སྐོར་ལ་བཞག་པའི་རྡོག་སྒྲ་དང་། མ་སྐྱེས་ཨ་མས་འཛུམ་མདངས་དེ་དག་སེམས་དཀྱིལ་དུ་མེ་ཏོག་ལྟར་བཞད་ཡོང་། ཡིན་ན་ཡང་“ང་ལ་ད་ལྟ་འཇིགས་སྐྲག་གི་རླུང་ཤེད་ཀྱིས་ལངས་ནས་ཡོད།”“རྒྱུ་མཚན་ང་ལའང་འགོས་ནད་དེ་ཟིན་ཚར་འདུག”ཅེས་པའི་སྐད་ཆ་དེ་བར་མེད་ཀྱིས་མོའི་སེམས་ལ་སྤྲོ་སྣང་ཡོད་ཚད་རློག་གིན་བཙང་སོང་། དེ་ནི་བཟོད་གླག་བྲལ་བ་ཞིག་ལོས་ཡིན།

དེ་བས་མོས་ཡོངས་སུ་ཀློག་མཚམས་བཞག་ཅིང་བསམ་བློ་ཡང་གཏོང་མཚམས་བཞག་སྟེ། ལག་པ་གཉིས་པོའི་ཤེད་ཀྱིས་ཡར་སྟོད་དགྱེ་བྱས་ནས་མོས་ཀྱང་ཡི་གེ་འདི་འདྲ་ཞིག་འབྲི་མགོ་ཚུགས་སོང་སྟེ།“ང་ད་ལྟ་འཇིགས་སྐྲག་གི་རླུང་ཤེད་ཀྱིས་ལངས་ནས་ཡོད།”“རྒྱུ་མཚན་ང་ལའང་འགོས་ནད་དེ་ཟིན་ཚར་འདུག” “དོ་དགོང་ང་ལ་ཅི་ཡང་དྲན་པའི་ནུས་པ་ཉམས་ཚར་སོང་།’’  “རྒྱ་སེར་མེ་ཏོག་འདིའང་ང་རང་སྨན་ཁང་དུ་ཡོང་བའི་ལམ་བར་ནས་སྙིང་ཉེ་བའི་སྐྱེས་པ་དེས་ང་ལ་དགའ་རོགས་དུས་ཆེན་ལ་བྱིན་པ་ཡིན།”ད་རུང་ཁོས་སྙིང་དང་གློ་བ་མགུ་བའི་སྐད་ཆ་མང་དག་ཅིག་བཤད་པ་དྲན་ན་ཡང་།  མོས་རང་གི་དྲན་སྣང་ལ་ཚོད་འཛིན་བྱས་ཏེ་“ད་ངས་ཅི་ཡང་དྲན་མི་ཕོད།”“ ངས་དོ་དགོང་ནས་བཟུང་གྲིབ་མའི་ནང་གི་ལྷིང་འཇགས་བཞིན་ཞུ་བའི་ཨ་མ་ལགས་ཀྱིས་མྱོང་ཟིན་པའི་དཀའ་སྡུག་ཐམས་ཅད་མྱོང་དགོས།” “ད་ང་རང་ཕྱི་མའི་ཡུལ་ལ་འགྲོ་རན།”“ ཨ་མ་ཁྱོད་ཀྱིས་ང་སྒུག་འདུག་ཨ།” ཞེས་བྲིས་ནས་སྤེལ། མོས་ཡི་གེ་འདི་འབྲི་སྐབས་སྔོན་ནས་དྲན་མྱོང་བའི་སྤྲོ་སྣང་དེ་དག་ཡོངས་སུ་གཏིང་བརྗེད་དུ་གྱུར་འདུག་ལ། དེ་ནི་མོའི་ལུས་སྟེང་ནས་ཕྱོགས་ངེས་མེད་དུ་གཡོ་བའི་ཚ་བ་ཆེན་པོ་དེས་བརྗེད་ངེས་སུ་བཅུག་པ་འདྲ། དེ་མཚུངས་ཁ་པར་ལས་མཚམས་མེད་པར་སྒེར་འཕྲིན་ཐོན་ཞིང་། སེམས་གསོ་བྱེད་པའི་འཕྲིན་པ་ཡང་བགྲང་ལས་འདས་པ་འབྱོར། མ་ཟད་སྙིང་རྟགས་སྟེར་མཁན་ཡང་མོའི་འཕྲིན་ཕྲན་གྱི་ཟིན་ཐོ་བརྒལ་སོང་། འདབས་མཆན་དུ་མི་མང་པོས་མོ་ལ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་སྐད་ཆ་སྣ་ཚོགས་བཤད། ཡིན་ན་ཡང་མོ་ལ་རྒྱ་སེར་མེ་ཏོག་སྟེར་བའི་སྐྱེས་པ་དེ་གྲག་མེད་འགུལ་མེད་རེད། ཁོ་ལ་ཡང་ཕལ་ཆེར་ནད་འགོས་ཚར་ཡོད་པའི་སེམས་ཚོར་བྱུང་། དེ་བས་མོས་རང་རྒྱུད་ནས་འགོས་པ་ཡིན་ནམ་སྙམ་སྟེ།  ཁོ་མོའི་ཟུར་དུ་ཡོང་སྐབས་ཁ་ཐུམ་དམ་པོར་བརྒྱབ་ཡོད་མེད་མོ་ལ་གསལ་བོར་དྲན་རྒྱུ་མེད་པས།   མོ་རང་ལྷག་པར་བློང་བློང་པོར་གྱུར།

སྐབས་དེར་ཁ་ཕྱོགས་ངེས་མེད་ཀྱི་རླུང་བུ་ཞིག་རབ་གསལ་བརྒྱུད་ནས་གཡུགས་ཡོང་སྟེ་མོའི་མིག་མདངས་ལ་ཕོག་ཅིང་། མིག་མདངས་དེ་རྒྱ་སེར་མེ་ཏོག་སྟེང་གི་མཛེས་སྡུག་གི་སྐྱོ་ཉམས་ལ་ཞེད་དྲག་པས།  མོས་གློ་བུར་དྲན་ཡོང་བ་ནི་“ང་ལ་ད་ལྟ་འཇིགས་སྐྲག་གི་རླུང་ཤེད་ཀྱིས་ལངས་ནས་ཡོད།”“རྒྱུ་མཚན་ང་ལའང་འགོས་ནད་དེ་ཟིན་ཚར་འདུག”ཅེས་པའི་སྐད་ཆ་འདི་རེད།

༢༠༢༠ལོའི་ཟླ་བ་༢པའི་ཚེས་༡༣ཉིན་བྲིས།

ཚེས་བཅུ་བཞི་ལ་ཐེངས་མང་དུ་བཅོས།

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།