ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རིས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་རྗེ་དོན་གྲུབ།   སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

“མདང་ནུབ་ཨ་ཁུ་ལྷ་བཟོ་ཚང་ནས་ཐང་ག་ཞིག་བོར་སོང་ཟེར་བ་ཨེ་གོ།”

“ཧོན་ལོག་ལ་བརྡ་ལོག”

“ཡ་ཅི་རེད། ཚང་མས་ལྐོག་ནས་ལབ་ཀྱིན་འདུག”

“དོན་དག་བྱུང་བ་མདང་ནུབ་མ་རེད། དེའི་སྔུན་གྱི་དགོང་མོ་རེད།བོར་སོང་བའང་ཐང་ག་མ་རེད་ཐམ་ག་རེད།”

“ཨ་ཙི། ཨེ་བདེན་ནམ།”

“ཁ་རོག ཁ་རོག”

“……”

དོན་དག་བྱུང་ནས་ཉིན་གཉིས་ལས་མ་འགོར་ཡང་དེ་འབྲེལ་གྱི་གླེང་བརྗོད་སྣ་ཚོགས་ཤིག་སྔ་མོ་ནས་རྫོང་མཁར་ཆུང་ཆུང་དེའི་གནས་ཀུན་ལ་ཁྱབ།

གཉིས།

ཉིན་འདི་འགར་ཨ་མ་གཡུ་སྒྲོན་དངོས་གནས་འདང་རྒྱག་གི་གནས་སུ་ལྷུང་འདུག ཁོ་མོས་ཉིན་གཉིས་ཀྱི་སྔོན་ལ་བྱུང་བའི་དོན་དག་དེར་འདང་རེ་བརྒྱབ་ཚེ་སེམས་པ་ནི་དོགས་འདྲོགས་ཀྱིས་བསླངས་པའི་རྟ་མཆོག་རྒོད་པོ་ཞིག་དང་འདྲ་བར་ཁྱིམ་ནས་སྡོད་མི་ཚུགས་པར་བྱེད་པ་དང་།ཡང་ཕྱི་རོལ་གྱི་མི་ཁ་དེ་དག་བསམས་ཚེ་སྒོ་ཕྱི་རུ་འབུད་པའི་སྤོབས་པའང་སྐད་ཅིག་ཉིད་དུ་ཞུམ་པར་གྱུར་པས།ནམ་རྒྱུན་སྒོ་རུ་འོ་མ་ཉོ་རུ་འགྲོ་བ་དང་རང་གི་ཚ་མོ་གཅིག་པུ་བྱིས་སྙོར་ཁང་དུ་ཕར་སྐྱེལ་ཚུར་ལེན་གྱི་བྱ་བ་སྤྲོ་སྣང་ལྡན་པ་དེའང་རེ་ཞིག་ཉེ་ལོགས་ཀྱི་ཁྱིམ་མཚེས་ཚང་ལ་བཅོལ་དགོས་བྱུང་།

ད་ལྟའི་མོ་ནི་དངངས་འཚབ་དང་དོགས་གཞི་སྣ་ཚོགས་ཤིག་ལས་ད་དུང་ཡོངས་སུ་གྲོལ་ཐུབ་མེད་པས་དུས་ཚོད་སྐར་ཆ་རེ་རེའང་མོ་རང་ལ་མཚོན་ན་ཟླ་དང་ལོ་ལས་རིང་།

“ཏིར……ཏིར……ཏིར……”

གློ་བུར་དུ་ལག་འཁྱེར་ཁ་པར་གྲགས་པ་དེས་སེམས་བློང་བློང་པོ་དང་ལུས་རྟབ་རྟབ་པོར་གྱུར་པའི་ཨ་མ་གཡུ་སྒྲོན་ལ་སྔར་བས་འཚུབ་ཆ་དང་དངངས་སྐྲག་གི་ཚོར་བ་ཞིག་སྦྱིན། ད་ནངས་མལ་ལས་ལངས་པ་ནས་བཟུང་མོ་རང་ཁྱིམ་གྱི་ཐབ་ཚང་ནས་ཉལ་ཤག་དང་།འདུན་ཁང་ནས་ཉི་ཁྱམས་བར་དུ་དམིགས་པ་ངེས་མེད་ཀྱི་འདུར་རྒྱུག་བྱེད་ཅིང་།བལྟས་ཚོད་ལ་རང་ཁྱིམ་གྱི་བར་སྟོང་དེའང་ཆུང་དྲགས་པའི་སྣང་བ་ཞིག་སྟེར།མོས་གང་ཞིག་འཚོལ་བཞིན་ཡོད་ཟེར་ན་ད་ལྟའི་བར་དུ་གང་ཡང་རྙེད་མ་བྱུང་ལ། མོ་རང་ཁྱིམ་ལས་ལ་བྲེལ་བཞིན་འདུག་ཟེར་ན། སྔ་དྲོའི་ཆུ་ཚོད་བཅུ་པར་སླེབས་འདུག་ཀྱང་མོ་བཟའ་ཟླ་གཉིས་ཀྱིས་ད་དུང་ནངས་ཇའང་འཐུང་ཐུབ་མེད།

“ཏིར……ཏིར……ཏིར……”

ལག་འཁྱེར་ཁ་པར་གྱི་འབོད་བརྡ་མུ་མཐུད་དུ་གྲགས།

ཨ་མ་གཡུ་སྒྲོན་གྱིས་ལག་འཁྱེར་ཁ་པར་ལ་ཉན་མ་ཕོད་པའམ་ཡང་ན་གར་བཞག་མ་དྲན་པ་གང་ཡིན་མི་ཤེས་མོད།མོ་རང་ཡང་བསྐྱར་མལ་ཤག་ཏུ་འཛུལ་ནས་ཡུད་ཙམ་འགོར་རྗེས་གཞི་ནས་ཁ་པར་བླངས་ཏེ་རྣ་ལ་གཏད།

“བསྟན་འཛིན།”

