ལོ་མང་པོ་ཞིག་གི་རྗེས་སུ།

ལོ་མང་པོ་ཞིག་གི་རྗེས་སུ། ངེད་གཉིས་གློ་བུར་དུ་ཆང་ཁང་ཞིག་ནས་འཕྲད་བྱུང་།

ལོ་མང་པོ་ཞིག་གི་རྗེས་སུ། ངེད་གཉིས་གློ་བུར་དུ་ཆང་ཁང་ཞིག་ནས་འཕྲད་པ་ནི་ཅི་འདྲའི་བསམ་ཡུལ་ལས་འདས་པ་ཞིག་རེད་ཨང་། མ་མཐའ་ཡང་ས་མཐའ་སྡེ་མཐའ་འདི་ནས་འཕྲད་སྲིད་པ་ནི་ངའི་དྲན་པའི་དགུ་ལའང་མ་ཤར།

ང་རང་གྲོགས་པོ་འགའ་དང་མཉམ་དུ་ཆང་ཁང་དེའི་གྲུ་ཟུར་ཞིག་ཏུ་བསྡད་ནས་ཞབས་ཞུ་མ་འབོད་དུས། ང་ནི་རང་ཉིད་ཀྱི་མིག་ཟུང་ལའང་ཡིད་མི་ཆེས་པར་གྱུར་སོང་། ཆང་ཁང་འདིའི་ཞབས་ཞུ་མ་ནི་སྔོན་ཆད་ས་གནས་འདི་གའི་གཞོན་ནུ་མ་ཞིག་ཡིན་མོད། དགོང་མོ་དེར། ང་ལ་བསམ་དབང་དྲན་དབང་ཅི་ཡང་མ་བྱིན་པར་ཁྱེད་རང་སླེབས་སོང་བ་ནི་དངོས་འབྲེལ་བློ་ཡུལ་དུ་མི་ཤོང་བ་ཞིག་རེད་ཨང་།

གློ་བུར་བའི་ཐུག་འཕྲད་དེས་ང་རང་རྟབ་རྟབ་པོར་བཏང་བས། ང་ཡར་ལངས་ཏེ་ཁྱེད་ལ་ལག་འཇུ་ཙམ་ཡང་བྱེད་མ་ཐུབ་ལ། འོས་འཚམ་གྱི་སྐད་ཆ་ཞིག་དེ་བས་ཀྱང་བཤད་མ་ཐུབ། དེ་ལས་ལྡོག་སྟེ། ཁྱོད་ཀྱིས་འཛུམ་ཆུང་གྲོལ་ཞིང་བག་ལྷོད་ཀྱི་ངང་ནས་ང་ལ་འཚམས་འདྲི་བྱས་པས། ང་རང་ལྷག་ཏུ་ཁ་སྐྱེངས་ཏེ་སྐད་ཅིག་ཉིད་ལ་ངོ་མདངས་ཀྱང་དམར་པོར་གྱུར་སོང་། གཅིག་བྱས་ན། ཁྱོད་ཀྱིས་སྔ་མོ་ཞིག་ནས་ང་རང་གྲོང་ཁྱེར་འདིར་གཞིས་ཆགས་ཡོད་པ་གོ་ཡོད་ན་ཐང་། གང་ལྟར་ཡང་། ང་ལ་མཚོན་ན་དགོང་མོ་དེ་ནི་ལུས་སེམས་གཉིས་ལ་རང་དབང་བྲལ་ཞིང་ལྷོད་གཡེང་དུ་སྡོད་མི་ཐུབ་པའི་དགོང་མོ་ཞིག་རེད།

ང་ནི་གྲོང་ཁྱེར་འདིར་སླེབས་ནས་ཕལ་ཆེར་མི་ལོ་དྲུག་ཙམ་འགོར་ཟིན་པས། ཁྱེད་རང་འདིར་སླེབས་དུས་ངས་ཅིས་ཀྱང་མགྲོན་བསུ་གྱ་ནོམ་པ་ཞིག་བྱེད་དགོས་ཏེ། མ་མཐའ་ཡང་ངེད་གཉིས་ནི་ཕ་ཡུལ་གཅིག་གི་མི་ཡིན་པ་དང་། ཆུང་དུས་སུ་ཁྱིམ་མཚེས་དང་རྩེད་རོགས་ཀྱང་ཡིན་པས། ས་མཐའ་སྡེ་མཐའ་འདི་ནས་འཕྲད་དུས་སེམས་ངོ་ཞིག་མ་བསྟན་ན་ག་ལ་ཆོག ཡིན་ན་ཡང་། ང་ནི་གློ་བུར་བའི་ཐུག་འཕྲད་དེས་དཔའ་ཞུམ་པར་གྱུར་ཅིང་ཐ་ན་མགོ་རྔ་ཡོད་པའི་སྐད་ཆ་ཞིག་ཀྱང་བཤད་ཐུབ་མ་སོང་།

