ཀྲུང་གོ་བོད་ཀྱི་དྲ་བ།

ཆར་གདུགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དུང་བུ་ཆོས་འབུམ་རྒྱལ།   སྤེལ་དུས། : 2019-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཕྱོགས་བཞི་ཤེལ་གྱིས་བསྐོར་ཞིང་མཐའ་འཁོར་ཤེལ་ལས་གསལ་བའི་གློག་སྐས་བརྒྱུད་ནས་ཡར་ལ་ཆས་དུས།གློ་བུར་དུ་ཆར་བ་ཤག་ཤག་བབས་བྱུང་།དངོས་ཡོད་ཀྱི་སྲང་ལམ་འདི་ལ་མཚོན་ན་འུར་ཟིང་གི་སྐད་སྒྲ་ཤག་སྒྲ་རུ་བསྒྱུར་པ་ཙམ་ལས་ཅི་ཡང་མིན།མི་ཚོགས་ཀྱི་འདུ་འཛི་སྔར་བཞིན་རྒོད་ཨང་།

ཆར་གདུགས་རེ་རེ་གྲུ་ཆུང་རེ་རེ་ལྟར།བར་སྣང་གི་རྒྱ་མཚོ་ཆེན་མོ་རུ་མི་གཅིག་ཁྲིད་ནས།མི་གཉིས་ཁྲིད་ནས་ཡམ་ཡོམ་ངང་གང་ལ་འགྲོ་བཞིན་ཡོད་དམ།གློག་སྐས་ལས་མར་ལ་ལྟ་བ་ནི་མཚོ་ཞབས་ནས་ཡར་ལ་བལྟས་པ་ལྟར།ཆར་གདུགས་ཀྱི་རྒྱབ་ནི་མཚོ་གྲུའི་ཞབས་ཡིན་ན།ངས་གྲུ་ནང་དུ་སུ་ཞིག་ལྷུང་ཡོད་པ་ག་ལ་ཤེས་སྲིད།ཤེས་མི་སྲིད།མི་རེ་རེ་ནི་གཡོར་ཤིང་རེ་རེ་ལྟར།ལས་དབང་གི་རླུང་བུ་རྒྱུ་ཕྱོགས་ལྟར་རྒྱང་ལ་ཆས།

མི་མང་པོ་གྲུ་མང་པོ་ལྟར་ཕར་བཞུར་ཚུར་བཞུད།ཁྱོད་ཀྱིས་ཆར་གདུགས་བཟུང་མེད་པར་ཚུར་ལ་ཡོང་བ་མཚོ་ལ་ལྷུང་བ་ལྟར།གོམ་པ་སྤོ་བ་ནི་ཆུ་ལ་རྐྱལ་བ་དང་འདྲ་བྱུང་།ཆུ་ནི་གཞན་མ་ཡིན་པར་མི་དང་མིའི་བར་ཐག་དེ་རེད།མི་དང་དངོས་པོའི་བར་ཐག་དེ་རེད།ཁྱོད་ཀྱིས་ང་དང་ཁྱོད་ཀྱི་བར་ཐག་དེ་རྒལ་གྱིན།ཁྱོད་དང་གཞུང་ལས་ཁང་གི་བར་ཐག་དེ་རྒལ་གྱིན་གང་ལ་འགྲོ་རྩིས་ཡིན།

“ཁོས་དེ་རིང་ཡང་ཆར་གདུགས་བཟུང་མི་འདུག”སྙམ་ནས་སྐད་འཕྲིན་ལ་གཡེང་དུས།ང་གློག་སྐས་ནང་ན་ཡར་འགྲོ་བཞིན་ཡོད།བརྩེགས་རིམ27པར་འགྲོ་བཞིན་ཡོད།བརྩེགས་རིམ27པར་འགྲོ་བ་ནི་ནར་སོན་པ་དང་འདྲ།ལམ་བར་ནས་སྐད་འཕྲིན་གྱི་བར་སྟོང་དུའང་ཆར་བ་དང་འབྲེལ་བའི་སྐད་ཆ་ཐན་ཐུན་བབས་བྱུང་།ཆར་བའི་རི་མོ་བསྣམས་པའི་པར་རིས་སྣ་ཚོགས་བབས་བྱུང་།ད་དུང་ཆར་ཞོད་ཀྱི་རློན་དྲི་བསྒོས་པའི་གླུ་གཞས་རེ་འགའ་འང་བབས་བྱུང་།

ཆར་བ་འབབ་ཐེངས་འདི་ནི།ང་ལོ་ན་བདུན་ལ་སོན་དུས་ཀྱི་ཉིན་མོ་དེ་དང་འདྲ་བར་སྣང་།ཉིན་མོ་དེར་ཡང་དེ་རིང་དང་མཚུངས་པར་ཆར་བ་ཤག་ཤག་འབབ་ཀྱིན་ཡོད།ཆར་བ་ཤག་ཤག་འབབ་པའི་ཁྲོད་དུ་ཨ་ཕས་འཕྲུལ་རྟ་ནག་པོ་ཞིག་བཞོན་ནས་ང་རང་སློབ་གྲྭར་བསྐྱལ་བ་རེད།དེ་ནི་ང་རང་འཇིན་རྟེན་གཞན་ཞིག་འགྲིམས་པའི་ཉིན་མོ་ཡིན།ཉིན་མོ་དེ་ནས་བཟུང་།ངས་ཆར་གདུགས་ཆུང་ཆུང་ཞིག་བསྣམས་ནས་ཨ་ཕའི་རྒྱབ་གཟུགས་ལ་སྐྱེལ་མ་དང་ཨ་མའི་ལག་བརྡ་ལ་ཨ་ལན་བྱིན་ནས་རང་ཁྱིམ་དང་འཇིག་རྟེན་གཞན་ཞིག་གི་བར་ནས་ཕར་འགྲོ་ཚུར་འོང་བྱས།དེ་དུས་ཀྱི་ཆར་བ་ཧ་ཅང་གཉོམ་མོད་ཞེ་ལ་འཁྱགས་ཨང་།

ཆར་བ་འབབ་པ་ནི་ནར་སོན་པ་དང་འདྲ་ཨང་།ངའི་མི་ཚེའི་དཀྱོག་མཚམས་སུ་གྱུར་པའི་སྟོན་ཁ་དེར་ཡང་ཆར་བ་བབས་བྱུང་།དེ་ནི་ང་རང་ལོ་ན་བཅུ་གཉིས་ལ་སོན་དུས་ཏེ།དམའ་འབྲིང་ལ་ཞུགས་པའི་ཉིན་མོའོ། །