ཨ་ཁུ་ལྷ་བཟོ་ནི་སྨྲ་བ་ཉུང་ཞིང་ངང་རྒྱུད་འཇམ་པའི་མི་ཞིག་ཡིན།ལོ་ན་བདུན་ཅུ་ལྷག་ལ་སོན་པའི་རྒད་པོ་དེ་ནམ་རྒྱུན་དུས་ཚོད་དྲུག་སྟེང་མལ་ལས་ལངས་པ་དང་།ཁ་ངོ་གཙང་མར་བཀྲུས་རྗེས་མཆོད་ཁང་དུ་མཆོད་པ་བཤམས་ནས་ཞོགས་འདོན་གྱི་མགོ་རྩོམ་པ་ཡིན།ཨ་མ་གཡུ་སྒྲོན་གྱིས་ཇ་བསྐོལ་ནས་ཁོལ་མ་ཐག་ཁོས་གཏུལ་མ་ཞིག་བལྡགས་རྗེས་ཉིན་གཅིག་གི་ལས་ཀ་སྟེ་ཐང་ག་འབྲི་བའི་ལས་ལ་འཇུག་དགོས།ཁོས་མི་ཚེའི་བགྲང་བྱ་ག་ཙམ་ཞིག་ཐང་ག་འབྲི་བཞེངས་ཀྱི་ལས་སུ་བསྟིམས་མྱོང་བ་ནི་ཉི་ཁྱམས་ཀྱི་གྲུ་ཟུར་ན་ཡོད་པའི་པགས་གདན་ཟད་པོ་དེའི་རྒས་གཉེར་ལས་རྟོགས་ཐུབ།ཁོང་ནི་པགས་གདན་དེའི་སྟེང་ལྷོད་ཀྱིས་བཞུགས་པ་དང་གཟབ་ནན་གྱིས་ཁེངས་པའི་གདོང་ལ་རྡོ་ཤེལ་སྒོར་སྒོར་ཞིག་དཔྱངས་ནས་རྣམ་ཤེས་ཡོད་ཚད་མདུན་གྱི་རས་གཞི་དཀར་པོ་དེའི་སྟེང་ཕྱོགས་པ་དང་།མིག་མདངས་གཉོམ་པོ་དེའི་མིག་གི་དྭངས་མ་ཡོད་ཚད་རྡོ་ཤེལ་ལས་གཞི་གཅིག་ཏུ་བསྡུས་ཏེ་ལྷ་རིས་ཀྱི་ཐིག་རྩ་རེ་རེ་སོར་ལ་འཇལ་ཞིང་གཏན་ལ་འབེབས་ཀྱིན་འདུག ཁོའི་དལ་ལ་འཇགས་ཤིང་གཟབ་ནན་གྱིས་ཁེངས་པའི་བཟོ་ལྟ་དེས། ཁྱིམ་འདི་ལ་སྔར་ལས་བརྗོད་མི་ཤེས་པའི་ལྐོག་གྱུར་དང་གསང་བའི་ཁ་དོག་ཅིག་གམ།ཡང་ན་ཁྱིམ་ཚང་ཕལ་བར་མཐོང་དཀོན་པའི་སྣང་བརྙན་ཁྱད་པར་བ་ཞིག་སྦྱིན་འོང་།

“……”

དེ་རིང་ཡང་ཨ་ཁུ་ལྷ་བཟོ་ལ་ཉེ་འཁོར་གྱི་བྱ་དངོས་གཞན་དག་ལ་དོ་སྣང་བྱེད་པའི་དུས་ཚོད་མེད་པ་འདྲ།ཁོས་རྣམ་ཤེས་ཡོད་ཚད་མིག་མདུན་གྱི་ལས་ཀའི་སྟེང་འཁོར་ཡོད་པས་ཨ་མ་གཡུ་སྒྲོན་ལ་ལན་གང་ཡང་མ་བྱིན།

“སྒོ་ཕྱིའི་མི་ཚང་མས……”

“གང་ལྟར་དེང་སྐབས་གྲོང་ཁྱེར་དག་ན་གནའ་རྫས་བསླུ་ཉོ་བྱེད་པའི་ཚོང་པ་མང་པོ་འདུག་པར་མ་ཟད།ད་དུང་མགོ་གཡོག་མགོ་སྐོར་གྱི་འོག་ཏུ་ཚུད་དེ་ནང་ལོགས་ཀྱི་ཚོགས་པ་ངན་པའི་ནང་ཞུགས་མཁན་ཡང་གང་མང་མང་འདུག་ཟེར།”

“དོན་དག་རེ་མ་བྱུང་ན་དངོས་པོ་མེད་ན་མེད།ན་ནིང་ལུང་མདོ་སྡེ་བའི་སློབ་མ་ཞིག་སྨད་ཀྱི་ཚོགས་པ་ཞིག་གི་ནང་དུ་མནར་གཅོད་མ་བཟོད་པར་རང་ཤི་བརྒྱབ་སོང་ཟེར་བ་མ་གོའམ།རྡོ་ལོག་ཅིག་གི་དོན་དུ་ངའི་བུ་ལ་དོན་དག་རེ་བྱུང་ཚེ་ཅི་བྱེད། ང་ལ་ངའི་བུ་དགོས།”

ཨ་མ་གཡུ་སྒྲོན་གྱིས་ཨ་ཁུ་ལྷ་བཟོའི་ཨ་ལན་ལ་སྒུག་མ་བཟོད་པར་ཐོག་མར་རང་གི་བསམ་ཚུལ་བརྗོད་པ་དང་།དེ་ནས་འཁང་ར་བྱེད་ཅིང་མཐའ་མར་ཆོ་ངེ་འདོན་མགོ་བརྩམས།

ཨ་ཁུ་ལྷ་བཟོས་གཞི་ནས་ལག་གི་སྨྱུ་གུ་མདུན་གྱི་ཅོག་ཙེ་སྟེང་དུ་བཞག་ཅིང་གདོང་ཁུགས་སུ་དཔྱངས་པའི་མིག་ཤེལ་མར་ཕབ་ནས་གད་ཕྱིས་ཙམ་བཏང་། ཁོའི་བྱ་བྱེད་ནི་སྔར་བཞིན་ཞི་ཞིང་དུལ་ལ་དལ་ཞིང་འཇགས། ཨ་ཁུ་ལྷ་བཟོས་ལས་ཀའི་བར་གསེང་དུ་མིག་ཤེལ་ཕྱིས་པར་རྒྱུ་མཚན་གཉིས་ཡོད་དེ།གཅིག་ནི་དོན་དག་གལ་ཆེན་ཞིག་དང་འཕྲད་དུས་སེམས་ཞིབ་མོས་བསམ་བློ་གཏོང་བ་དང་།ཅིག་ཤོས་ནི་ལས་ཀའི་ཚེགས་ལྕི་དྲགས་པས་བར་སྐབས་སུ་སེམས་པ་གཡེང་ཐབས་ཀྱི་གོམས་གཤིས་ཤིག་ཡིན།

“ཁྱོད་ཨ་ལགས་ཚང་གི་སྐུ་མདུན་དུ་ཐེངས་གཅིག་ཕྱིན་ན་རེད།ངས་བལྟས་ན་ཁོ་ཡིན་སྲིད་རྒྱུ་མ་རེད། ཁོས་བྱ་བ་འདི་འདྲ་མི་ལས་ཁོ་ཐག་ཡིན། ངས……”

ཨ་མ་གཡུ་སྒྲོན་གྱི་ངུ་སྐད་དེ་ཡང་བསྐྱར་གྲགས་བྱུང་།

ཨ་ཁུ་ལྷ་བཟོས་ཅི་ཡང་མི་སྨྲ་བར་སྔོན་ལ་མཆོད་ཁང་དུ་སོང་ནས་ཁ་བཏགས་ཤིག་དང་ཀུན་གྱིས“ཀོན་ཐུག”ཏུ་འབོད་པའི་ཤིང་ཏོག་གི་དེམ་ཟས་གཅིག་བླངས་ནས་སྒོར་བུད།

གསུམ།

“ཕག་གོ་ད་རུང་མི་ཐོན་པར་བལྟས་ན་ད་ནངས་ལངས་འཕྱིས་ནས་སྒྱུག་པོ་སྒྱུག་མོ་གཉིས་ཀྱི་ནངས་ཇ་མ་ཁོལ་བ་མིན་ནམ།”

“མོ་ཚང་གི་ཡུལ་ལ་དོན་དག་བྱུང་སོང་ཟེར་བ་མ་གོའམ།”