དེ་བས། དགོང་མོ་དེར། ང་རང་ཆང་ཁང་དེའི་གྲུ་ཟུར་ཞིག་ཏུ་བསྡད་ནས་ཆུང་དུས་ཀྱི་ལོ་ཟླ་དག་ལ་ཕྱིར་དྲན་བྱེད་དགོས་བྱུང་། ངས་མཛུབ་མོ་ནང་ལ་བཀུག་ནས་ལོ་གྲངས་ཤིག་རྩི་དུས། ངེད་གཉིས་མ་ཐུག་པར་ཕལ་ཆེར་ལོ་ངོ་བཅུ་གཅིག་ཙམ་འགོར་འདུག ལོ་ངོ་བཅུ་གཅིག་གི་ནང་དུ་ང་ཚོ་ལ་ཅི་འདྲའི་འགྱུར་ལྡོག་མང་པོ་ཞིག་བྱུང་ཡོད་པ་རེད་ཨང་།

ངེད་གཉིས་ལོ་ལྔ་དྲུག་ཙམ་ཡིན་པའི་སྐབས་དེར། ཁྱིམ་མཚེས་མང་པོ་ཞིག་གིས་འུ་གཉིས་ལ“ཁྱོད་གཉིས་ཀྱིས་ནམ་ཞིག་ལ་གཉེན་སྒྲིག་བྱེད་རྒྱུ་ཡིན”ཞེས་ཁ་མཚར་རམ་རྩེད་མོའི་ཚུལ་དུ་འདྲི་སྲིད། ཡིན་ན་ཡང་། འུ་གཉིས་ནི་རྒན་པ་ཚོར་སྐད་ཆ་འདིའི་རིགས་བཤད་རྒྱུར་ངོ་ཚ་བས་དྲི་བ་དེར་བཤོལ་ཅི་ཐུབ་བྱས་པ་ཡིན་མོད། སྐབས་ལན་རེར། ཁྱིམ་མཚེས་དག་གི་སྐད་ཆ་བཞིན་ནམ་ཞིག་ལ་ངེད་གཉིས་ཀྱིས་དངོས་འབྲེལ་གཉེན་སྒྲིག་བྱེད་དགོས་པ་ཨེ་ཡིན་ནམ་སྙམ་ནས་སྟོང་འདང་ཡང་བརྒྱབ་མ་མྱོང་བ་ག་ལ་ཡིན།

དྲང་མོར་བཤད་ན། ཁྱིམ་མཚེས་དག་གིས་དེ་ལྟར་དྲིས་པར་ཡང་རྒྱུ་མཚན་མེད་པ་མིན་ཏེ། སྐབས་དེར། ངའི་སྲིང་མོ་ཆུང་དྲགས་པ་དང་ཁྱོད་ཀྱི་ཕུ་བོ་ཆེ་དྲགས་པའི་རྐྱེན་གྱིས། ངེད་གཉིས་ལ་ན་ཚོད་དང་སེམས་ཁམས་མཐུན་པའི་རྩེད་གྲོགས་གཞན་པ་གཅིག་ཀྱང་མེད། ནམ་རྒྱུན་རྡུལ་འཚུབ་དང་ཆར་རླུང་ཁྲོད་དུ་ང་ཨ་ཕ་ཡིན་ཁུལ་དང་ཁྱོད་ཨ་མ་ཡིན་ཁུལ་བྱས་ཏེ་རྩེད་མོ་བརྩེས་པ་དང་། སྐབས་སྐབས་སུ་རྩེད་མོའི་དགོས་མཁོ་དང་བསྟུན་ནས་ངའི་སྲིང་མོ་ཡང་རྩེད་རོགས་སུ་འབོད་པ་རེད། ཡིན་ན་ཡང་། དེ་ནི་སྐབས་ལན་རེར་ཙམ་ཡིན་པ་ལས། སྐབས་མང་ཤས་སུ་ངེད་གཉིས་ཁོ་ན་མཉམ་འགྲོ་མཉམ་འདུག་བྱས་པ་མ་ཡིན་ནམ།