ཉིན་མོ་དེའི་ཆར་བ་ཤག་ཤག་གིས་འཇིག་རྟེན་འདི་རྒྱུས་མེད་དུ་བཏང་བས།ངས་ཡང་བསྐྱར་རང་ཁྱིམ་དང་འཇིག་རྟེན་གཞན་ཞིག་གི་བར་ལ་འབྲེལ་ཟམ་བཙུགས།ཕར་འགྲོ་ཚུར་འོང་ངང་།ངས་རང་ལུས་ཀྱི་འགྱུར་བ་དང་རང་སེམས་ཀྱི་འཁོར་ཕྱོགས་མང་པོ་འགྱུར་བཞིན་པ་ཚོར།ངས་ང་བུད་མེད་ཅིག་ཡིན་པ་ཚོར།དེ་ནི་ངས་རང་ཁྱིམ་དང་འཇིག་རྟེན་གཞན་བར་གྱི་འགྲོ་འོང་ལས་རྙེད་པའི་གནས་ལུགས་དང་པོ་དེ་ཡིན།དོན་དག་དེའི་རྗེས་ནས།ཆར་བ་འབབ་པ་ནི་ང་དང་མཉམ་དུ་ནར་སོན་པ་ལྟར་ངའི་མི་ཚེའི་དབྱར་གཞུང་རེ་རེ་ལ་རྒྱུན་ཆད་མེད་ནའང་།ཕར་འགྲོ་ཚུར་འོང་བྱེད་སའི་འཇིག་རྟེན་གཞན་དེ་རབ་རིབ་མག་མོག་ངང་རྒྱང་ལ་ཡལ་ཞིང་།ཤུལ་དུ་ལྷག་པ་ནི་ང་གཅིག་པུ་དམིགས་མེད་ངང་ཕར་འགྲོ་ཚུར་འོང་བྱེད་ཀྱིན་པའི་སྣང་ཚུལ་ལོ། །དེ་ནི་ངའི་མཐོ་འབྲིང་དང་སློབ་ཆེན་ཕྱིར་དྲན་གྱིས་སྟོང་ཞིང་རྒྱུས་མེད་དུ་གྱུར་པས་ཡིན་སྲིད།དེ་ལྟར་མིན་ཚེ་ད་ལྟ་ད་དུང་ཡང་རང་ཉིད་གཅིག་པུ་ཕར་འགྲོ་ཚུར་འོང་ངང་འཚོ་ག་ལ་སྲིད།ཕྱོགས་བཞི་ཤེལ་གྱིས་བསྐོར་ཞིང་མཐའ་འཁོར་ཤེལ་ལས་གསལ་བའི་གློག་སྐས་འདི་བརྒྱུད་ནས་ང་གང་ལ་འགྲོ་བཞིན་ཡོད་དམ།ངས་ཀྱང་མི་ཤེས།དྲན་པ་ཉག་ཉོག་ལ་གཡེང་ཚེ།ང་རང་ཐོག་བརྩེགས་ཉེར་བདུན་པར་འགྲོ་བ་ནི་ལོ་ན་ཉེར་བདུན་གྱི་བར་དུ་ནར་སོན་པ་དང་ཧ་ཅང་འདྲ།

སྐབས་འདིར།ང་རང་ཏག་ཏག་བརྩེགས་རིམ་བཅུ་གཉིས་ལས་བརྒལ་མི་འདུག བརྩེགས་རིམ་བཅུ་གཉིས་ལས་ཕྱོགས་བཞི་ཤེལ་གྱིས་བསྐོར་ཞིང་མཐའ་འཁོར་ཤེལ་ལས་གསལ་བའི་གློག་སྐས་འདི་བརྒྱུད་ནས་མར་ལ་བལྟས་ན་ཆར་གདུགས་བཟུང་བའི་མི་དག་ཇེ་ཆུང་དུ་གྱུར་འདུག དེ་ནི་ནར་སོན་གྱི་གོ་རིམ་ཁྲོད་མི་དག་རང་ཉིད་ལ་འབྲེལ་བ་མེད་པར་འགྱུར་བ་དང་འདྲ་ཨང་།ཐང་ན་འདུར་བའི་མི་ཚོགས་གན་ནི་ང་ལ་དངོས་གནས་འབྲེལ་བ་མེད་པར་གྱུར་ནས་ལོ་མང་པོ་འགོར་སོང་།དེ་ནི་ང་རང་ལོ་ན་ཉི་ཤུར་བུད་ནས་ལོ་མང་པོ་འགོར་བ་ལྟར།ཡོད་ཚད་རྒྱུན་ལྡན་དུ་གྱུར་ཟིན།ཐང་ན་འདུར་བའི་མི་ཚོགས་རང་རང་གི་ཁ་པར་ལ་གཡེང་ནས།རང་རང་གི་ནང་སེམས་ལ་གཡེང་ནས་ཕར་འགྲོ་ཚུར་འོང་།ང་ཡང་ཁོ་ཚོ་དང་འདྲ་བར་རང་གི་ཁ་པར་ལ་གཡེང་ནས་འགྲོ་བཞིན་ཡོད།

