གཡུ་འབྲུག

 མི་ནི་འཇིག་རྟེན་འདིའི་ཐོག་ཅི་ཞིག་གི་ཕྱིར་དུ་ཡོང་བ་གསལ་པོ་ཞིག་མི་ཤེས་ནའང་གཡུ་འབྲུག་ལ་བལྟས་ན་དུས་ཚོད་ཀྱི་གོ་རིམ་མཚོན་ཐབས་སམ་རང་གི་འདོད་པ་ཚིམ་ཕྱིར་དུ་ཡིན་ནམ་སྙམ། གཡུ་འབྲུག་གིས་ལོ་ཤས་གོང་ནས་རང་ཉིད་ཀྱི་དགའ་ཕྱོགས་སམ་ཕུགས་འདུན་གྱི་ཕྱིར་དུ་གཤོག་ཟུང་གཉིས་ཤུགས་ཀྱིས་བརྐྱངས་ཏེ་ནམ་འཕང་གཅོད་བཞིན་ཡོད་དེ། ཇི་སྲིད་ནམ་མཁའི་མཐོངས་ཡངས་པ་དེ་སྲིད་བར་དུ་གཤོག་རྩལ་གྱི་གཟི་འོད་ངོམ་བསམ་པའི་བློ་སྟོབས་ཤིག་ཡོད་ནའང་། ནམ་མཁའ་ལ་མཐའ་མེད་ཅིང་གཤོག་ཟུང་གི་ནུས་པ་ལ་ཚད་ཡོད་པ་ནི། མི་ནི་འཇིག་རྟེན་འདིའི་ཐོག་སྐྱེས་པ་ཉིད་ནས་རང་འདོད་ཀྱིས་ཁེངས་ཤིང་། ཡོད་ཚད་རང་ལ་དབང་དགོས་སྙམ་པའི་འདོད་སེམས་ཀྱིས་མི་ཚེ་བྱེ་མའི་ཕུང་པོ་ལྟར་སིལ་བུར་འཐོར་བའི་གོ་རིམ་ཞིག་དང་ཅི་འདྲའི་མཚུངས་ཨང་། གཡུ་འབྲུག་གིས་རང་ཉིད་ཀྱི་མི་ཚེ་གཏའ་མར་བཞག་ནས་རྒྱལ་ཕམ་གྱི་སོ་ཁ་ན་འཐབ་བཞིན་པ་ནི། འཇིག་རྟེན་གྱི་འཚོ་གནས་པའི་ངོས་ནས་བཤད་ན་གཟི་བརྗིད་ཅིག་རེད་ཅེས་བཤད་ན་མི་འགྲིག་རྒྱུ་མེད་པ་འདྲ། ཐོག་མར་གཡུ་འབྲུག་ལ་མ་རྩ་དེ་ཙམ་མེད་ནའང་དབྱར་རྩྭ་དགུན་འབུའི་ཉོ་ཚོང་གི་ལས་ལ་གཞོལ་ནས་ད་བར་དུ་སྐབས་དང་སྐབས་སུ་ལས་གྱོང་གུན་ཆེན་པོ་མ་རེག་པར་ཚོང་ལམ་ཧ་ཅང་དར། མཚམས་ཤིག་ལ་ནག་ཆུའི་དབྱར་རྩྭ་དགུན་འབུ་ཉོ་མཁན་གྱི་ཁྲོད་ནས་ཅུང་མིང་གྲགས་ཅན་ཞིག་ཏུ་གྱུར་ཅིང་། ཀུན་གྱིས་གཡུ་འབྲུག་གིས་དབྱར་རྩྭ་དགུན་འབུ་གོང་ཚད་མཐོན་པོ་སྤྲོད་བཞིན་འདུག་ཅེས་བསྟོད་པ་ཕུལ་བ་དང་། ཧོང་ཀོང་གི་སྦྱིན་བདག་ཆེན་པོ་ཞིག་ངོ་ཤེས་ཀྱིན་ཡོད་པ་སོགས་ཀྱི་ལབ་གླེང་མང་དུ་བྱུང་བས་གཡུ་འབྲུག་གི་ཚོང་གི་བསྟན་པ་ཇེ་དར་ནས་ཇེ་དར་དུ་རྒྱས། འཇིག་རྟེན་འདིའི་ཐོག་ཚོང་པ་ལས་སྐྱིད་པ་ཞིག་སྲིད་ན་མེད་པ་གཡུ་འབྲུག་གི་ལྟ་སྟངས་ཤིག་ཡིན་འདུག