ང་རང་ལོ་བདུན་ལ་ལོན་པའི་སྐབས་དེར། ངེད་གཉིས་མཉམ་དུ་སྡེ་བའི་ནང་གི་སློབ་ཆུང་དུ་འགྲིམས་པ་དྲན་ནམ། ཁྱིམ་ནས་སློབ་གྲྭའི་བར་དུ་ལེ་དབར་འགའ་ལས་མེད་ཀྱང་། ངེད་གཉིས་ལམ་བར་ནས་དུས་ཚོད་ཡུན་རིང་ལ་ལུས་འགྲོ་བ་མ་ཡིན་ནམ། ཁྱད་པར་དུ་ཕྱི་དྲོ་ཡུལ་ལ་ལོག་པའི་སྐབས་སུ་རྩེད་མོ་འདྲ་མིན་ལ་མགོ་འཁོར་ཏེ་མུན་མ་རུབ་བར་དུ་ཁྱིམ་ལ་མི་བསླེབ་ཅིིང་། ཁྱིམ་ལ་སླེབས་དུས་ཕ་མ་ཚོའི་བཀའ་བཀྱོན་དང་རྡུང་རྡེག་ཅུང་ཙམ་རེའང་རེག་སྲིད་མོད། ངེད་གཉིས་དེ་ལ་འགྱོད་པ་སྐྱེས་ཏེ་ཕྱི་ཉིན་ནས་མགྱོགས་མྱུར་ངང་ཡུལ་ལ་ལོག་པའི་གོམས་སྲོལ་ཞིག་ཆགས་མ་ཐུབ། ནམ་རྒྱུན་ལམ་བར་ནས་རྩེད་མོར་གཡེང་སྟེ་ལུས་འགྲོ་ཞིང་། བར་སྐབས་ཤིག་ནས་བཟུང་། སུ་ཞིག་གིས་བསླབས་པ་ཡིན་མིན་མི་ཤེས་མོད། ངེད་གཉིས་ཀྱིས་གཞན་པས་མི་མཐོང་བའི་གད་སྐྱིབས་རེ་བཙལ་ནས་འདོད་བརྩེ་ལ་རོལ་བའང་ལན་གཅིག་ཙམ་མིན། འོན་ཀྱང་། སྐབས་དེར་ལོ་ན་ཆུང་དྲགས་པས་འདོད་བརྩེ་ཡང་དག་པ་ཞིག་ལ་རོལ་ཐུབ་ཡོད་མེད་སུས་ཀྱང་བཤད་དཀའ།

གང་ལྟར་ཡང་། དུས་ཚོད་ཡུན་རིང་ཞིག་མ་འགོར་བར་ཁྱེད་ཚང་གི་ཨ་ཕས་འབྲི་རྒན་ཞིག་སློབ་གྲྭར་ཕུལ་ནས་ཁྱོད་རང་སློབ་གྲྭ་ནས་ཕྱིར་བླངས་སོང་བས། དུས་དེ་ནས་བཟུང་། ང་རང་གཅིག་པུ་གྲོགས་མེད་ཁེར་རྐྱང་ངང་སློབ་གྲྭར་འགྲོ་དགོས་བྱུང་། དུས་དེ་ནས་བཟུང་། ཡུལ་ལ་སླེབས་དུས་དང་གཟའ་མཇུག་གི་སྐབས་སུ་སྔར་བཞིན་མཉམ་དུ་བརྩེས་ན་ཡང་། ང་རང་སློབ་ཆུང་ནས་མཐར་ཕྱིན་ཏེ་སློབ་འབྲིང་དང་། དེ་ནས་འབྲིང་རིམ་འགྲིམ་པ་སོགས་སློབ་གྲྭར་འགྲོ་བའི་རྒྱུན་ཐག་མ་བཅད་པ་དང་། ངེད་ཚང་གི་ཁང་པའང་ཡུལ་གཞན་དུ་གནས་སྤར་སོང་བས། འུ་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཅིང་། འབྲེལ་འདྲིས་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་སོང་། དུས་དེ་ནས་བཟུང་། ངེད་གཉིས་ལ“ཁྱེད་གཉིས་ཀྱིས་ནམ་ཞིག་ལ་གཉེན་སྒྲིག་བྱེད་རྒྱུ་ཡིན”ཞེས་འདྲི་མཁན་གཅིག་ཀྱང་མ་བྱུང་།