“ཆར་བ་འདིའི་རྗེས་ལ་ངས་ཁྱོད་ཀྱི་འཇའ་ཚོན་བསྐུངས་ཡོད།”བདེན་པ་ཡིན་ནམ།འཇའ་ཚོན་དེའི་རྗེས་ནས་དྲག་ཆར་བབས་བྱུང་བ་དྲན་ན།མི་འདི་ད་རུང་ལོ་ཆུང་ངམ།ན་གཞོན།ཁོ་ལོ་ན་ཉི་ཤུའི་སྐབས་ཀྱི་ང་དང་ལྷན་དུ་ནར་སོན་གྱིན་པ་འདྲ།རེད།ཁོ་སློབ་མ་ཨ་ཀུན་རེད།དངོས་སྦྱོང་གི་སྐབས་སུ་ངོ་ཤེས་པ་ཡིན།དེ་དུས་ཁོ་མཐོ་གསུམ་གྱི་སློབ་མ་ཞིག་རེད།བརྩེ་དུངས་ལ་ཚོར་བ་རྣོ་དུས་རེད།སྐད་ཆ་འདིར་དཔགས་ན།ད་ནི་ཁོའི་ཚོར་བ་རྣོན་པོ་མདའ་དང་འདྲ་བར་ང་ལྟ་བུའི་བུ་མོ་ཞིག་གི་ལུས་ལ་ཟུག་ཚར་ཞིང་སྣེ་གཅིག་རང་གི་ལུས་ལ་ཟུག་ལ་ཉེ་དུས་རེད།བུ་མོ་དེ་སུ་ཡིན་ནམ།ངོ་ཤེས་ཤིག་ཡིན་ནམ།ངས་ཁོའི་སྐད་འཕྲིན་གྱི་རྒྱབ་ལྗོངས་ས་སློག་རྡོ་སློག་བྱས་མོད།བུད་མེད་ཀྱི་འདྲ་པར་གཅིག་ཀྱང་མཐོང་མ་བྱུང་།སྐད་འཕྲིན་གྱི་རྒྱབ་ཏུ་པར་གཅིག་ཀྱང་བཞག་མེད་པ་འདིས་ང་ལ་དོགས་པ་སྐྱེ་རུ་བཅུག ཁོས་ཆར་བ་འབབ་ཐེངས་འདི་དང་བསྟུན་ནས་བུ་མོ་ཞིག་ལ་ཁ་ཡག་བཤད་ཀྱིན་ཡོད་དམ།ཁོའི་བྱ་བྱེད་འདི་ང་ལོ་ན་ཉི་ཤུའི་དུས་ཀྱི་མི་ཚེ་དང་བསྣོལ་ནས་མཉམ་དུ་ནར་སོན་གྱིན་པ་འདྲ།ང་ལོ་ན་ཉི་ཤུའི་སྐབས་ཀྱི་ཆར་བ་འབབ་དུས་ཤིག་ལ་དབང་ཆེན་གྱིས་དགུ་ཆུའི་འགྲམ་གྱི་ཞིང་ཁ་དེ་ནས་ང་ལ་བཙན་གྱིས་འོ་བྱས་ཤིང་།“ང་ནི་ཁྱོད་དང་ལྷན་དུ་ཆར་བ་འདིས་བརླན་ན་བསམས།ང་ནི་ཁྱོད་དང་ལྷན་དུ་མི་ཚེ་གང་པོར་སྐྱིད་སྡུག་གི་ཆར་བ་ཡིས་བརླན་ན་བསམས”ཞེས་བརྩེ་དུངས་ཀྱི་སེམས་པ་སྙན་ཚིག་གི་སྦྲང་རྩིས་གསོས་ཏེ་ཁོས་ཕྱི་རོལ་གྱི་ཆར་གྱིས་མ་སོད་པའི་ངའི་ནང་སེམས་ཀྱི་མེ་ལྕེ་དམར་པོར་ཕུ་བརྒྱབ་ཅིང་།མེ་ལྕེ་དེའི་ངོགས་ནས་ཁོས་རང་གི་ལུས་སེམས་གཉིས་ཀ་བསྲོས་ཤིང་།མེ་ལྕེ་དེའི་ངོགས་ནས་ཁོས་ང་ཡི་ལུས་སེམས་གཉིས་ཀ་བུས་ཏེ།རེབ་གོང་གི་མགྲོན་ཁང་ཞིག་མེ་རུ་བསྒྲོན་ཅིང་།བརྩེ་དུངས་ཀྱི་མེ་སྐྱོན་དེའི་ཁྲོད་ནས་ངས་རང་ལ་སྐྱེས་པའི་མེ་ཏོག་དམར་པོ་བོར་སོང་།ངས་རང་ལ་དབང་བའི་མཁུར་ཚོས་དམར་པོ་བོར་སོང་།བོར་སྟོར་དེའི་རྗེས་ནས།ཚུར་ལ་བལྟས་ཚེ།ལོ་ན་ཉེར་བདུན་གྱི་ཚུར་རོལ་འདིར་བལྟས་ཚེ།གཏམ་རྒྱུད་གང་མང་ཞིག་ང་དང་ཨ་ཀུན་གྱི་བར་ན་བསྐུངས་ཡོད་པ་ལྟར།ཨ་ཀུན་གྱི་བྱ་བྱེད་འདི་ང་ལོ་ན་ཉི་ཤུའི་དུས་ཀྱི་མི་ཚེ་དང་བསྣོལ་ནས་ནར་སོན་དགོས་ཚེ།བུ་མོ་ཞིག་གིས་ཆར་བ་འདིའི་རྗེས་ལ་ཁོས་འཇའ་ཚོན་བསྐུངས་ཡོད་པར་བསམས་ཏེ།ནོར་འཁྲུལ་གྱི་རྨ་ཁ་མིག་ཆུས་སུབ་ཀྱིན།ཡང་བསྐྱར་མགྲོན་ཁང་ཞིག་ཏུ་ཐོན་ལ་ཉེ་བས།ཆར་བ་ཤག་ཤག་འབབ་དུས་འདིར་མོས་ཆར་གདུགས་ཤིག་བཟུང་ཡོད་པ་ཁོ་ཐག་ཡིན།མོའང་བར་སྣང་གི་རྒྱ་མཚོ་ཆེན་པོ་འདི་ནས་རླུང་གིས་ཁྲིད་པའི་གྲུ་ཆུང་ཞིག་ལྟར།སྐྱེས་པ་ཞིག་གི་གམ་ལ་འབྱོར་ངེས།སྐྱེས་པ་དེ་སུ་ཡིན་ནམ།སྐྱེས་པ་དེ་ཨ་ཀུན་ཡིན་ཆོག་ལ་མིན་ཡང་ཆོག གང་ལྟར་མོ་སྐྱེས་པ་དེ་ལ་གླན་ཐེངས་རེ་རེ་ནི།མི་ལུས་གཡར་མའི་བཙོན་ཁང་གཉིས་ལྷན་དུ་བསྡད་པ་ལྟར།ཡ་ཆུང་གི་སྙིང་ཆུང་དམར་པོས་ཇི་ལྟར་དཔྱངས་ཀྱང་ལྷན་དུ་འདུག་པའི་ལས་དབང་ལས་གཅིག་ཏུ་འདྲེས་པའི་སྐལ་བ་ཞིག་ཡོད་པ་མ་ཡིན།བརྩེ་དུངས་ཀྱི་འཁྲུལ་སྣང་སེམས་ལ་ཞུགས་པས།མོས་ཀྱང་ལོ་ན་ཉེར་གཉིས་སྐབས་ཀྱི་ང་རང་ལྟར་བར་ཐག་གི་ལྕགས་དྲ་ནག་པོ་དེ་ག་ལ་མཐོང་སྲིད།