དེ་བས་ཁོང་གིས་མི་སུ་དང་ཕྲད་ནའང་གཏོང་ཕོད་ཆེན་པོས་ལོངས་སྤྱོད་ལ་རོལ་བཞིན་མི་ཚེ་ནི་དུས་ཐུང་ཙམ་ལས་མི་རྟག་པ་ཡིན་པས་སྐྱིད་པོ་རང་གིས་མ་བཏང་ན་སྡུག་པོ་མི་ཡིས་གཏང་བ་རེད་ཅེས་གྲོང་ཁྱེར་གྱི་ཆ་རྐྱེན་གང་ཡག་ལ་ཁོང་གིས་མྱོང་བཞིན་པ་མ་ཟད་རླངས་འཁོར་གོང་ཆེན་ཞིག་ཀྱང་ཉོས་ཡོད། གཡུ་འབྲུག་གི་ཚོང་ལམ་བསྟན་པ་ཧ་ཅང་དར་བས་གང་དུ་སོང་ནའང་རང་ཉིད་དང་ཆེས་སྙིང་ཉེ་བའི་རྣམ་པ་ཞིག་མངོན་ཞིང་མི་ཕལ་ཆེ་བས་འཛུམ་མདངས་གིས་བསུ་བཞིན་ཡོད། ནམ་རྒྱུན་འབྲེལ་བ་དེ་ཙམ་མི་ཡག་པའི་མི་འགའ་ཞིག་ཀྱང་གཡུ་འབྲུག་ལ་ཅི་ཞིག་གི་འཐེན་ཤུགས་ཡོད་པ་ལྟར་ཁོང་གི་ཉེ་སར་བཏུད་གང་ཐུབ་བྱ། ནམ་རྒྱུན་གཡུ་འབྲུག་གིས་ཀྱང་ལག་གཡོན་པར་ཀོ་བ་དམར་ནག་གི་སྒོར་ཁུག་ཆེན་པོ་ཞིག་ཁྱེར་ནས་ལག་གཡས་པས་དེ་ཙམ་ཆེན་པོ་མེད་པའི་རང་ཉིད་ཀྱི་ཕོ་བ་ཕུར་ཕུར་འགའ་བྱེད་བཞིན་སྐད་ཆ་སྦམ་པོ་འགའ་བཤད་ཀྱིན་ཡོད་མོད། ཉེ་འཁོར་གྱི་མི་དེ་དག་གིས་ངོ་མ་ཉམས་མྱོང་ཅན་གྱིས་བཤད་པ་ཅི་ཡང་བདེན་ཞེས་གཡུ་འབྲུག་གི་སྐད་ཆ་ནི་ལེགས་བཤད་ཅིག་ཡིན་པའི་རྣམ་པ་བསྟན། གཡུ་འབྲུག་གིས་ཀྱང་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དག་ཉན་རིན་ཡོད་སྙམ་བཞིན་ནམ་རྒྱུན་ཇི་མི་སྙམ་པའི་སྒོ་ནས་ཅི་རིགས་བཤད་བཞིན་ཡོད། མ་གཞི་གཡུ་འབྲུག་ནི་ཡིག་རྨོངས་པ་ཞིག་ཡིན་ནའང་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སྐབས་ཕལ་ཆེ་བ་རྒྱ་རིགས་ཡིན་པས་ཁོས་རྒྱ་སྐད་ད་མ་དིག་ཅིག་གིས་གོ་བརྡ་སྤྲོད་ཐུབ་ཀྱིན་ཡོད་ཅིང་། རྒྱ་རིགས་ཀྱི་ཚོང་པ་མང་པོ་ཞིག་ངོ་ཤེས་ཀྱིན་ཡོད་པས་དབྱར་རྩྭ་དགུན་འབུ་ཉོ་མཁན་འགའ་ཞིག་གིས་ཀྱང་གཡུ་འབྲུག་ལ་ལྕེ་ནར་ནར་བྱེད།