ཕལ་ཆེར་ང་རང་འབྲིང་རིམ་འགྲིམ་བཞིན་པའི་ལོ་ཞིག་ཡིན་པ་འདྲ། ཁྱེད་རང་རོང་ཕྱོགས་སུ་བག་མར་ཕྱིན་ཚར་བ་དང་། བུ་ཆུང་སྙིང་རྗེ་བོ་ཞིག་ཀྱང་བཙས་ཟིན་པའི་སྐད་ཆ་ཞིག་ཁྱིམ་མི་ཚོའི་ངག་ནས་གོ་བྱུང་། ཡིན་ན་ཡང་། དེ་དུས་ང་ལ་སེམས་ཚོར་གཞན་པ་ཅི་ཡང་མ་སྐྱེས། ས་ཆ་མེད་དང་མི་རྒྱུས་མེད་ཀྱི་གནས་ཡུལ་དེ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་ཐུབ་སོང་ན་ཆོག་པར་སྙམ། དྲང་མོར་བཤད་ན། དེ་ནི་ཁྱོད་ཀྱི་ཕ་མ་དང་གཉེན་ཉེ་ཚོའི་རེ་སྨོན་གཅིག་པུའང་ཡིན་སྲིད།

  འོན་ཀྱང་། ལས་དབང་ཞེས་པ་ནི་ཇི་ལྟར་སྙམ་ན་དེ་ལྟར་འགྲུབ་ཡོང་བ་ཞིག་ག་ལ་ཡིན་ཏེ། སྐབས་གང་མང་ཞིག་ལ་ཁྱོད་ཀྱི་སྨོན་འདུན་དང་ཏག་ཏག་རྒྱབ་འགལ་དུ་གྱུར་ཡོད་པ་རེད། ལོ་ངོ་གཅིག་ཙམ་ཡང་མ་འགོར་བར་ཁྱོད་མ་བུ་གཉིས་ཀ་ཕྱིར་རང་ཁྱིམ་དུ་སླེབས་འདུག་པའི་གཏམ་ཞིག་སྡེ་བའི་ནང་དུ་གྲགས་བྱུང་། དེ་ནི་ཁྱིམ་མི་ཚོར་ལྟ་སྐོར་དུ་ཡོང་བ་མ་ཡིན་པར། བཟའ་ཟླ་དང་བཟའ་ཟླའི་ཁྱིམ་མི་ཚོས་ཁྱོད་ལ་ཐུབ་ཚོད་བྱས་པ་ཚད་ལས་བརྒལ་ཏེ་མ་བཟོད་པར་ཕྱིར་ཡོང་བ་རེད་ཟེར་བཞིན་འདུག གང་ལྟར་ཡང་། སྐད་ཆ་དེ་དག་གོ་དུས་ང་ལའང་གདུང་སེམས་ཆེན་པོ་ཞིག་སྐྱེས་སོང་ལ། བུད་མེད་ཅིག་ཡིན་ན་ངེས་པར་དུ་བཟའ་ཟླ་ཕྱི་ཐག་རིང་བ་ཞིག་དང་འགྲོགས་དགོས་པའི་འདུ་ཤེས་ཤིག་བྱུང་།

མི་ཚེ་ནི་གློག་བརྙན་ཞིག་དང་ཅི་འདྲའི་མི་མཚུངས་ཨང་། ནམ་ཡང་སྐར་ཆ་རྗེས་མར་དོན་དག་ཅི་ཞིག་འབྱུང་བར་སུས་ཀྱང་ཚོད་དཔག་བྱེད་ཐབས་མེད། ཁྱོད་རང་བཟའ་ཟླ་ཚང་ནས་འདུག་མ་བཟོད་པར་ཕྱིར་རང་ཁྱིམ་དུ་ལོག་པ་ཡིན་མོད། རྗེས་སུ་ཕྱོགས་གཉིས་ཀྱི་གཉེན་ཉེ་ཚོས་གྲོས་བསྡུར་བྱས་ཏེ་ཁྱོད་གཉིས་སླར་ཡང་འདུམ་འགྲིག་བྱས་པ་དང་། ཐེངས་དེར་བུ་ཆུང་གི་ཨ་ཕ་ཁྱོད་ཚང་ལ་ཡོང་ནས་བསྡད་པ་ལས་ཁྱོད་ཁོ་ཚང་དུ་ཕར་སོང་མེད་པ་འདྲ། གང་ལྟར་ཡང་། བུ་ཆུང་ལ་མཚོན་ན་སྔར་བཞིན་ཕ་མ་མགོ་འཛོམས་སུ་གྱུར་པས་དགའ་འོས་པ་ཞིག་རེད་མོད། འོན་ཀྱང་། ཁྱོད་ལ་མཚོན་ན་དེ་ནི་མི་ཚེའི་ཁྲོད་ཀྱི་ཆེས་ཆེ་བའི་ཆག་སྒོ་ཞིག་ཏུ་གྱུར་ཡོད་པ་སུ་ཡིས་རྟོགས།