མཐོང་མི་སྲིད།བར་ཐག་གི་ལྕགས་དྲས་ཆོད་པའི་ལུས་པོ་གཉིས་ལྷན་དུ་སྦྱར་ནས་ཁེར་རྐྱང་གི་མགྲོན་ཁང་ཆེན་པོ་ཞིག་ཡང་བསྐྱར་འདོད་སྲེད་ཀྱི་མེ་ལ་བསྒྲོན་ཅིང་།འཁྲུག་སྤྱོད་ཀྱི་རླུང་གིས་བསྒུལ་རྗེས།ཨ་ཀུན་གྱི་ལུས་ལ་ཟུག་པའི་བརྩེ་དུང་གི་མདའ་སྣེ་རྣོན་པོ་རྩ་བ་ནས་འགུལ་བར་བྱེད་ཅིང་།དེ་ནི་ཞེན་ཆགས་ཤིག་སེམས་ནས་ཡལ་བ་ལྟར།མི་འགྱངས་པར་ཐང་ལ་ལྷུང་སྲིད།དེ་དུས་བརྩེ་དུངས་དང་མདའ་མོ།ན་ཟུག་བཅས་ནི་ཁོ་ལ་འབྲེལ་བ་ཡོད་དམ།ངས་ཀྱང་མི་ཤེས།ངས་ཤེས་པ་ནི་བུ་མོ་དེའི་ལུས་ལ་ཟུག་པའི་བརྩེ་དུང་གི་མདའ་སྣེ་རྣོན་པོ་སླར་ཡང་གཏིང་ལ་ཟུག་ནས་ཤ་ལ་འདྲེས་སྲིད་པས།ལྷན་འཛོམས་ཀྱི་མགྲོན་ཁང་དམར་པོའི་ཕྱི་རོལ་ན།ཡང་ན་ལྷན་འཛོམས་ཀྱི་བཙོན་ཁང་ནག་པོའི་ཕྱི་རོལ་ན།སུ་ཞིག་ལ་སྲོག་ཆད་ཕོག་པ་ང་ལ་གསལ་ལོ། །ཡང་ན་ཨ་ཀུན་གྱིས་སྐད་འཕྲིན་དུ་སྤེལ་བའི“ཆར་བ་འདིའི་རྗེས་ལ་ངས་ཁྱོད་ཀྱི་འཇའ་ཚོན་བསྐུངས་ཡོད”ཅེས་པའི་ཚིག་ཐུང་འདིར་གསལ་ལོ། །ཆར་བ་དེའི་རྗེས་ལ་འཇའ་ཚོན་བསྐུངས་མེད་པ་ཤེས་དུས།ང་ལོ་ཉེར་གཉིས་རེད།ལོ་ཉེར་གཉིས་ཀྱི་སྐབས་ནི་ངའི་མིག་ཆུ་ལ་ཚོར་ཤེས་སྐྱེན་དུས་རེད།ན་ཟུག་གི་རྣམ་འགྱུར་ཕྲན་བུ་དང་ངུ་སྐད་ཀྱི་འདེགས་འཇོག་ཐོར་བུས་ངའི་མིག་ཆུ་ཕྱི་ལ་འབོད་ཐུབ་ཅིང་།ཕྱི་ལ་བོས་ནས་ཀྱང་ངའི་ངོ་གདོང་ཧྲིལ་པོ་སྡུག་གི་ཆར་བས་བརླན་པ་ཐེངས་གཅིག་ག་ལ་ཡིན།

ཆར་བ་ཤག་ཤག་གི་སྐབས།དབང་ཆེན་དང་ངེད་གཉིས་ཆར་གདུགས་གཅིག་ལ་འཛུལ་ནས་འཛུམ་པའི་སོ་དཀར་སྟོན་བཞིན་སློབ་ཁང་ནས་དཔེ་ཁང་དང་།དཔེ་ཁང་ནས་ཇ་ཁང་གི་བར་དུ་སོང་བ་ཧ་ཅང་མང་།དེ་དུས་འབྲེལ་བ་ཉག་གཅིག་ཡོད་པ་ནི་དབང་ཆེན་ཡིན་ལ།དབང་ཆེན་གྱིས་བཤད་པའི་སྐད་ཆ་རེ་རེ་ཡིན།དབང་ཆེན་གྱིས་བསྟན་པའི་རྣམ་འགྱུར་རེ་རེ་ཡིན།རྒྱུ་རྐྱེན་དེའི་དབང་གིས་རང་སེམས་ལ་སྨྲེང་བ་འཐིབས་ནས་མིག་ཟུང་ལས་མཆི་མ་བརྡོལ་བ་ནི་ཆར་བ་འབབ་སྟངས་ཤིག་ཏུ་འཁྲུལ་བས།ངའི་བག་ཆགས་ཁྲོད་ཀྱི་ཆར་བའི་སྣང་ཚུལ་འགྱུར་སོང་ལ།ངས་ངོས་འཛིན་བྱས་པའི་ཆར་བའི་སྣང་བརྙན་འགྱུར་སོང་།དེ་ལྟར་དགའ་སྐྱོ་རེས་མོས་ངང་།ངའི་སྣང་ངོར་ཕྱི་རོལ་གྱི་ཆར་བ་འབབ་མཚམས་བཞག་ཅིང་།ཡང་ན་ཇི་ལྟར་བབས་ཀྱང་རང་ལ་འབྲེལ་བ་མེད་པར་གྱུར།ཕྱི་རོལ་གྱི་ཆར་བ་སྣང་མེད་དུ་གྱུར་ནའང་།དབྱར་ཁ་སླེབས་ཐེངས་རེར་སྔར་བཞིན་ཤག་ཤག་ངང་འབབ་ཀྱིན།རྒྱང་རིང་རྒྱང་རིང་ཞིག་དྲན་པར་བྱེད་པས།རྒྱང་རིང་རྒྱང་རིང་དེ་ནི་ངས་མིག་ཆུ་ཆར་བ་རུ་སྣང་བའི་ཕྱིར་དྲན་ཞིག་གོ། །ཕྱིར་དྲན་དེ་ནས་བརྩམས་ཏེ་ངས་རང་གི་ན་ཟུག་དང་མིག་ཆུ་ནི།ང་དང་ཆར་བའི་འབྲེལ་བ་ལྟར།ང་དང་དབང་ཆེན་གྱི་འབྲེལ་བ་ལྟར།ཡུན་གྱིས་ཡུན་གྱིས་རྒྱུས་མེད་དུ་གྱུར་པ་དྲན།ན་ཟུག་གི་རྣམ་འགྱུར་ཅི་འདྲ་རྒོད་ཀྱང་ངུ་སྐད་ཀྱི་འདེགས་འཇོག་ཅི་འདྲ་བཙན་ཡང་།སེམས་ཀྱི་གཏིང་ལ་སྐམ་ཞིང་ལུས་ཀྱི་ཟབ་སར་གཉིད་པའི་མིག་ཆུའི་ཆར་བར་གཡོ་འགུལ་མེད་པ་དང་བསྟུན།ང་རང་ལོ་ན་ཉེར་ལྔར་སོན་ཞིང་།ང་འབྲུག་ལོ་ཟེར་བའི་གསར་བུ་སྣང་ཡངས་དེ་ལ་འགྲོགས་རན།ཁོོ་དང་མཉམ་དུ་སློབ་ཆེན་འཚོ་བ་ཕར་ལ་བསྐྱལ་ཚར།མགྲོན་ཁང་དང་འཁྱམས་ཉུལ།སྲང་ལམ་དང་ཁོ་ཧྥེ་ཁང་།དཔེ་ཁང་དང་གློག་བརྙན་ཁང་།ཟ་ཁང་དང་སྤྱི་གླིང་སོགས་ནི་ང་ལ་རྒྱུས་ཡོད་དུ་གྱུར།རྒྱུས་ཡོད་དུ་གྱུར་པའི་བྱ་དངོས་འདི་དག་ཆར་བའི་ཤག་སྒྲའི་ཁྲོད་ནས་ཡང་ཡང་མངོན་ཐེངས་རེར།ངས་ཀྱང་མི་གཞན་དང་འདྲ་བར་དེ་དག་གི་སྒོ་ཁ་ནས་ཆར་གདུགས་བཟུང་སྟེ་ཕར་འགྲོ་ཚུར་འོང་བྱས་མྱོང་།