དགུན་ཚེས་ལ་ཉེ་བའི་སྐབས་འདིར་དབྱར་རྩྭ་དགུན་འབུའི་གོང་ཚད་ཅུང་དམའ་རུ་ཕྱིན་པས་གཡུ་འབྲུག་གིས་ནམ་རྒྱུན་རང་ཉིད་དང་ཚོང་རྒྱག་བཞིན་པའི་མྭ་ཞོ་ཡོན་ལ་རང་ཉིད་ཀྱིས་ཉོས་པའི་དབྱར་རྩྭ་དགུན་འབུ་ཡོད་ཚད་གོང་ཅུང་མཐོ་བའི་ངང་དུས་འགྱངས་བྱས་ནས་བཙོངས། འདི་ལྟར་གཡུ་འབྲུག་གི་ཚོང་ལམ་དར་ཞིང་རྒྱས་བཞིན་པས་ཁོ་དང་འབྲེལ་བ་བྱེད་མཁན་ཧ་ཅང་མང་། དེའི་ཁྲོད་ནས་བུད་མེད་ཀྱང་ཡོད་ཅིང་གཡང་འཛོམས་ནི་གཟུགས་བྱད་མཛེས་ཤིང་རྒྱན་སྤྲོས་ཧ་ཅང་ཆེ་བའི་ཁྱོ་ག་ཡོད་པའི་བུད་མེད་ཚོང་པ་ཞིག་རེད། སྔོན་ནས་གཡུ་འབྲུག་ཁོང་གཉིས་ཕན་ཚུན་ཚོང་ཡང་བརྒྱབ་མྱོང་ཡོད་ཅིང་ནམ་རྒྱུན་འབྲེལ་འདྲིས་བཟང་བས། ད་ནི་ཁོང་གཉིས་ཚོང་ཁོ་ནའི་འབྲེལ་བ་མ་ཡིན་པར་འཇིག་རྟེན་ཕོ་མོའི་བརྩེ་བ་གླེང་མགོ་བརྩམས། ཉིན་ཞིག་གཡུ་འབྲུག་གིས་རླངས་འཁོར་བཏང་ནས་གཡང་འཛོམས་ཁོང་གཉིས་ནག་ཆུའི་གམ་གྱི་རྒྱབ་རི་དར་ཆ་ལྷ་མོའི་རྒྱབ་ཕྱོགས་ཀྱི་ལུང་པ་ཆུང་ཆུང་དེར་སོང་། དེར་འགྲོ་བའི་དམིགས་ཡུལ་གཉིས་ཀས་ཤེས་ཡོད་པས་ལམ་བར་ནས་ཆགས་གཏམ་ཤོད་རེས་བྱེད་བཞིན། གཡུ་འབྲུག་གིས་གཡང་འཛོམས་ཀྱི་བརླ་ཤ་ལག་པས་ཕུར་བས་གཡང་འཛོམས་ཆགས་པ་ལངས་ནའང་གཡུ་འབྲུག་ལ་དེ་ལྟར་མ་བྱེད་རླངས་འཁོར་ཡག་པོར་ཐོངས་ཞེས་བཤད། གཡུ་འབྲུག་གིས་ལག་པ་ཡར་ཙམ་བརྐྱངས་ནས་ཏག་ཏག་འདོད་པའི་གནས་ཀྱི་ཟབ་སར་ཕུར། ཁོང་གཉིས་རླངས་འཁོར་གཏོང་བཞིན་ཡོད་ནའང་བདེ་འཇགས་ལ་གཟབ་ནན་མི་བྱེད་པར་ཆགས་པའི་སྐོར་གྱི་གློག་བརྙན་ཞིག་བལྟས་པ་ལྟར་གཉིས་ཀ་ངོ་གཤིས་ཀྱང་འགྱུར། གཡང་འཛོམས་ཀྱིས་གཡུ་འབྲུག་གི་ལག་པའི་ཐོག་ནས་མར་མནན་ཙམ་བྱས་པས། གཡུ་འབྲུག་དེ་བས་ཅི་ཞིག་མཐོང་འདོད་ལྟར་མདུན་གྱི་ལམ་ལ་ལྟ་ཙམ་དང་ཡང་རང་གིས་ཕུར་བཞིན་པའི་གནས་དེར་ལྟ། ད་ལྟ་གཡང་འཛོམས་ཀྱི་གྱོན་པ་ཅི་