“ཨ་ལ་ཁྱོད་ཀྱིས་ཀྱང་ཤེས་ཡོད་དམ།དེ་ཟེར་ན་མོ་ཚང་གི་ཡུལ་ནས་དོན་ངོ་མར་ཅི་ཞིག་བོར་སོང་བ་ཡིན་ནམ།”

“སུས་ཤེས་རྒྱུ། གང་ལྟར་དངོས་པོ་རྩ་ཆེན་ཞིག་ཡིན་པ་འདྲ།”

“དངོས་པོ་རྩ་ཆེན།དངོས་པོ་རྩ་ཆེན་ཅི་ཞིག”

“……”

ཚོགས་འདུ་ཆེ་ཆུང་གང་ཞིག་འཚོགས་དགོས་བྱུང་ཡང་དུད་ཁྱིམ་སོ་སོའི་སྒོ་ཁ་ཉུལ་ནས་ཞུ་བ་མ་བྱས་བར་དུ་མི་གཅིག་ཀྱང་ཚགས་དཀའ་བ་ནི་སྡེ་བ་འདིའི་དཔེ་ཡིན།ཡིན་ནའང་དེ་རིང་རྒྱང་སྒྲོག་ལས་མ་ཎི་ཁང་དུ་ཚོགས་འདུ་ཡོད་ཅེས་ཚོགས་འདུའི་ནང་དོན་ཅི་ཡིན་མི་གསལ་བའི་བརྡ་ཙམ་བཏང་མ་ཐག སྐར་མ་བཅོ་ལྔའི་ཡུན་ལས་མ་འགོར་བར་སྡེ་བའི་ནང་གི་སྐྱེས་མ་མང་ཆེ་བ་མ་ཎི་ཁང་གི་ལྷས་སུ་འདུས་ཏེ་ཉིན་འདི་འགའི་སྡེ་བའི་ནང་གི་གསང་བའམ་མཐོང་ཐོས་རེ་གཉིས་ཀྱི་ཐད་དུ་ལབ་གླེང་བྱེད་མགོ་བརྩམས།

“སྡེ་གཞུང་གི་དོན་དག་གལ་ཆེན་ཐག་གཅོད་དུས་སྐྱེས་པ་ཚོའི་མགོ་རིག་རྒྱུ་མེད་པ་འདི་ཅི་བྱུང་བ་རེད།”

སྡེ་དཔོན་གྱིས་ལྷས་རའི་ནང་དུ་མགོ་རུབ་རུབ་སྒོས་གཏམ་ཤབ་ཤུབ་ལབ་ནས་རྫོགས་རྒྱུ་མེད་པའི་མི་ཚོགས་ལ་མིག་མྱུལ་ཙམ་བྱས་རྗེས་ཧ་ཅང་སུན་མདོག་གིས་དེ་ལྟར་བཤད་པ་དང་།རང་གི་གམ་ན་ལོ་ལོན་བསམ་ཤེས་འགའ་འདུག་པ་འདུ་ཁང་ལྟག་རྒྱབ་ཀྱི་ཚོགས་ཁང་དུ་བོས།

འདི་ནི་བྲེལ་མྱུར་གྱིས་གཅུན་པའི་སྤྱི་ཚོགས་ཤིག་གམ་ཡང་ན་འབད་འབུངས་ལ་དབང་བའི་དུས་སྐབས་ཤིག་སྟེ།སྲང་ལམ་ཆེ་ཆུང་ཀུན་ཏུ་འཇགས་སུ་མེད་པ་ནི་ཤིང་ཆ་དང་སོ་ཕག་དབོར་འདྲེན་གྱི་ལས་ལ་བྲེལ་བའི་འཕྲུལ་འཁོར་གྱི་ཚོགས་རྣམས་ཡིན་པ་དང་།དེའི་གཡས་གཡོན་སྔུན་གཞུག་ཀུན་ཏུ་སོས་དལ་བྲལ་བ་ནི་ཡུལ་ཕྱོགས་འདིའི་རྒྱ་བོད་ཧུའེ་གསུམ་གྱི་ངལ་རྩོལ་པ་རྣམས་ཡིན། ཡུལ་འདིའི་བོད་པའི་གྲོང་སྡེ་ཁག་ལ་མཚོན་ནའང་ལོ་འདི་གར་ཁྱིམ་གྱི་སྡོད་ཁང་ཞིག་གསོ་དང་སྡེ་བའི་མ་ཎི་ཁང་གི་འདུ་ཁང་གསར་བཞེངས་ཀྱི་ལས་ལ་བྲེལ་བཞིན་པའི་སྒང་ཡིན་པ་དང་། བྲག་དམར་སྡེ་བ་དང་ལུང་སྟོད་སྡེ་བས་ཀྱང་སྔ་རྗེས་སུ་མ་ཎི་ཁང་གི་འགྲུབ་སྟོན་རྒྱ་ཆེན་པོ་ཞིག་བཤམས་སོང་།ལུང་མདོ་སྡེ་བར་མཚོན་ན་རང་སྡེའི་མ་ཎི་ཁང་གི་འདུ་ཁང་རྙིང་པ་དེ་བསྐྱར་བཞེངས་བྱེད་བསམས་ནའང་གནས་སྐབས་སུ་སྡེ་གཞུང་ལ་མ་དངུལ་དེ་འདྲ་མང་པོ་མེད་པས་སྡེ་བ་གཡས་གཡོན་གྱི་སྔུན་ནས་མ་གོ་མ་རིག་གི་ཚུལ་དུ་མི་འདུག་ཀ་མེད་བྱུང་། ན་ནིང་སྟོན་མཇུག་ལ་སླེབས་དུས་གཞི་ནས་དུད་ཁྱིམ་སོ་སོར་མ་དངུལ་བསྡུ་རུབ་དང་ས་ཕྱོགས་ཡར་མར་དུ་དཀར་ཐིགས་བསླངས་པ་ལ་བརྟེན་ནས་མ་དངུལ་འོས་འཚམ་ཞིག་ཚགས་ཐུབ་བྱུང་ལ།ད་ལོའི་དཔྱིད་མགོ་ཚུགས་མ་ཐག་འདུ་ཁང་གསར་བཞེངས་ཀྱི་མགོ་ཚུགས། ཁོ་ཚོས་འཆར་གཞི་ལྟར་ན་ད་ལོའི་བཅུ་པའི་ལྔ་མཆོད་ཀྱི་ཉིན་མོར་ཨ་ཁུ་ལྷ་བཟོའི་ཕྱག་རྒྱུན་དངོས་ལས་ཐོན་ཞིང་ཁོང་གི་ཐམ་རྟགས་བཀོད་པའི་སྤྱན་རས་གཟིགས་ཀྱི་ཞལ་ཐང་ཞིག་མ་ཎི་ཁང་གི་འདུ་ཁང་དུ་གདན་ཞུ་དང་བཅས་འགྲུབ་སྟོན་རྒྱ་ཆེན་ཞིག་བཤམ་རྩིས་འདུག ཡིན་ནའང་ཉིན་གཉིས་ཀྱི་སྔོན་ལ་ཨ་ཁུ་ལྷ་བཟོ་ཚང་ལ་རྐུན་མ་འཛུལ་བའི་བཤད་ཡམས་ཤིག་གང་སར་ཐོན་པ་དེས་སྡེ་གཞུང་གི་འཆར་གཞི་ལའང་ཉེན་ཁ་བཟོས་པ་དང་།གནད་འགག་གི་དུས་འདི་ལ་སྡེ་དཔོན་གྱིས་མང་ཚོགས་བསྡུས་ཏེ་དམངས་སེམས་གཅུན་བསམས་མོད།ཕངས་པ་ཞིག་ནི་ཚོགས་ཐོག་ཏུ་སྡེ་བའི་སྐྱེས་མ་རྣམས་མ་གཏོགས་སྐྱེས་པ་ཚོའི་མགོ་མཐོང་རྒྱུ་མེད་པ་དེ་རེད། མཐའ་མར་སྡེ་དཔོན་གྱིས་སྐྱེས་མ་རྣམས་ཀྱིས་མགོ་བསྒུར་ནས་གསང་གཏམ་ལ་ཉན་རྒྱུ་ལས་དོན་དག་ཐག་གིས་མི་ཆོད་སྙམ་ནས་འདུ་ཁང་བསྐྱར་བཞེངས་སྐབས་ཀྱི་ལས་དཔོན་ལོ་ལོན་འགའ་འདུག་པ་ཟུར་དུ་བོས་ཏེ་ཚོགས་འདུ་མགོ་རྩོམ་དགོས་བྱུང་།