སློབ་མཐར་ཕྱིན་རྗེས།འབྲུག་ལོ་ཕ་ཡུལ་གྱི་གཞི་རིམ་ཞིག་ཏུ་ལྷུང་ཞིང་།ཕ་ཡུལ་གྱི་གཞི་རིམ་ཞིག་ལ་བབས་པའི་ཆར་བ་ཞིག་ལྟར།ང་ལ་འབྲེལ་བ་ཅི་ཡང་མེད་པར་གྱུར།ང་ཡང་གྲོང་ཁྱེར་འདིའི་ལུགས་གསར་ཐོག་ཁང་གི་བརྩེགས་རིམ་ཉེར་བདུན་ན་ཡོད་པའི་ཡུལ་སྐོར་ཀུང་སི་ཞིག་གི་ནང་ལ་ལྷུང་ཞིང་།ཕྱི་རོལ་གྱི་ཆར་བ་ལ་འབྲེལ་བ་མེད་པར་གྱུར།

ད་ནི་ཏག་ཏག་ང་རང་ལོ་ན་ཉེར་བདུན་ལ་སོན་པ་ལྟར་ཐོག་བརྩེགས་ཉེར་བདུན་པར་སླེབས་བྱུང་།ནར་སོན་པ་ནི་ཅི་འདྲའི་མགྱོགས་པ་ལ་ཨང་།ང་གློག་སྐས་ལས་བུད་ནས་གཞུང་ལས་ཁང་ལ་སོང་།གཞུང་ལས་ཁང་ན་མི་གཅིག་ཀྱང་མི་འདུག སྟོང་ལྷང་ངེར་ཡོད་པའི་གཟའ་མཇུག་གི་ཁང་མིག་འདི་ནི་ཞི་ཞིང་འཇགས་ཨང་།བརྟན་བརླིང་གསལ་དག་ངང་ཡོད་པའི་ཅོག་ཙེ་རེ་རེ་དང་།དེའི་ཐོག་གི་རྩིས་འཁོར་རེ་རེ།དེའི་མཐའ་ཡི་དཔེ་དེབ་རེ་རེ་གཟབ་ནན་ངང་ཡོད་ནའང་།སྟོང་འཇགས་ཀྱི་ཁང་མིག་འདི་ལ་འབྲེལ་བ་ཅི་ཡང་མེད་པ་ནི།ངའི་ལོ་ན་ཉེར་བདུན་གྱི་ལོ་ཟླ་འདི་སུ་ལའང་འབྲེལ་བ་མེད་པ་དང་འདྲ་བྱུང་།

ངས་གློག་གསོག་སྐུད་པ་བླངས་རྗེས།ཕྱིར་ལ་ཆས་པ་ཡིན།ཐོག་བརྩེགས་ཉེར་བདུན་ལས་ཐང་ལ་འབབ་པའམ་གློག་སྐས་ལ་སྒུག་པ་ནི་ཕྱིར་དྲན་ཡོད་ཚད་ལས་སྙིགས་ཏེ་ལོ་ན་ཉེར་བདུན་གྱི་མཐིལ་ལ་འབབ་པ་ལྟར།ད་ལྟ་བ་ནི་རེ་སྒུག་གིས་བརྒྱལ་སོང་ངམ།རྨི་ལམ་ལྟ་བུའི་མངོན་སུམ་གྱི་གློག་སྐས་ལ་བུད་རྗེས།ཕྱི་རོལ་ན་སྔར་བཞིན་ཆར་བ་ཤག་ཤག་འབབ་ཀྱིན།ཆར་གདུགས་བཟུང་བའི་མི་དག་ཕར་འཁུར་ཚུར་འཁུར་བྱེད་ཀྱིན་འདུག

ཆར་གདུགས་རེ་རེ་གྲུ་ཆུང་རེ་རེ་ལྟར།བར་སྣང་གི་རྒྱ་མཚོ་ཆེན་མོ་རུ་མི་གཅིག་ཁྲིད་ནས།མི་གཉིས་ཁྲིད་ནས་ཡམ་ཡོམ་ངང་གང་ལ་འགྲོ་བཞིན་ཡོད་དམ།གློག་སྐས་ལས་མར་ལ་ལྟ་བ་ནི་མཚོ་ཞབས་ནས་ཡར་ལ་བལྟས་པ་ལྟར།ཆར་གདུགས་ཀྱི་རྒྱབ་ནི་མཚོ་གྲུའི་ཞབས་ཡིན་ན།ངས་གྲུ་ནང་དུ་སུ་ཞིག་ལྷུང་ཡོད་པ་ག་ལ་ཤེས་སྲིད།ཤེས་མི་སྲིད།མི་རེ་རེ་ནི་གཡོར་ཤིང་རེ་རེ་ལྟར།ལས་དབང་གི་རླུང་བུ་རྒྱུ་ཕྱོགས་ལྟར་རྒྱང་ལ་ཆས།

ང་རང་སླར་ཡང་སྐད་འཕྲིན་ནང་གི་ཆར་བ་སྣ་ཚོགས་ལ་རྒྱང་ལྟ་བྱེད་ཞོར།དངོས་ཡོད་ཀྱི་སྲང་ལམ་འདིར་གཡེང་དུས།ཁྱོད་རང་ཆར་གདུགས་མེད་པར་ཕར་ལ་འགྲོ་བཞིན་འདུག ཁྱོད་རང་ཆར་གདུགས་མེད་པར་ཕར་ལ་འགྲོ་བཞིན་པ་འདིས་ང་ལ་སླར་ཡང་འབྲུག་ལོ་དྲན་དུ་བཅུག་བྱུང་།