ཡང་ཕུད་མེད་པས་གང་ཡང་མཐོང་རྒྱུ་མེད་ནའང་གཡུ་འབྲུག་དེ་བས་དེར་ལྟ་འདོད་ཆེ། དེ་ལྟར་རི་ལུང་དེའི་ཁུག་ཀྱོག་ཅིག་ཏུ་སླེབས་པ་དང་གཡུ་འབྲུག་གིས་ཡར་མར་ལ་མི་ཡོད་མེད་བལྟས་པར་ཅི་ཡང་མེད་པས་དེ་མ་ཐག་ཡུན་རིང་ཞིག་ལ་ཆགས་སྲེད་རོལ་མྱོང་མེད་པ་ལྟར། གཡང་འཛོམས་ཀྱི་ལུས་པོར་འཇུས་ནས་མཆུ་སྦྱོར་བྱེད་བཞིན་གཅིག་གིས་གཅིག་ལ་ཕུར་རེས་དང་གྱོན་པ་རེ་རེ་བཞིན་འཕུད་རེས་བྱས། རླངས་འཁོར་ནང་དུ་དེ་ཙམ་སྟབས་མི་བདེ་ནའང་ཁོང་གཉིས་ཀྱིས་དེ་ཕལ་ཆེར་མི་ཚོར་པ་ལྟར་འདོད་པ་རོལ། ཕྱི་རོལ་གྱི་རླུང་བུའི་ཤུགས་སྒྲ་ཧ་ཅང་ཆེ་བ་དང་ནང་གི་གཡང་འཛོམས་ཀྱི་ཆགས་སྐད་ཀྱིས་གཡུ་འབྲུག་གི་ཚོར་བ་བཀུག་ཡོད་པ་འདྲ། གློ་བུར་དུ་ཆག་སྒྲ་དང་བཅས་ནས་རླངས་འཁོར་གྱི་ཤེལ་བཅགས་པ་དང་དེ་མ་ཐག་སྒོ་ཕྱེས་པས་གཡུ་འབྲུག་གིས་སྒྱིད་ཁུག་བར་དུ་ཕུད་པའི་རྐང་གོས་དེ་ཡང་གྱོན་མ་ཐུབ་པར་དམར་ཧྲེང་དུ་མི་གཉིས་ཀྱིས་མགོ་བོའི་སྐྲ་ནས་འཇུས་ཏེ་ཡར་འདྲུད་པ་དང་མི་ཞིག་གིས་རྡོ་ཞིག་ཀྱང་མགོ་ཐོག་ཏུ་གཞུས་པས་ཁྲག་བཞུར་བཞིན་འདུག གཡུ་འབྲུག་སྐྲག་ནས་ཅི་ཡིན་འདི་ཡིན་མ་རྟོགས་པར་རྐང་གོས་ཡར་འཐེན་བཞིན་མགོ་བོ་དགྱེ་ནས་ལྟ་ཙམ་བྱས་པས་མི་ཞིག་གིས་གཡང་འཛོམས་ཀྱི་སྐྲ་ནས་འཇུས་ཏེ་གཞང་འཚོང་མ་ཞེས་དམོད་བཞིན་སླར་ཡང་གྲི་ཆུང་ཞིག་བཏང་ནས་གཡུ་འབྲུག་གི་ཕྱོགས་སུ་མཆོངས་བྱུང་། གཡུ་འབྲུག་སྐྲག་ཐག་ཆོད་ནས་སྐད་ཀྱང་ཤོར་སོང་། འོན་ཀྱང་། མི་དེ་ཁོའི་རོགས་པ་ཞིག་གིས་བཟུང་བས་ད་གཟོད་གཡུ་འབྲུག་དབུགས་གཏོང་ཐུབ་ཙམ་བྱུང་། གཡུ་འབྲུག་གིས་མི་དེ་གཡང་འཛོམས་ཀྱི་ཁྱོ་ག་ཡིན་པ་ཤེས་པས་དེ་བས་སྐྲག་ནས་སྲོག་ཤོར་མི་ཡོང་ངམ་སྙམ་བཞིན་མཐེབ་མོ་གཉིས་བསྒྲེངས་ནས་ཞུ་བ་འཐེན། ཚུལ་འདི་ནི་འབུ་མེ་ལྕེབས་བཞིན་རང་གི་འདོད་པ་ཉི་ཚེ་བ་ཚིམ་པའི་ཕྱིར་དུ་མེ་ལ་བཅར་ནས་མཐའ་མར་གཅེས་པའི་སྲོག་ཀྱང་ཤོར་འགྲོ་བའི་ལུགས་ལྟར། གཡུ་འབྲུག་གི་ཚེ་སྲོག་མ་ཤོར་ནའང་ཁོས་གོང་ཆེན་སྤྲད་ནས་ཉོས་པའི་རླངས་འཁོར་དེ་བཟའ་ཚང་གི་བར་དུ་འཚངས་པའི་གྱོང་ཚབ་ཏུ་མི་སྤྲོད་ཀ་མེད་བྱུང་། གནས་ཚུལ་དེ་རིམ་བཞིན་མི་ཁ་བརྒྱུད་ནས་ཁྱབ་པས་གཡུ་འབྲུག་ངོ་ཚ་དང་ཕངས་སེམས་ཀྱིས་བློ་འགྱོད་ཀྱིས་ཁེངས། མི་འགས་བཤད་པ་བདེན་ན་གཡང་འཛོམས་བཟའ་ཚང་གཉིས་ཀྱིས་ངན་པ་ལག་འབྲེལ་བྱས་ནས་ཆེད་དུ་གཡུ་འབྲུག་གི་རྒྱུ་ནོར་ལ་དམིགས་པ་རེད་ཅེས་བཤད་ཀྱིན་ཡོད་པས། གཡུ་འབྲུག་གིས་གཡང་འཛོམས་ཁོ་གཉིས་ཀྱི་འདས་དུས་ལ་མི་འདོད་བཞིན་ཕྱིར་དྲན་མི་བྱེད་ཀ་མེད་བྱུང་། ཐོག་མར་གཡུ་འབྲུག་གིས་མགྲོན་ཁང་དུ་འགྲོ་ཞེས་བཤད་པས་གཡང་འཛོམས་ཀྱིས་རི་མགོར་འགྲོ་དགོས་པའི་བཀོད་པ་དང་། ཁོ་གཉིས་ལུས་འབྲེལ་བྱེད་ཐེངས་དང་པོ་ནས་ཁྱོ་གས་ཤེས་པ་དང་ད་དུང་རྗེས་འདེད་གཏོང་སྟངས་སོགས་ཇི་ལྟར་བསམ་བློ་བཏང་ནའང་ཕལ་ཆེར་མི་དེ་དག་གིས་བཤད་པ་ལྟར་རེད་འདུག་སྙམ་པས་དེ་བས་འགྱོད་གདུང་དང་ཁོང་ཁྲོ་ཞིག་ཀྱང་ལངས་མོད། གཡང་འཛོམས་ཀྱི་ཁྱོ་ག་དང་དེའི་ཕྱོགས་ཀྱི་མི་དེ་དག་བཙན་ས་ཞིག་ཡིན་པ་ཤེས་ཡོད་པས་གཡུ་འབྲུག་རང་འགུལ་གྱིས་ཁོང་ཁྲོ་ཉམས། ཉིན་ཤས་རིང་གཡུ་འབྲུག་གི་སེམས་ཁམས་སྐྱིད་པོ་མེད་པ་མ་ཟད་མི་གཞན་དང་གདོང་ཕྲད་བྱ་རྒྱུ་ཡང་ཧ་ཅང་འཚེར་སྣང་ཞིག་ཡོད་པས། གནས་སྐབས་རིང་ལྷོད་ལྷོད་བྱས་ནས་རང་ཉིད་ཀྱི་སེམས་ཁམས་བདེ་ཐབས་བྱེད་བཞིན་ཡོད། རྒྱལ་ཕམ་གཉིས་ཀྱི་སོ་ཁ་ན་འཐབ་བཞིན་པའི་གཡུ་འབྲུག་ལ་མཚོན་ན་འདི་ནི་དངོས་ཡོད་ལ་གདོང་གཏོད་མི་ནུས་པར་གཡོལ་ཐབས་ཙམ་ཞིག་ཡིན་ནའང་། གནས་ཚུལ་དེ་ད་ལྟ་ཚང་མས་ཤེས་ཡོད་པས་ལབ་གླེང་སྣ་ཚོགས་བྱེད་བཞིན་ཡོད་པ་འདྲ། དེ་ལྟར་ཉིན་ཤས་འདས་