“ཁ་སང་དེ་རིང་གི་དོན་དག་དེ་ཚང་མས་གོ་ཡོད་ནི་རེད།ཨེ……སྐུད་པ་རིང་ན་ཆད་འགྲོ། དོན་དག་བཞག་ན་རུལ་འགྲོ། ངས་བལྟས་ན་འགྲུབ་སྟོན་གྱི་ཉིན་མོ་ནི་དྲུག་པའི་བཅོ་ལྔའི་ཉིན་ལ་བརྗེས་ཀྱང་མི་ཆོག་རྒྱུ་མི་འདུག་བསམས། ཚང་མས་རང་རང་གི་བསམ་ཚུལ་ཤོད་དང་།ང་གཅིག་པུས་ཐག་གིས་བཅད་ན་ག་ལ་འགྲིག ཨོ་རེད།དོན་འདི་ངས་ཨ་ལགས་ཚང་ལའང་ཞུས་ཟིན། ……ཡ་དེས་ན་དེ་བྱེད། འགྲུབ་སྟོན་གྱི་ཉིན་མོ་དྲུག་པའི་བཅོ་ལྔའི་ཉིན་ལ་བརྗེས་པ་ཡིན།”སྡེ་དཔོན་གྱིས་ཚོགས་འདུའི་མགོ་འཛིན་དང་སྤྱི་སྡོམ་གཉིས་མི་གཅིག་གིས་དུས་གཅིག་ལ་འགྲུབ་པར་བྱས།

“དེས་ན་ཐང་ག་ཅི་བྱེད་རྒྱུ། ཨ་ཁུ་ལྷ་བཟོའི་ཐང་ག་ནི་མགྱོགས་ན་ལོ་གཅིག་དང་དལ་ན་ལོ་གསུམ་ཟེར་བ་ཚང་མས་མ་གོའམ།”

“འོ་ལེ། གཙོ་སྐུ་དང་སྟོང་སྐུ་རྣམས་ཀྱང་བཅུ་པའི་ལྔ་མཆོད་ཀྱི་སྔོན་ཏག་ཏག་ལ་མ་གཏོགས་འགྲུབ་རྒྱུ་མ་རེད། རྟེན་གྱི་གཙོ་བོ་གཙོ་སྐུ་རེད།གཙོ་སྐུ་མ་གྲུབ་གོང་ལ་ཐང་ག་ཞུས་སྲོལ་ཞིག་གང་ན་ཡོད།” སྡེ་བའི་ལས་དཔོན་ཚོས་སྔ་རྗེས་སུ་འགྲུབ་སྟོན་གྱི་ཉིན་མོ་ལ་འགྱུར་བ་བཏང་བར་མི་འདོད་པའི་རྣམ་འགྱུར་བསྟན།

“ཤིང་ཆ་ནི་བྲག་དམར་སྡེ་བའི་ཡན་ཞིག་མེད།རྟེན་བཞེངས་ནི་ལུང་སྟོད་སྡེ་བ་ལས་ལྷག་པ་མེད།ང་ཚོ་སྡེ་བར་ཅི་ཞིག་འདུག ཨ་ཁུ་ལྷ་བཟོས་རང་གི་ཐམ་ག་བཀོད་པའི་ཞལ་ཐང་ཞིག་བཞེང་རྒྱུ་ཁས་ལེན་བྱུང་བ་ནི་སྡེ་བ་འདིའི་བསོད་ནམས་རེད།ངས་བསམས་ན་ང་ཚོའི་སྡེ་བར་དེའི་བསོད་སྐལ་ཡང་ཐོབ་དཀའ་རྒྱུ་རེད།”

“ཡང་གཅིག་བཤད་ན་དྲུག་པའི་བཅོ་ལྔའི་ཉིན་ནི་ངས་ཐག་བཅད་པ་ཞིག་མིན།དེ་ནི་ཨ་ལགས་ཚང་གི་ཐུགས་དགོངས་རེད།”སྡེ་དཔོན་གྱིས་ཡོད་ཚད་སྡེ་བ་ཚོ་བའི་ཆེད་ཡིན་སྣང་གི་གཏམ་བདེན་བདེན་འདྲ་བ་ཞིག་བཤད་རྗེས་ཡང་བསྐྱར་ཨ་ལགས་ཚང་གི་མཚན་གཡར་ནས་བདེན་པའི་ཚིག་ལ་ཁ་སྣོན་ཞིག་བྱས།

“ཨུ་ཧུ……ཨ་ཁུ་ལྷ་བཟོའི་ཐང་གའི་རྒྱུ་མཚན་ངས་ཤེས།ན་ནིང་ངེད་ཚང་གི་ནག་ཐང་དེ་བཞེངས་པར་ཕལ་ཆེར་ལོ་གཅིག་འགོར་སོང་། ནག་ཐང་དེའི་ཐོག་མའི་གཏེར་ཚོན་འདུལ་བ་ནས་ཐང་སྐུ་འཐེན་པ།ཀ་རག་བྱུག་པ།དབུར་རྡར་བྱེད་པ།ཐིག་རྩ་ཕབ་པ།ཚོན་འདེབས་པ།ཐ་ན་ཐང་གའི་འཚེམ་བཟོ་སོགས་མགོ་ནས་མཇུག་བར་དུ་ཨ་ཁུ་ལྷ་བཟོ་གཅིག་པུ་ལ་བརྟེན་ནས་བཞེངས་པ་རེད།ལྷ་བཟོ་གཞན་དག་གི་ཐང་ག་དང་བསྡུར་ན་དངོས་གནས་ཧ་ལས་པ་ཞིག་འདུག དེ་ནི་དཔར་འདེབས་པ་བཞིན་མགྱོགས་དགོས་ཟེར་ན་ཇེ་མགྱོགས་དང་དལ་དགོས་ཟེར་ན་ཇེ་དལ་དུ་བཏང་ཆོག་པ་ཞིག་ག་ལ་ཡིན།

“འོ་རེད། སྐབས་དེར་ངས་ཁོང་ལ་སྒོར་ཁྲི་གཅིག་གི་བླུ་ཡོན་འབུལ་ཡང་ཁོང་གིས་མ་བཞེས་ཐལ། སྒོར་ཁྲི་གཅིག་རེད།”

སྐབས་དེར་ཨ་ཁུ་དཔོན་ཕྲུག་ཡར་ལངས་ནས་ཨ་ཁུ་ལྷ་བཟོའི་ཐང་གའི་སྐོར་གླེང་བའི་ཞོར་དུ་ཁོ་ཚང་གི་མཆོད་ཁང་དུ་ཉར་ཡོད་པའི་ནག་ཐང་དེའང་ངོ་སྤྲོད་ཅིག་བྱས།

“ཁོས་འབྲི་མི་ཐུབ་ན་ཀརྨ་ཡི་ཀུང་སི་ནང་ནས་དཔར་བཏབ་ཀྱང་ཆོག ཀརྨ་ཡི་ཀུང་སི་ཡིན་ན་ཨ་ཁུ་ལྷ་བཟོའི་ཀུང་སི་མིན་པ་ཞིག་ག་ལ་ཡོད། གཉིས་ཀ་ཕ་བུ་རེད།”

སྡེ་དཔོན་གྱི་དེ་རིང་གི་ཚོགས་འདུའི་དམིགས་ཡུལ་ལམ་སྡོམ་ཚིག་རྡོག་རྡོག་དེ་བསྒྲགས།

“དེ་ན་ཐམ་ག་ཅི་བྱེད་རྒྱུ།ཉིན་གཉིས་ཀྱི་སྔོན་ལ……”

“སྔོན་ལ་ཐང་ག་གྲུབ་ན་ཐམ་ག་རང་ཤུགས་ཀྱིས་ཐོན་ནི་རེད། སང་ཉིན་ང་ཀརྨ་ཡི་སར་འགྲོ་རྒྱུ་ཡིན།སྐུད་པ་རིང་ན་ཆད་འགྲོ། དོན་དག་བཞག་ན་རུལ་འགྲོ། ད་འགོར་ཉན་རྒྱུ་མ་རེད།”

“……”

བཞི།

ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་གུང་གསེང་གཏོང་བའི་དུས་ཚོད་ལ་ད་དུང་ཉིན་འགའ་ཡོད་ཀྱང་། དུས་ཆེན་སྐབས་ཀྱི་རིག་རྩལ་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་གྱི་གྲ་སྒྲིག་བྱ་བ་ནི་སྔ་མོ་ནས་རྫོང་རིག་དངོས་རྟེན་མཛོད་ཁང་གི་ཚོམས་ཆེན་དུ་མགོ་ཚུགས། སྒྲོམ་སྟེགས་འཛུགས་པ་དང་འགྲེམ་པང་བཤམ་པ།འཕྲེད་དར་འགེལ་བ།གློག་འོད་སྙོམ་སྒྲིག་སོགས་ཀྱི་ལས་ལ་བྲེལ་བཞིན་པའི་རྣམ་པ་དེ་མཐོང་དུས་སྟོན་སྡུད་སྐབས་ཀྱི་ཞིང་གྲོང་གི“སྦྲུམ་མར་བཙའ་དབང་མེད་ལ་ནད་པར་འཆི་དབང་མེད་པ”ཡི་བྲེལ་ཟིང་གི་ཉམས་སྣང་དེའང་ཡིད་ལ་ཝ་ལེར་འཆར་བར་བྱེད།

“ཅུས་ཀྲང་ལགས་ཁམས་བཟང་། བྱ་འགུལ་གྱི་གྲ་སྒྲིག་བྱ་བ་མི་འགྱངས་པར་འགྲུབ་ལ་ཉེ།སྒྲོམ་སྟེགས་རྣམས་ཀྱང་སྔ་ས་ནས་བསྒྲིགས་ཚར་ཡོད་པས་ཐང་ག་དང་འགྲེམ་སྟོན་བརྩམས་ཆོས་གཞན་དག་ནམ་འབྱོར་ཚེ་དེ་དུས་འཕྲལ་མར་བཤམས་ཆོག་ཆོག་ཡིན། འོ་རེད། ཅུས་ཀྲང་། གན་འཕྲེད་དར་རེད། ཁྱེད་ཀྱིས་གཟིགས་དང་།རས་གཞི་དང་སྟེང་གི་ཡི་གེ་ཚང་མ་ཁྱེད་ཚོའི་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་བཟོས་ཡོད།”ལུས་སུ་ནུབ་ལྭ་ཆ་ཚང་གྱོན་པའི་སྐྱེས་པ་ཞིག་གིས་རྫོང་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུལ་དངོས་སུ་རྟོག་ཞིབ་ཏུ་ཕེབས་པ་མཐོང་མ་ཐག ཧ་ཅང་བྱང་ཆ་ལྡན་པའི་ངང་གློ་ཁུག་ལས་དུ་བ་རྐང་གཅིག་བླངས་ནས་ཕར་བསྲིངས་པ་དང་བྱ་བའི་གནས་ཚུལ་ཡར་ཞུ་བྱེད་པ་གཉིས་དུས་གཅིག་ལ་བྱས།

ཅུས་ཀྲང་གཞོན་པས་སྐྱེས་པ་དེའི་ལག་གི་དུ་རྐང་ཚུར་བཞེས་རྒྱུ་ཕར་ཞོག ད་སོ་མ་བཤད་པའི་སྐད་ཆ་དག་ཀྱང་རྣ་བར་སོང་ཡོད་མེད་མི་ཤེས། དོན་ངོ་མར་སྐྱེས་པ་དེས་གྲ་སྒྲིག་གི་གནས་ཚུལ་སྐོར་ཡར་ཞུ་བྱེད་དུས་ཅུས་ཀྲང་གཞོན་པའི་མིག་གཉིས་སྔ་ས་ནས་ཚོམས་ཆེན་ཡ་ཐོད་ཀྱི“རིག་རྩལ་བརྩམས་ཆོས་ནི་ངལ་རྩོལ་དང་བློ་གྲོས་ལ་དབང་ཞེས་པ་བརྗོད་དོན་ཡིན་པའི་རང་རྫོང་གི་རིག་རྩལ་བརྩམས་ཆོས་འགྲེམ་སྟོན་གྱིས་ལྔ་གཅིག་ངལ་རྩོལ་དུས་ཆེན་བསུ།”ཞེས་པའི་འཕྲེད་དར་ཆེན་པོ་དམར་ལ་བཀྲག་མདངས་ལྡན་པ་དེར་ཕྱོགས་འདུག་པས།ཁོས་གནས་ཚུལ་གཞན་རྣམས་ཀྱི་ངོ་སྤྲོད་མྱུར་དུ་མཚམས་བཞག་སྟེ་འཕྲེད་དར་གླེང་དགོས་བྱུང་། ཅུས་ཀྲང་གཞོན་པས་འཕྲེད་དར་སྟེང་གི་ཡིག་ཕྲེང་རྣམས་ཐེངས་གཅིག་བཀླགས་རྗེས། “ཡི་གེ་ཆེ་དགོས།ཁ་དོག་གསལ་དགོས”ཟེར།