ཆར་བ་འབབ་དུས་ཆར་གདུགས་འཛིན་རྒྱུར་མི་དགའ་བ་ནི་འབྲུག་ལོ་རེད།ཁྱོད་སུ་ཡིན་ནམ།

གློག་སྐས་ལས་ཐང་ལ་བབས་པ་ན།ཡོད་ཚད་ཆུ་ངོས་ལ་བུད་པ་ལྟར་རྒྱུན་ལྡན་དུ་གྱུར།ཁྱོད་གཅིག་པུས་ཆར་གདུགས་མ་བཟུང་བར་རྒྱབ་གཞུང་ཧྲིལ་པོ་བརླན་ཤིག་ཤིག་ང་ལ་བསྐྱུར་ཏེ་མི་ཚོགས་ཀྱི་གསེང་ལ་ཡལ་སོང་།ཁྱོད་སུ་ཡིན་ནམ།འབྲུག་ལོ་དང་ཅི་འདྲའི་འདྲ་ཨང་།

ཕྱི་ལ་བུད་པ་ན།ཆར་བ་ཤག་ཤག་ལུས་ལ་བབས་པས།ངས་རང་ཉིད་ཀྱིས་ཀྱང་ཆར་གདུགས་འཛིན་རྒྱུ་བརྗེད་སོང་བ་དྲན་བྱུང་།

ངས་ཆར་གདུགས་འཛིན་རྒྱུ་བརྗེད་སོང་བ་ནི་འབྲུག་ལོས་ཆར་གདུགས་མ་བཟུང་བ་དང་འདྲའམ།

2

ལོས་འདྲ།ཁྱོད་ཀྱིས་ཆར་གདུགས་འཛིན་འདོད་དུས་འདིར།འབྲུག་ལོས་སྤྲིན་ནག་གི་གར་སྟབས་ལ་ཡང་ཡང་ལྟ་ཞོར་ཆར་བ་འབབ་ལ་ཉེ་བསམས་པ་ལས་ཆར་གདུགས་འཛིན་རྒྱུ་ཡིད་ལའང་འཁོར་མེད།རྩེ་གཞུང་རྩྭ་ཐང་དུ་འབོད་པའི་མཐོ་སྒང་གི་ས་ཆ་འདི་ལ་མཚོན་ན་ཟླ་བཞི་པའི་སྤྲིན་ནག་འཁྲིགས་སྟངས་འདི་ནི་ཆར་བ་འབབ་ཐེངས་དང་པོའི་སྔོན་བརྡ་ཡིན་སྲིད།ཁྱོད་རང་ཡོད་སའི་ཁྲིན་ཏུའུ་གྲོང་ཁྱེར་ལ་མཚོན་ན་ཆར་བ་འབབ་ཐེངས་འདི་ནི་དང་པོ་ཡིན་མི་སྲིད་ལ་དུ་བ་ཡིན་པ་ཁྱོད་ལའང་མི་གསལ་བ་ཁོ་ཐག་ཡིན།འབྲུག་ལོ་མཐོ་སྒང་གི་གཞི་རིམ་དུ་ལྷུང་ཞིང་།གཞི་རིམ་གྱི་ལུང་པ་ཞིག་ཏུ་ཆགས་པའི་སློབ་གྲྭ་འདིའི་དགེ་རྒན་བྱས་པའི་དུས་དེ་ནི་ལོ་གཉིས་ཀྱི་སྔ་རོལ་ཏེ།འབྲུག་ལོ་ཁྱོད་དང་ཁ་བྲལ་བའི་ལོ་དེ་རེད།ཡང་ན་ཁྱོད་དང་རྒྱང་དུ་གྱེས་པའི་ལོ་དེ་རེད།ལོ་དེ་ལ་ཕྱོགས་བཞིར་རི་བོས་འཁྱུད་ཅིང་གཡས་གཡོན་ལུང་པས་བཀྲམ་པའི་ས་ཆ་འདི་ནས་འབྲུག་ལོས་ཁྱོད་རང་ཡོད་སའི་ཁྲིན་ཏུའུ་གྲོང་ཁྱེར་ལ་མཚོན་ན་ཆར་བ་འབབ་ཐེངས་འདི་ནི་དང་པོ་ཡིན་མི་སྲིད་ལ་དུ་བ་ཡིན་པ་ཁྱོད་ལའང་མི་གསལ་བ་ཁོ་ཐག་ཡིན་སྙམ།དེ་དུས་ཀྱི་ལྷིང་འཇགས་ཀྱིས་ཁོ་ལ་ཁྱོད་རང་དྲན་དུ་བཅུག དེ་དུས་ཀྱི་ཆར་བ་ཡིས་ཁོ་ལ་ཁྱོད་རང་དྲན་དུ་བཅུག དེ་དུས་ཁོ་ལས་གནས་ལ་ཞུགས་ནས་ཟླ་གཉིས་ཙམ་ལས་འགོར་མེད།ཟླ་གཉིས་ཀྱི་རྗེས་ནས་ཆར་བ་འབབ་ཐེངས་དང་པོ་དེ་རིང་གི་རྣམ་པ་འདི་ལྟར་སྤྲིན་ནག་གི་འདུ་ལོང་དང་འགྲོགས་ནས་ཟམ་ཟིམ་ངང་སེམས་ལ་བབས་ཤིང་།ཁོས་ཡང་དང་ཡང་དུ་དེ་ལྟར་འདོད་མྱོང་།དེ་ལྟ་ན།ཁྱོད་ཀྱིས་ཀྱང་གློག་སྐས་ཀྱི་ཕྱི་རོལ་ན་གཡོ་བའི་དེ་རིང་གི་ཆར་བ་ཤག་ཤག་ནི་འབབ་ཐེངས་དུ་བ་ཡིན་པ་ཤེས་སམ།སྙིང་ཉེ་བའི་སྒྲོལ་དཀར་མཚོ་ལགས།

ད་ནི་འབྲུག་ལོ་མལ་ཁང་གི་རབ་གསལ་དུ་འགྲེང་ནས་སྤྲིན་ནག་གི་ངོ་གདོང་ལ་ཅེར་འདུག འབྲུག་ལོས་དེ་རིང་གི་ཆར་བ་འདི་འབབ་ཐེངས་གསུམ་པ་རེད་སྙམ།འབབ་ཐེངས་གསུམ་པ་ནི་ཁོ་ལུང་པ་འདིར་ཡོང་ནས་ལོ་གཉིས་ཕར་ལ་འདས་ཤིང་ལོ་གསུམ་པའི་མགོ་ཚེས་པའི་དུས་ཚིགས་དེ་རེད།དབྱར་ཁ་དེ་རེད།དབྱར་ཁ་གསུམ་པ་སླེབས་ཐེངས་དེ་རེད།དབྱར་ཁ་གསུམ་པ་སླེབས་ཐེངས་ལ་འབྲུག་ལོས་ཁྱོད་རང་དྲན་གྱིན་ཡོད་དམ།ངས་ཀྱང་མི་ཤེས།