ལོ་དེའི་དབྱར་ཁར། ཁྱོད་རང་ཆེད་དུ་དགུན་སའི་ཁྱིམ་སྲུང་ལ་བསྡད་ནས་དབྱར་སར་མ་སོང་བ་དང་། རང་ཉིད་ཀྱི་བུ་ཆུང་སྐྱོང་བཞིན་བསྡད་སྐད། དྲང་མོར་བཤད་ན། དབྱར་ཁ་དེར་ཁྱོད་ཀྱིས་རང་ཁྱིམ་སྲུང་བ་དང་བུ་ཆུང་སྐྱོང་བ་ཙམ་ལས་བྱ་བ་གཞན་ཅི་ཡང་བསྒྲུབ་མི་དགོས་པས། ཁྱིམ་མི་ཚོ་དང་བསྡུར་ན་ཁྱོད་ནི་བདེ་སྐྱིད་ལྡན་པ་ཞིག་ཡིན་མོད། འོན་ཀྱང་། བདེ་སྐྱིད་དེའི་ལྟག་རྒྱབ་ན་ཆག་སྒོ་ཅི་ཞིག་གིས་བསྒུགས་ཡོད་པ་ཁྱོད་རང་ཉིད་ཀྱིས་ཀྱང་མ་ཤེས།

གང་ལྟར། ལོ་དེའི་དབྱར་ཁར། ཁྱོད་ཀྱི་ཁྱོ་ག་སྨྱོས་པ་ལྟར་ཁྱོད་ལ་གྲིས་བསྣུན་ཅི་ཐུབ་བྱས་ཏེ་བུ་ཆུང་ཕྲོགས་ཏེ་འབྲོ་རྩིས་བགྱིས་པ་ན། ཁྱོད་ཀྱིས་རང་ཉིད་ཀྱི་སྲོག་དང་བསྡོས་ནས་བུ་ཆུང་ཁོར་མ་བྱིན་ཞིང་པང་ལ་དམ་པོར་བསྡམས་ནས་བསྡད་པས། མཐར་ཁོ་ལའང་བྱ་ཐབས་བྲལ་བས་ཁྱོད་རང་ཤི་མ་གསོན་གྱི་ཚད་དུ་བསྐྱལ་ནས་ག་ཤེད་ཅིག་ཏུ་བྲོས་སོང་བ་རེད་ཟེར། རང་ཉིད་ཀྱི་ཆུང་མར་གྲིས་བསྣུན་ནས་ལྔ་ལམ་དུ་བརྫང་སེམས་མཁན་ཞིག་ཡོད་སྲིད་དམ། དེ་ནི་དངོས་འབྲེལ་བློ་ཡུལ་ལས་འདས་པ་ཞིག་རེད་ཨང་། ངས་དོན་དེ་གོ་བས་སེམས་གཏིང་ནས་ཁྱོད་ཀྱི་ཕྱོགས་ལ་སྙིང་རྗེ་ཚད་མེད་ཅིག་སྐྱེས་སོང་ལ། ལུས་ཀྱི་རྨ་ཁ་དག་སངས་དྲག་ཡོང་བའི་སྨོན་ལམ་གཙང་མ་ཞིག་ཀྱང་བཏབ་པ་ཡིན། དགའ་འོས་པ་ཞིག་ལ། ཁྱོད་རང་སྨན་ཁང་དུ་མྱུར་སྐྱོབ་བྱས་ཏེ་སྲོག་ཉེན་ལས་ཐར་བ་དང་། རྨ་ཁ་མ་ལུས་སངས་དྲག་ཏུ་གྱུར་ཡོད་པ་གོ་དུས། ང་ལའང་སེམས་ཁྲལ་ཞིག་ཇེ་ཉུང་དུ་ཕྱིན་སོང་། དྲང་མོར་བཤད་ན། སྐབས་དེར་ངས་ཀྱང་གཉེན་སྒྲིག་བྱས་ཏེ་བྱིས་པ་བཙས་ཚར་བ་རེད།

དེ་ལྟར། ངས་ངེད་གཉིས་མ་འཕྲད་པའི་ལོ་ངོ་བཅུ་གཅིག་ལ་ཕྱིར་དྲན་ཐེངས་གཅིག་བྱས་ཤིང་། ཁྱོད་ཀྱི་མངར་ལ་སྐྱུར་བའི་འདས་སོང་གི་འཚོ་བ་ལ་བསམ་བློ་ལན་གཅིག་འཁོར་དུས། ངས་ནི་ཁྱོད་རང་བུད་མེད་ལས་ངན་ཞིག་རེད་བསམས་བྱུང་ལ། ཡང་ཨ་མ་རླབས་ཆེན་ཞིག་ཀྱང་རེད་བསམས་བྱུང་། སྐབས་དེར། མཚན་མོའི་ཆུ་ཚོད་བཅུ་གཉིས་པར་སླེབས་ཏེ་ཆང་ཁང་གི་སྒོ་རྒྱག་རན་འདུག་པས། ང་དང་གྲོགས་པོ་ཚོའང་གནས་སྐབས་སུ་ཆང་ཁང་དང་ཁ་བྲལ་ནས་མི་འགྲོ་ཐབས་མེད་བྱུང་། འོན་ཀྱང་། ང་ཚོ་འགྲོ་རན་ཁར་ཁྱོད་རང་མཐོང་ལམ་དུ་རིག་རྒྱུ་མི་འདུག་པས། ངས་ཁྱོད་ལ“རྗེས་སུ་མཇལ”ཞེས་སྐད་ཆ་བཤད་དེ་བདེ་མོ་ཞིག་ཀྱང་འཇོག་མ་ཐུབ།

དེ་ནས་བཟུང་། ངེད་གཉིས་ཀྱིས་གྲོང་ཁྱེར་གཅིག་ཏུ་འཚོ་བ་རོལ་ནས་བསྡད་ནའང་། རང་རང་གི་ལས་ཀར་བྲེལ་འཚུབ་བྱས་ཏེ་ཐེངས་གཅིག་ལའང་ཐུག་འཕྲད་མ་བྱུང་། ཁྱོད་རང་ང་ཡོད་སའི་གྲོང་ཁྱེར་དེར་སླེབས་ནས་བདུན་ཕྲག་གཅིག་ཙམ་འགོར་རྗེས་ཀྱི་ཉིན་ཞིག་ལ། ངས་ཨ་མ་དྲིན་མོ་ཆེར་ཁ་པར་བཏང་ནས་ཕ་ཡུལ་དང་ཁྱིམ་མི་གཉེན་ཉེ་ཚོའི་གནས་ཚུལ་འདྲི་དུས། ཨ་མས་ང་ལ་གསང་སྟབས་ཀྱིས་བཤད་བྱུང་བ་ནི་ཁྱོད་དང་འབྲེལ་བའི་དོན་དག་ཚབས་ཆེན་ཞིག་རེད།

“སྒྲོལ་མའི་བུ་ཆུང་རྐྱེན་ལམ་དུ་ཤོར་འདུག” ཨ་མས་ཕ་རོལ་ནས་ང་ལ་ཤབ་ཤུབ་ངང་སྐད་ཆ་དེ་འདྲ་ཞིག་བཤད་བྱུང་། ང་རང་སྐད་ཅིག་ཉིད་ལ་བློང་བློང་པོར་གྱུར་ཅིང་སླར་ཡང་ཁྱོད་ཀྱི་ལས་དབང་ལ་ཕྱིར་འདང་ཞིག་རྒྱག་དགོས་བྱུང་སོང་། དོན་རྐྱེན་ངན་པ་དེ་ཁྱོད་རང་ཉིད་ཀྱིས་ཐོས་སྐབས། ཁྱོད་ནི་ཕལ་ཆེར་དེ་མ་ཐག་ཏུ་བརྒྱལ་སོང་ཡོད་ན་ཐང་།

མི་ལོ་བཅུ་གཅིག་གི་ཁྲོད་དུ་ཅི་འདྲའི་འགྱུར་ལྡོག་མང་པོ་ཞིག་བྱུང་ཡོད་པ་རེད་ཨང་།

ད་ནི་ངེད་གཉིས་ནམ་ཞིག་ལ་འཕྲད་སྲིད་དམ། ཡང་མི་ལོ་བཅུ་གཅིག་གི་རྗེས་སུ་ཡིན་ནམ། མ་འོངས་པའི་མི་ལོ་བཅུ་གཅིག་གི་ནང་དུ་འགྱུར་ལྡོག་ཅི་ཞིག་འབྱུང་སྲིད་དམ། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།