“ཅུས་ཀྲང་ལགས། ཡི་གེ་ད་རུང་ཆེ་རུ་བཏང་ཚེ……”

“ཆོག་གི དེས་ན་ངའི‘ལྷ་རིས་པ་ཆེན་མོ’གང་ན་བཞུགས།”

“ཨ……”

“འོ་རེད་རེད། ལྷ་རིས་པ་ཆེན་མོའི་ངོ་སྤྲོད་འགྲེམ་པང་ནི་འཛུལ་སྒོའི་འགྲམ་ཏག་ཏག་ན་བཞག་ཡོད།ཅུས་ཀྲང་གིས་གཟིགས་དང་།”

ཅུས་ཀྲང་གཞོན་པའི་གོམ་སྟབས་དལ་དྲགས་པའམ་ཡང་ན་སྐྱེས་པ་དེ་མགྱོགས་དྲགས་པ་ཅི་ཡིན་མི་ཤེས་མོད།ཁོས་ཅུས་ཀྲང་ལ་དེ་ལྟར་ལན་བྱིན་འཕྲལ་གམ་གྱི་ལས་བཟོ་པ་ཞིག་དང་མཉམ་དུ་འགྲེམ་པང་འཛུལ་སྒོ་ཁ་ནས་གོམ་པ་དྲུག་བདུན་ཙམ་གྱི་ཅུས་ཀྲང་གཞོན་པའི་མདུན་དུ་བསྣུར་ཅི་ཐུབ་བྱས་ཏེ་བཞག

)“ཅུས་ཀྲང་ལགས། འགྲེམ་པང་འདི་ནི་མིའི་གཟུགས་ཁམས་ཀྱི་ཆོས་ཉིད་གཞིར་བཟུང་ནས་ཇུས་འགོད་བྱས་ཡོད་པས་ལྟ་ཀློག་བྱེད་བདེ་བ་མ་ཟད།གནས་ཀྱི་ཟིན་ཚད་ཆུང་ལ་གནས་གང་ཡིན་དུ་འཁྱེར་བདེ་བའི་ཁྱད་ཆོས་ལྡན། ད་དུང་འགྲེམ་པང་འདིའི་རིགས་ནི་དུས་ཚོད་ཅི་འདྲའི་རིང་པོ་འགོར་ནའང་མདོག་ཡལ་རྒྱུ་མེད་པ་དང་། གློག་འོད་དྲག་པོའི་འོག་ཏུ་འོད་ལྡོག་འཕྲོ་བའི་གནད་དོན་རིགས་ཀྱང་གང་ཡང་འབྱུང་མི་སྲིད། ད་དུང་འགྲེམ་པང་འདིའི་རྒྱུ་ཆ་ནི……”

“གཙོ་བོ་ཡི་གེ་ཆེ་དགོས།ཁ་དོག་གསལ་དགོས།”

“རེད་རེད།ཅུས་ཀྲང་།”

“ཨ་ཙི། དེས་ན་ཅི་ཉི་སི་གང་ལ་བུད་སོང་། རྒྱལ་ཁབ་རིམ་པའི་མི་རིགས་ལྷ་རིས་སྒྱུ་རྩལ་པ་ཆེན་མོའི་བརྩམས་ཆོས་འགྲེམ་སྟོན་དང་འཛམ་གླིང་ཅི་ཉི་སིའི་ཟིན་ཐོ་བརྒལ་བར་བྱ་རྒྱུ་དམིགས་འབེན་དུ་འཛིན་པའི་ནང་དོན་སྐོར་གང་དུ་བྲིས་ཡོད།”

“ཅུས་ཀྲང་ལགས། ད་དུང་ནང་དོན་ཁ་སྣོན་བྱས་ཚེ་འགྲེམ་པང་གི་ངོས་སུ་ཤོངས་དཀའ་བར་འདུག ཡང་གཅིག་བཤད་ན་སྟེང་གི་ཡི་གེའང་ཇེ་ཆུང་དུ་འགྱུར་ངེས།”

“ཡི་གེ་ཆེ་དགོས། ཁ་དོག་གསལ་དགོས།”

“ཡ་ཡ། ཅུས་ཀྲང་།”

ཅུས་ཀྲང་གཞོན་པ་ཕྱིར་ལས་ཁུངས་སུ་ཕེབས་མ་ཐག་སྐྱེས་པ་ནུབ་ལྭ་གྱོན་པ་དེས་ཡུལ་དངོས་ཀྱི་ལས་བཟོ་པ་གཉིས་མངགས་ཏེ་འགྲེམ་པང་ཕྱིར་ཚོམས་ཆེན་གྱི་འཛུལ་སྒོའི་འགྲམ་དུ་འཇོག་ཏུ་བཅུག འགྲེམ་པང་དེའི་མཐོ་ཚད་ལ་སྨི་གཉིས་ཙམ་འདུག་པ་དང་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ཨ་ཁུ་ལྷ་བཟོའི་ལོ་རྒྱུས་མདོར་བསྡུས་ཙམ་བཀོད་ཡོད་པ་གཤམ་ལྟར།

ཨ་ཁུ་ལྷ་བཟོའི་མཚན་དངོས་ལ་བསྟན་འཛིན་ཟེར་བ་དང་དགུང་ལོ་བདུན་གྱི་སྟེང་རང་རྫོང་གི་རྫོང་ནང་དགོན་པར་རབ་ཏུ་བྱུང་།དགོན་པའི་ལྡེབས་རིས་དང་སྐུ་བརྙན་སོགས་ཀྱི་བག་ཆགས་དབང་གིས་སྐུ་ན་ཕྲ་བའི་དུས་ནས་བཟུང་ལྷ་རིས་སྒྱུ་རྩལ་གྱི་ས་བོན་ཁོང་གི་རྒྱུ་ལ་འཁྲུངས། བཅིངས་འགྲོལ་རྗེས་སུ་ཁོང་རང་དབུས་སུ་ཕེབས་ཏེ་ཐོག་མར་ལྷ་སའི་བར་སྐོར་དུ་ལྷ་རིས་པ་རྒན་པར་ཞབས་ཏོག་བསྒྲུབས་པ་དང་རིམ་བཞིན་པོ་ཏ་ལའི་ལྡེབས་རིས་ཉམས་གསོ་སོགས་ཀྱི་ལས་ཀར་ཞུགས་པ་བརྒྱུད་བོད་ཀྱི་གནའ་དེང་གི་ཐང་གའི་ལུགས་རྒྱུན་འདྲ་མིན་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་དང་།ལྷག་པར་དུ་ཕ་ཡུལ་གཅིག་པའི་བོད་ཀྱི་ལྷ་རིས་པ་གྲགས་ཅན་ཨ་མདོ་བྱམས་པ་དང་ཞལ་མཇལ་ཐོབ་པ་དེས་ཁོང་གི་མ་འོངས་པའི་ལྷ་རིས་སྒྱུ་རྩལ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་ཨ་ཁུ་ལྷ་བཟོ་ཞེས་པའི་མཚན་ཡང་ལྷ་སའི་གླིང་ནས་རིམ་བཞིན་མདོ་དབུས་ཁམས་གསུམ་དུ་ཁྱབ།རིག་གསར་སྐབས་སུ་ཁོང་ཕྱིར་ཕ་ཡུལ་དུ་ལོག་ནས་ཁྱིམ་ཐབ་འཛིན་དགོས་བྱུང་ནའང་ཕ་ཡུལ་གྱི་རིག་དངོས་དང་ལྷ་རིས་སྒྱུ་རྩལ་ལ་བཅངས་པའི་དད་སེམས་དེ་ནམ་ཡང་སེམས་ནས་དོར་མྱོང་མེད་པས།རྗེས་སུ་མི་རིགས་སྲིད་ཇུས་ཀྱི་ཉི་གཞོན་ཤར་བའི་དུས་ལ་ཁོང་རང་ཡང་བསྐྱར་ས་གནས་ཀྱི་གོད་ཆག་ཐེབས་པའི་དགོན་པའི་ལྡེབས་རིས་དང་ཐང་ག་རྩ་ཆེན་སོགས་ཀྱི་ཉམས་གསོའི་ཕྱག་ལས་སུ་ཞུགས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཁོང་གིས་རྒྱལ་ཁབ་ཀྱི་རིག་དངོས་དང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཐད་བསྐྲུན་པའི་བྱས་རྗེས་གཟིགས་ཏེ་ཨ་ཁུ་ལྷ་བཟོའི་གནས་ཚུལ་རྣམས་གོང་རིམ་དུ་ཞུ་འབུལ་བྱས་ཐོག“རྒྱལ་ཁབ་རིམ་པའི་མི་རིགས་ལྷ་རིས་སྒྱུ་རྩལ་པ་ཆེན་མོ”ཞེས་པའི་ཐམ་ག་དང་བཅས་པའི་མཚན་སྙན་གནང་།

ལྔ།

ཨ་ཁུ་ལྷ་བཟོ་ཨ་ལགས་ཀྱི་སྐུ་མདུན་ནས་ཕྱིར་ལོག་སྟེ་ཨ་ལགས་ཀྱི་མོ་ལུང་ཇི་བཞིན་ཨ་མ་གཡུ་སྒྲོན་ལ་བཤད་པའི་ཚེ། མོས་ཡིད་ཚིམས་པའི་ཉམས་ཀྱིས“ཨ་ལགས་ཚང་གི་མོ་ལུང་ལ་ནོར་བ་མེད”ཟེར་བ་དང་།ཉིན་འགའི་རིང་གི་ཕྱི་རོལ་གྱི་མི་ཁ་དང་སེམས་ཚེགས་དེ་དག་ཀྱང་ཨ་ལགས་ཀྱི་མོ་ལུང་གསན་པ་དང་སྦྲགས་སྐད་ཅིག་ཉིད་ལ་རང་རྒྱུད་ནས་སངས་པར་གྱུར། ཨ་མ་གཡུ་སྒྲོན་སྔ་མོ་ནས་རྨི་ལམ་གྱི་ཁམས་སུ་ཞུགས་སོང་།འདི་ནི་མོ་བཟའ་ཟླ་གཉིས་གཉེན་བསྒྲིགས་ནས་ད་ལྟའི་བར་དུ་རང་གི་ཁྱོ་ག་བསྐྱུར་ནས་རང་ཉིད་སྔོན་ལ་གཉིད་པ་ཐེངས་དང་པོ་ཡིན་ལ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ཁྱིམ་འདིའི་དོན་དུ་འབད་འབུངས་ཀྱི་ཁྲོད་དུ་གཉིད་སྐྱིད་པོ་ཞིག་ཁུགས་པའང་དོ་དགོང་ཡིན་པ་འདྲ།ཨུ་ཁུ་ལྷ་བཟོས་ལག་པ་གཉིས་པུས་མོར་ཁེན་ནས་ཡར་བཞེངས་ཤིང་དལ་བྲེལ་དབེན་པའི་ངང་པགས་ལྭ་རྙིང་པ་དེ་གཡང་ལུགས་སུ་གྱོན་ནས་སྒེའུ་ཁུང་གི་ཕྱོགས་སུ་ཕྱིན། ལྷིང་འཇགས་ཀྱི་མཚན་གཞུང་འདི་ལ་འཇམ་ཐིང་ངེར་གནས་པའི་མཁའ་དབྱིངས་ཀྱི་སྐར་མའི་ཚོགས་ནི་འགྲེལ་དཀའ་བའི་དོགས་གཞི་སྣ་ཚོགས་ཤིག་དང་འདྲ་བར་ཨ་ཁུ་ལྷ་བཟོའི་མིག་མདུན་དུ་ལྷུག་ལྷུག་ཏུ་དགོད་ཀྱིན་པ་དང་འདྲ།དོན་ལ་ལྷིང་འཇགས་ཀྱིས་ཟིན་པའི་མཚན་གཞུང་ནི་ཨ་ཁུ་ལྷ་བཟོའི་ནང་སེམས་ཀྱི་འཇིག་རྟེན་ཡིན་པ་དང་ཤེལ་ལེབ་ཀྱིས་བཅད་པའི་སྒེའུ་ཁུང་ཕ་རོལ་གྱི་འཇིག་རྟེན་ནི་ད་དུང་བྲེལ་ཟིང་དང་འདུ་འཛི་ཡི་ཀློང་དུ་ལུས་ཡོད།ཨ་ཁུ་ལྷ་བཟོས་མཁར་སྲང་གི་འཇགས་པ་མེད་པའི་མི་ཚོགས་དང་འཁོར་ལོའི་ཚོགས་ཀྱི་བྲེལ་ཟིང་གི་འདུ་འགོད་དེ་མཐོང་དུས།ནང་སེམས་ཀྱི་ལྷིང་འཇགས་དེའང་གཞི་ནས་འཇིག་པ་དང་།གློ་བུར་དུ་རང་གི་བུ་དྲན་པའི་སེམས་འགྱུ་དྲག་པོ་ཞིག་ནང་སེམས་ཀྱི་གཏིང་རུམ་ནས་མེ་རི་བཞིན་བརྡོལ་འོངས།

ཨ་ཁུ་ལྷ་བཟོ་བཟའ་ཟླ་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་འདུག་པ་ལས་བུ་མོ་ཕག་མོ་གཡང་སྐྱིད་ནི་ལོ་བཅུའི་སྔོན་ལ་ལུང་མདོ་སྡེ་བར་གནས་ལ་བྲོས་པས། ཨ་ཁུ་ལྷ་བཟོས་རང་གི་ཚེ་མཇུག་གི་འཆར་གཞི་དང་རེ་བ་ཐམས་ཅད་ཤུལ་དུ་ཡོད་པའི་བུ་ཀརྨ་ཡི་སྟེང་ལ་བཅོལ་ཡོད། ཁོང་གིས་བུ་ཀརྨ་ཞིང་ཆེན་རིམ་པའི་ལྷ་རིས་ཆེད་སྦྱོང་གི་སློབ་གྲྭ་ཞིག་ཏུ་བསྐྱལ་ནའང་།ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་ལྟར་ཀརྨ་ནི་སློབ་གྲོགས་གཞན་རྣམས་དང་འདྲ་བར་གཟབ་ནན་དང་ཞིབ་ཚགས་དགོས་པའི་ཐང་གའི་ཐིག་རྩ་ཕབ་ལུགས་ཀྱི་ལས་དེར་སུན་སྣང་སྐྱེས་ཏེ།ཐང་གའི་ཐོག་མའི་སྐྱ་ཐིག་གི་ལས་རིམ་རྣམས་སློབ་གྲྭའི་སྒོ་ཁའི་ཡིག་དཔར་ཁང་ནས་དཔར་བཏབ་རྗེས་སྟེང་དུ་ཚོན་བཏབ་ནས་འགྲུབ་ཐབས་བྱས་པས།སློབ་མཐར་ཕྱིན་ཡང་ལྷ་རིས་པ་ཡག་པོ་ཞིག་འཁྱོངས་མ་ཐུབ།ཀརྨ་ཡི་ཆུང་མར་བུ་མོ་ཞིག་སྐྱེས་པའི་ལོ་དེར་ཁོས་རང་གི་ཆུང་མ་མ་སྨད་གཉིས་བསྐྱུར་ནས་རྒྱ་ནང་དུ་ལྡོམ་སོང་།གོ་ཐོས་སུ་ཁོས་རྒྱ་ནང་གི་གྲོང་ཁྱེར་ཞིག་ཏུ་སྔོན་གྱི་ཐང་ག་དཀོན་པོ་དག་གི་རྣམ་པ་ཕྱིར་བསྐྱར་གསོ་དང་འདྲ་བཟོ།བསྐྱར་དཔར་བྱ་སའི་ཀུང་སི་ཞིག་གཉེར་འདུག་སྐད།

ཨ་ཁུ་ལྷ་བཟོ་སྒེའུ་ཁུང་གི་འགྲམ་དུ་ཡུད་ཙམ་ལ་འགྲེང་རྗེས་གོམ་པའི་འདེགས་འཇོག་ནམ་རྒྱུན་རང་གི་ཕྱག་ལས་གནང་སའི་ཉི་ཁྱམས་ཀྱི་ཕྱོགས་སུ་བསྒྱུར།ཉི་ཁྱམས་གཡས་ཟུར་གྱི་རྩིག་ལྡེབས་ཀྱི་ལོགས་སུ་མཐའ་བཞི་ཐང་སྒྲོམ་གྱིས་བསྡམས་པའི་ཐང་ག་ཆེན་པོ་ཞིག་ཡར་བསླངས་འདུག དེ་ནི་ཚོན་མ་བཏབ་པའི་ཐོག་མའི་ལས་རིམ་སྟེ་ད་དུང་སྐྱ་རིས་ཀྱི་རྣམ་པར་འདུག་ནའང་ཐིག་རྩ་དང་སྐུའི་ཤ་གཟུགས་ཀྱི་རྣམ་པ་ལས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཞལ་ཐང་ཡིན་པ་རྟོགས་ཐུབ། ཨ་ཁུ་ལྷ་བཟོ་ལ“རྒྱལ་ཁབ་རིམ་པའི་མི་རིགས་ལྷ་རིས་སྒྱུ་རྩལ་པ་ཆེན་མོ”ཡི་མཚན་སྙན་ཐོབ་པ་ནས་བཟུང་ཁོང་གི་གམ་དུ་ཐང་གའི་ཚོང་ལས་ཕྱོགས་ཀྱི་མཉམ་འབྲེལ་བྱ་དགོས་ལུགས་རྗོད་མཁན་གྱི་མི་མང་པོ་ཞིག་ཡོང་མྱོང་མོད། ཁོང་གིས་རྒྱལ་ཁབ་ཀྱིས་ང་ལ་གནང་བའི་མཚན་སྙན་འདིས་མི་རིགས་རིག་གནས་སྒྱུ་རྩལ་ལ་ཞབས་འདེགས་ཞུ་བ་ལས་མི་སྒེར་དང་ང་རང་ཉིད་ཀྱི་ཁེ་གྲགས་སླད་དུ་ཞབས་འདེགས་ཞུ་བ་ནི་མིན་ཞེས་མི་དེ་དག་གི་རེ་བའི་སྒོ་མོ་ཁྲོག་སེ་བརྒྱབ་སོང་།དངོས་གནས་ཨ་ཁུ་ལྷ་བཟོས་ཐང་ག་འབྲི་བ་ནི་ནང་སེམས་ཀྱི་དད་མོས་དང་འཚོ་བ་ཡི་ཉམས་ལེན་ཙམ་དུ་བརྩི་བ་ལས་ཁེ་གྲགས་ཀྱི་སླད་དུ་ག་ལ་ཡིན།ད་ལྟའི་བར་དུ་ཁོང་གིས་རྫོང་རིག་གནས་ཅུས་ཀྱི་རེ་འདུན་ལྟར་རྟེན་མཛོད་ཁང་དུ་ཐང་ག་འགའ་བཞེངས་པ་ལ་རིན་པ་སྐར་གང་ཡང་བླངས་མྱོང་མེད་ལ།ད་ལོའི་ལོ་སར་སྐབས་སུ་ལུང་མདོ་སྡེ་བས་ཡང་ཡང་ཞུ་བ་བྱས་པར་བརྟེན་སྤྱན་རས་གཟིགས་ཀྱི་ཞལ་ཐང་ཞིག་རྟེན་སྐལ་དུ་བཞེང་རྒྱུ་ཁས་བླངས་མོད།སྡེ་གཞུང་གིས་བླུ་རིན་གྱི་སྐོར་གླེང་དུས་ཁོང་གིས“ངའི་ཐང་ག་ནི་རིན་གྱིས་བཞེངས་པ་མིན”ཞེས་རིན་གང་ཡང་མི་དགོས་པའི་ཐུགས་ཐག་བཅད།

ཨ་ཁུ་ལྷ་བཟོ་རང་ཉིད་ཆེས་འདྲིས་ཆེ་བའི་འགུལ་མེད་ཀྱི་དངོས་གཟུགས་དེའི་གམ་དུ་བཅར་དུས་ཞལ་ངོར་སྔར་བཞིན་གཟབ་ནན་གྱི་ཉམས་ཤིག་གིས་ཁེངས་ནའང་གོམ་པའི་འདེགས་འཇོག་ནི་རེ་འགར་ལྗིད་ཏིག་ཏིག་དང་རེ་འགར་འདར་ཡོམ་ཡོམ་བྱེད། ཨ་ཁུ་ལྷ་བཟོ་དངོས་གནས་རྒས་ཀྱིན་པ་འདྲ།

དྲུག

“ཨ་ཁུ་ལྷ་བཟོ་ཚང་ལ་འཛུལ་བའི་རྐུན་མ་དེ་སུ་ཡིན་ནམ།”

“……”

“ཨ་ཁུ་ལྷ་བཟོ་ཚང་ནས་དོན་ངོ་མར་རྟེན་རྩ་ཆེན་ཅི་ཞིག་བོར་སོང་བ་ཡིན་ནམ།”

“……”

“ཁྱོད་ཚོས་བལྟས་ན་ཨ་ཁུ་ལྷ་བཟོའི་ཐང་ག་དང་ཐམ་ག་གཉིས་ལས་གང་ཞིག་གོང་ཆེ་རྒྱུ་རེད།  །” 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།