ས་ཆ་འདིའི་དུས་བཞིའི་དབྱེ་བ་ཆར་བ་ལས་འབབ་ཅིང་ཁ་བ་ལས་འཐོར་ལ།རྩྭ་ལྗང་ལས་འགྱུར་ཞིང་དྲོད་གྲང་ལས་མངོན་པ་ཧ་ཅང་གསལ་བས།སློབ་ཆེན་གྱི་སྐབས་སུ་སྨུག་པས་བཏུམས་པའི་གྲོང་ཁྱེར་གྱི་ནམ་མཁའ་ལ་ཆར་བ་ཟམ་ཟིམ་རྒྱུན་མི་ཆད།རྒྱུན་ཆད་མེད་པར་ཆར་ཟིམ་རེ་རེ་བྱིས་པ་ཞིག་གི་ངུ་ངག་རེ་རེ་དང་མིག་ཆུ་རེ་རེ་ལྟར་ཧ་ཅང་རྒྱུན་ལྡན་ཡིན།འབྲུག་ལོ་རྩེ་གཞུང་ཞེས་འབོད་པའི་མཐོ་སྒང་གི་རྫོང་མཁར་དེ་ནས་མཐོ་འབྲིང་གི་རིམ་པ་མཐར་ཕྱིན་ཏེ་སློབ་ཆེན་ལ་འབྱོར་མ་ཐག དུད་སྨུག་དང་ཆར་ཟིམ་ནི་ཁོའི་འགོག་ཐབས་བྲལ་བའི་སུན་སྣང་གི་བྱེད་རྐྱེན་དུ་གྱུར།

རྒྱང་རིང་གི་གྲོང་ཁྱེར་དེ་ནས་ཆར་བ་འབབ་ཐེངས་རེར་མི་རེ་ནས་ཆར་གདུགས་རེ་བཟུང་སྟེ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད། ཆར་གདུགས་འཛིན་པ་ནི་ཡག་དང་གོས་ལ་དམིགས་པའི་སྲུང་སྐྱོབ་ཀྱི་བགྱི་བ་འབའ་ཞིག་རེད།

དང་ཐོག་འབྲུག་ལོས་དེའི་དོན་ཧ་མ་གོ ཡུན་གྱིས་གམ་གྱི་མི་དག་གི་ཆར་ཐིགས་ཟམ་ཟིམ་རེ་ལའང་ཆར་གདུགས་མགོ་ལ་འཛིན་རྒྱུར་དགའ་བའི་སྤྱོད་པ་ཡིས་ཧ་གོ་རུ་བཅུག ཁོས་ཆར་ཞོད་ཀྱི་ཁྲོད་ནས་ཆར་གདུགས་བཟུང་སྟེ་རང་ཉིད་རློན་དུ་མི་འཇུག་པ་ནི་འོས་ཤིང་རུང་བ་ཞིག་རེད་མོད།མི་དག་གིས་ཆར་བ་འབབ་དུས་རང་ཉིད་ལ་རློན་ཐིགས་ཆུང་ངུ་ཞིག་ཀྱང་ལྷུང་དུ་འཇུག་མི་འདོད་པ་ཅི་ཡིན་ནམ་སྙམ།ད་ལྟ་ཕྱིར་འདང་བརྒྱབ་ན།དེའི་རྒྱུ་མཚན་ནི་ཁོ་རང་ཆར་བས་བརླན་པའི་ཚོར་སྣང་ལ་དགའ་བས་ཡིན་སྲིད།ཁོ་རང་ཆར་གདུགས་འཛིན་རྒྱུར་མི་དགའ་བས་ཡིན་སྲིད།

སྒྲོལ་དཀར་མཚོ།ཁྱོད་ཀྱིས་འབྲུག་ལོ་ངོ་ཤེས་དོན་ཡང་མཐར་གཏུགས་ན་ཆར་གདུགས་འཛིན་རྒྱུར་མི་དགའ་བའི་རྒྱུ་རྐྱེན་ལ་རག་ལས།འབྲུག་ལོ་རྒྱང་རིང་གི་གྲོང་ཁྱེར་དེ་ནས་དུད་སྨུག་དང་ཆར་ཟིམ་ལ་གོམས་ནས་ལོ་ངོ་གཉིས་ལྷག་འགོར་རྗེས་ཁྱོད་ལ་ཐུག་པ་རེད།ཁོའི་ཆར་ནང་གི་རྒྱབ་གཟུགས་དེ་སླར་ཡང་ཁྱོད་ཀྱི་མིག་ལ་འཁོར་སྲིད།སློབ་ར་ཧྲིལ་པོ་ཁང་བརྩེགས་མང་པོ་དང་དང་ལྗོན་ཤིང་ཐར་ཐོར།རྐང་ལམ་གྱ་གྱུ་དང་རྩྭ་ལྗང་གྲུ་བཞི་སོགས་ཀྱིས་བརྒྱན་ནས་བརླན་ཤིག་ཤིག་ངང་ལྷུན་ཆགས་ཀྱིས་ཡོད་དུས།ཁྱོད་གཉིས་ཁོར་ཡུག་དེ་ལ་གོམས་པར་གྱུར་ཅིང་སློབ་གྲྭ་དེ་ལ་དགའ་བར་གྱུར་ཡོད་པ་ཁོ་ཐག་ཡིན།དེ་ནི་ལང་ཚོའི་མཆོད་པར་གྱུར་པའི་དགའ་སྐྱོ་མང་པོ་ཞིག་དང་རྣམ་འགྱུར་མང་པོ་ཞིག གོ་རྟོགས་མང་པོ་ཞིག་སློབ་ར་དེ་ནས་བྱུང་བས་ཡིན། སྐབས་ཤིག ཁྱོད་ཀྱིས་སློབ་ཁྲིད་གྲོལ་ཐེངས་རེར་ཡང་ནས་ཡང་དུ་ཁོ་མཐོང་ཡོད་སྲིད།ཆར་བ་ཟམ་ཟིམ་གྱི་ཁྲོད་དུ་རང་ཉིད་གཅིག་པུ་སྣང་འཇོག་དང་བྲེལ་འཚུབ་ཅི་ཡང་མེད་པར། རྣ་ལ་མཉན་ཆས་བཙུགས་ཤིང་རྒྱབ་ལ་དཔེ་ཁུག་ཁུར།ལག་ལ་ཇ་ཕོར་བཟུང་ནས་མལ་ཁང་ངམ་ཇ་ཁང་གི་ཕྱོགས་སུ་འགྲོ་བའི་རྐང་ཐང་བ་དེ་ཁྱོད་ཀྱི་མིག་ལ་ལྷུང་ཞིང་།སེམས་ལ་བབས་པ་མ་ཡིན་ནམ།