རྗེས་གཡུ་འབྲུག་ལ་མི་དོང་ལ་ལྷུང་ཁར་མགོ་ལ་རྡོ་གཞུས་པའི་དཔེ་ལྟར་རང་ཉིད་ཀྱིས་ཡིད་ཆེས་བྱས་ནས་དབྱར་རྩྭ་དགུན་འབུ་ཡོད་ཚད་ནར་འགྱངས་བྱས་ནས་བཙོངས་པའི་མྭ་ཞོ་ཡོན་གར་སོང་ཆ་མེད་དུ་གྱུར་བར་མ་ཟད། འབྲེལ་གནས་གང་ཡང་མི་རྙེད་ཅིང་མྭ་ཞོ་ཡོན་གྱི་ངོ་ཤེས་འགར་ཇི་ལྟར་དྲིས་ཀྱང་ཚང་མས་ཧ་མི་གོ་བའི་རྣམ་འགྱུར་བསྟན། གཡུ་འབྲུག་ནི་སྨྱོ་བ་ལྟར་ཡར་རྒྱུག་མར་རྒྱུག་གིས་ཐབས་ཤེས་ཇི་ལྟར་སྤྱད་ཀྱང་མྭ་ཞོ་ཡོན་གྱི་གནས་ཚུལ་ཏོག་ཙམ་ཡང་ཤེས་རྟོགས་མ་བྱུང་།

གཡུ་འབྲུག་གིས་ལོ་མང་ཚོང་གི་ཁེ་བཟང་དང་ད་དུང་གཉེན་ཉེ་སྐོར་ཞིག་གི་དབྱར་རྩྭ་དགུན་འབུ་ཡང་རོགས་པ་བྱས་ནས་ཚང་མ་མྭ་ཞོ་ཡོན་ལ་བཙོངས་ཡོད་པས་དངུལ་ཐོག་ཏུ་བསྒྱུར་ན་གཡང་འཛོམས་བཟའ་ཚང་གཉིས་ལ་ཤོར་བའི་རླངས་འཁོར་ལས་ཀྱང་ལྡབ་ཁ་ཤས་ཀྱིས་མང་། གཡུ་འབྲུག་གི་བློས་མི་ཤོང་བའི་གནས་ཚུལ་ངན་པ་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་བས། ཁོ་པ་སྐད་ཆ་བཤད་སྐབས་ཀྱང་འདར་སྐད་ཅིག་གིས་སྒྲ་གསལ་ལ་མི་གསལ་ཞིག་ཏུ་གྱུར། གནས་བབས་འདི་ལྟར་གྱུར་རྗེས་ད་གཟོད་གྲོགས་པོ་དང་ངོ་ཤེས་དེ་དག་རྒྱང་དུ་བཀྱེད་འགྲོ་བ་མ་ཟད། མངོན་ལྐོག་བརྒྱུད་ནས་གཡུ་འབྲུག་གིས་ཚོང་གི་དོ་དམ་དང་འགྲོ་ལུགས་ཅི་ཡང་མི་ཤེས་ཤིང་། མ་མཐར་ཡང་གན་རྒྱ་ཞིག་ཀྱང་མི་འཇོག་པར་ཡོད་ཚད་ལ་ཡིད་ཆེས་བྱེད་ཀྱིན་ཡོད་པ་སོགས་གང་ལྟར་ཚོང་རྒྱག་ཤེས་མཁན་ཞིག་མ་རེད་ཅེས་བཤད་ཀྱིན་ཡོད།མི་དེ་དག་གིས་བཤད་པའང་བདེན་འདུག་སྟེ། གཡུ་འབྲུག་གིས་ཞུ་གཏུག་རྒྱག་སྐབས་དབྱར་རྩྭ་དགུན་འབུའི་གྲངས་ཀ་དང་དངུལ་གྲངས། མྭ་ཞོ་ཡོན་གྱི་ཁ་པར་ཨང་གྲངས་ཙམ་ལས་གན་རྒྱ་ཕར་ཞོགས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ཀྱང་ཤེས་མེད་པས། དེ་གའི་འགན་ཁུར་མི་སྣས་ཀྱང་སྐྱོན་བརྗོད་དྲག་པོ་བྱས། གཡུ་འབྲུག་གི་ཚོང་ཧ་ལོག་པ་ནི་ཁོའི་མི་ཚེའི་རིན་ཐང་ཡང་ཧ་ལོག་པ་དང་འདྲ་སྟེ། དེ་སྔོན་གཞན་གྱི་སེམས་ནང་གི་གོ་ས་དང་མིའི་འབྲེལ་འདྲིས་ཡོད་ཚད་སྐད་ཅིག་ལ་བརླགས་པ་མ་ཟད། ཐ་ན་གཉེན་ཉེ་དེ་དག་གིས་ཀྱང་གཡུ་འབྲུག་གིས་གཡོ་འཁྲབ་བྱེད་བཞིན་པའི་དོགས་པ་བྱེད་ཀྱིན་ཡོད། མཇུག་འབྲས་སུ་རྒྱལ་ཁ་ཐོབ་མཁན་ཁོ་ནར་གཟི་བརྗིད་ཀྱི་མཚན་སྙན་བསྩལ་བ་དང་རང་ཉིད་ཀྱང་གང་དེའི་གྲུབ་ཆ་ཆུང་ཆུང་ཞིག་གི་རེ་འདོད་འཆང་བཞིན། གོ་རིམ་དང་ཕམ་ཁ་ལ་ནམ་ཡང་དོ་སྣང་དང་དང་ལེན་མི་བྱེད་པའི་ཉེ་འཁོར་གྱི་མི་དག་གི་སྤྱོད་པ་ལ་གཡུ་འབྲུག་གིས་ཞེན་པ་གཏིང་ནས་ལོག་ཡོད་ཅིང་། ཡིད་ཆེས་ཟེར་བ་ཞིག་ཀྱང་སུ་ལའང་བྱེད་མི་རུང་བའི་གདམས་ངག་ཅིག་རྙེད་ཡོད་པ་འདྲ།

དགུན་ཁ་འདིར་ལོ་གཞན་དང་མི་འདྲ་བའི་ལྷགས་རླུང་ཞིག་གིས་གཙེས་པ་ཡིན་མིན་མི་ཤེས་མོད། ནག་ཆུའི་སྲང་ལམ་ཁག་ན་མི་ཡར་འགྲོ་མར་འགྲོ་བྱེད་མཁན་ལྟོས་བཅས་ཀྱིས་བཤད་ན་ཧ་ཅང་ཉུང་ཞིང་ཕལ་ཆེ་བ་རང་ཁྱིམ་དང་ཟ་ཁང་སོགས་དྲོད་ཀྱི་གནས་ན་བཅར་ཡོད་པ་འདྲ། ཡར་འགྲོ་མར་འགྲོ་བྱེད་མཁན་ཁ་ཤས་ཡོད་པ་དེ་དག་ཀྱང་ཕལ་ཆེ་བ་ཁ་དཀྲིས་སོགས་ཀྱིས་ངོ་བཏུམས་ནས་སུ་ཞིག་ཡིན་མིན་ངོས་མི་ཆོད་པའི་ཚད་དུ་ཐོན། མ་གཞི་འདི་ནི་རྒྱུན་ལྡན་ཞིག་ཡིན་མོད་གཡུ་འབྲུག་ལ་མཚོན་ན་དེ་ལྟར་མ་ཡིན་ཏེ་རང་ཉིད་ལས་གཡོལ་བའམ་འབྲེལ་འདྲིས་བྱེད་མི་འདོད་པའི་ཚོར་བས་མནར། ཉིན་འདི་དག་གཡུ་འབྲུག་གིས་མཐོང་བའི་ཕྱི་རོལ་གྱི་རྣམ་པ་ནི་ནམ་རྒྱུན་དང་མི་འདྲ་བར། ཡོད་ཚད་རང་ཉིད་དང་རྒྱང་ཐག་ཧ་ཅང་རིང་ཞིང་གོམས་འདྲིས་ཅི་ཡང་མེད་པའི་ཁོར་ཡུག་ཏུ་འགྲོ་བཞིན་པའི་སྣང་བས་ཁྱབ། གཡུ་འབྲུག་བློ་ཕམ་ཆེན་པོས་རོགས་མེད་ཁེར་རྐྱང་ངང་སྲང་ལམ་ཁག་ན་ཅི་ཞིག་བརླགས་པ་ལྟར་བྲེལ་འཚུབ་ཆེན་པོས་རྒྱུག་བཞིན་པའི་སྐབས་ཐལ་རླུང་ཤུགས་ཀྱིས་ལྡང་བར་མདུན་དུ་བགྲོད་དཀའ་བས་ཁ་ཕྱིར་བསྐོར་ནས་ཙོག་གེར་ལངས་ནས། ནམ་མཁར་ལྟ་ཙམ་བྱས་པས་ཉི་འོད་ཀྱང་སྤྲིན་རྡུལ་མཐུག་པོ་ཞིག་གིས་བསྒྲིབས་ཡོད་པ་མཐོང་བས་གནམ་གཤིས་ཀྱིས་ཀྱང་ང་ལ་གནད་བྱེད་ཀྱིན་འདུག་ཅེས་ཆིག་ལབ་ཤོར། མུ་མཐུད་དུ་མདུན་གྱི་ཉེས་རྟོག་རུ་ཁག་ཏུ་ཉིན་ཤས་གོང་དུ་རང་ཉིད་ཀྱིས་ཞུ་གཏུག་བརྒྱབ་པའི་དོན་དེའི་སྐོར་འདྲི་བར་སྐྱོད་བཞིན་མྭ་ཞོ་ཡོན་ནམ་ཡང་རྙེད་རྒྱུ་དཀའ་ཨང་སྙམ་ནས་སེམས་ཁྲལ་གྱིས་གཡས་གཡོན་ལ་དོ་སྣང་ཅི་ཡང་མ་བྱས་པར་ལམ་སུམ་མདོ་ལས་སྐྱོད་བཞིན་སྐབས། གློ་བུར་དུ་རླངས་འཁོར་ནག་པོ་ཞིག་ཚོད་མ་ཐུབ་པར་པིན་པིན་ཞེས་སྒྲ་དང་བཅས་བརྡུངས་པས་གཡུ་འབྲུག་གོམ་པ་ལྔ་དྲུག་གི་མཚམས་ནས་འཕངས། ཁོ་པ་དྲན་པ་ལས་སོས་དུས་སྨན་ཁང་དུ་འབྱོར་ཟིན་ཞིང་སྨན་པ་དག་གིས་བརྟག་དཔྱད་བྱེད་བཞིན་འདུག དེ་མ་ཐག་གཡུ་འབྲུག་གིས་རང་ཉིད་ཅི་ཞིག་བྱུང་བར་མི་འདྲི་བར་ང་ཉེས་རྟོག་རུ་ཁག་དེར་འགྲོ་དགོས་ཡོད་ཅེས་བཤད་པས། རླངས་འཁོར་གྱི་ཁ་ལོ་བ་དེ་ཅུང་དངངས་སྐྲག་གི་ཚུལ་གྱིས་དེ་འདྲ་མ་ཤོད་དང་ང་གཉིས་ནང་འགྲིག་བྱ་ཆོག་ཅེས་བཤད། གཡུ་འབྲུག་གིས་དེར་དོ་སྣང་མི་བྱེད་པར་ངའི་ལག་པ་འདི་ན་ཟུག་གཏོང་གིན་འདུག་ཅེས་སྨན་པར་བལྟས་ནས་བཤད། སྟབས་ཡག་པ་ཞིག་ལ་གཡུ་འབྲུག་གི་ལག་པ་གཡོན་པའི་རུས་པ་རྨས་སྐྱོན་ཅུང་ཙམ་བྱུང་བ་ལས་གཞན་གྱི་གནོད་སྐྱོན་ཆེན་པོ་མ་བཟོས། འོན་ཀྱང་། གཡུ་འབྲུག་གི་སེམས་སུ་དགུན་ཁ་འདིར་རང་ཉིད་རླུང་རྟ་རྒུད་ཅིང་ལས་དབང་གིས་མནར་གཅོད་གཏོང་བཞིན་འདུག་སྙམ་བཞིན་སེམས་ཁྲལ་ཆེན་པོས་མགོ་བོ་ལག་མཐིལ་ལ་བཞག་ཅིང་མིག་བཙུམས་ནས་བསྡད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།