“འདི་ན་ཆར་གདུགས་ལྷག་མ་ཡོད།འདི་ཟུངས།”

དེ་དུས།སློབ་ཁྲིད་གྲོལ་རྗེས།ཁོ་སློབ་ཁང་གི་སྒོ་ཁ་ན་ཆར་བའི་ཁྲོད་དུ་ཅེར་འདུག་གམ།ཁོ་སུན་སྣང་སྐྱེས་པ་ཡིན་སྲིད།ཁོས་ཨ་ལན་ཅི་ཡང་མེད་པར་ཁྱོད་ཀྱི་གདོང་ལ་ལྟ་ཙམ་བྱས་རྗེས་ལག་ནས་ཆར་གདུགས་བླངས་ཏེ་བུད་སོང་བའི་ངང་ཚུལ་དེས་ཁྱོད་རང་ཡ་མཚན་དུ་བཅུག་ཡོད།ཁོ་འདི་དངོས་གནས་མི་ཡ་མཚན་ཞིག་ཡིན་པ་འདྲ།ཁྱོད་ཀྱི་ཡ་མཚན་པའི་སེམས་ཁམས་དེ་ལ་འགྱུར་བ་ཐེབས་དུས།ཁོ་སློབ་ཁང་གི་སྒོ་ཁ་ན་ལག་ལ་ཆར་གདུགས་བཟུང་སྟེ་ཁྱོད་ལ་བསྒུག་འདུག དེ་དུས་ཀྱི་ཉི་མ་ཧ་ཅང་དྲོ།དེ་དུས་ཀྱི་ཉི་འོད་མིག་ལ་འཚེར།

“ང་ཁྱོད་ལ་ཆར་གདུགས་སྟེར་དུ་ཡོང་བ་ཡིན།གཡར་བར་བཀའ་དྲིན་ཆེ་ཞུ།”

“ངས་ཁྱོད་ཀྱིས་ཕྱིར་སྟེར་རྒྱུ་བརྗེད་སོང་བར་འདོད་ཐལ།”

“ག་ལ་ག་ལ།བཀའ་དྲིན་ཆེ།ཁྱོད་སྡེ་ཁག་གང་གི་ཡིན།”

“ང་རྩིས་འཁོར་སྡེ་ཁག་གི་ཡིན།ཁྱོད་བོད་རིག་པའི་སློབ་གླིང་གི་ཨེ་རེད།”

“ཡིན།ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན།”

“ཚོད་དཔག་བྱས་པ་ཡིན།”

“ཁྱོད་ཀྱི་མིང་ལ་ཅི་ཟེར།”

“ངའི་མིང་ལ་སྒྲོལ་དཀར་མཚོ་ཟེར།ཁྱོད་ཀྱི་མིང་ལ་ཅི་ཟེར།”

“ངའི་མིང་ལ་འབྲུག་ལོ་ཟེར།”

“ཁྱོད་གང་གི་ཡིན།”

“ང་རྩེ་གཞུང་གི་ཡིན།ཁྱོད་གང་གི་ཡིན།”

“ང་བསང་ཁོག་རྩྭ་ཐང་གི་ཡིན།ངས་ཁྱོད་རིག་མ་ཐག་འབྲོག་པ་ཞིག་རེད་བསམས་ཐལ།”

“ངས་ཁྱོད་འབྲོག་མོ་ཞིག་མ་རེད་འདོད་ཐལ།དེ་རིང་གཞི་ནས་སྐད་གདངས་ལ་མཉན་ཏེ་འབྲོག་མོ་ཞིག་ཡིན་པ་ཤེས་སོང་།”

“འུ་ཚོའི་སློབ་གྲྭ་འདི་ན་འབྲོག་པ་ཧ་ཅང་ཉུང་བ་འདྲ།”

“ཨོ་ལེ།སློབ་གྲྭའི་ནང་ན་ཡུལ་གྲོགས་མང་པོ་མི་འདུག”

“ཁྱོད་གང་ལ་འགྲོ་རྩིས་ཡིན།”

“ང་ཉལ་ཁང་ལ་འགྲོ་རྩིས་ཡིན།”

“ཡ་ཡ།དེ་ན་ཁྱོད་རང་འདི་གར་སོང་།ང་སློབ་གྲྭའི་ཕྱི་ལ་འགྲོ་དགོས།གྲོགས་མོ་ཞིག་གིས་བསྒུགས་ནས་བསྡད་ཡོད།”

“ཡ་ཡ།སྐབས་སུ་བདེ་མོ།”

“ཆར་གདུགས་འདི་དགོས་ན་ཁྱོད་ཀྱིས་ཁྱེར་ཆོག”

“མི་དགོས་མི་དགོས།ང་ཆར་གདུགས་འཛིན་རྒྱུར་མི་དགའ།”

“ཡ་ཡ།བདེ་མོ་བྱོས།”

“ཡ་ཡ།བདེ་མོ།”

ཉི་འོད་ལམ་ལམ་གྱི་འོག་ནས་མཐའ་འཁོར་ཧྲིལ་པོ་གསལ་ལྷང་ངེར་མིག་ལ་འཚེར་ཡོང་།ཁྱོད་ཀྱིས་ཆར་གདུགས་བཏེགས་ཏེ་སྒོ་ཆེན་གྱི་ཕྱོགས་སུ་བུད་སོང་།འབྲུག་ལོ་ཁྱོད་ཀྱི་ཆར་གདུགས་འོག་གི་རྒྱབ་གཟུགས་ལ་ཅེར་ནས་ཡུད་ཙམ་ལ་བསྡད།ཡུད་ཙམ་ལ་བསྡད་པའི་དུས་ཚོད་ཐུང་ངུ་དེའི་རིང་ལ་ཁོའི་སེམས་པ་ཁྱོད་ལ་ཤོར།ཡུད་ཙམ་ལ་དཀག་པའི་དུས་ཚོད་དེའི་རྗེས་ནས་ཁྱོད་གཉིས་ཀྱི་འབྲེལ་བ་ལ་འགྱུར་ལྡོག་བྱུང་མགོ་ཚུགས།ཁོས་ཁྱོད་ཀྱི་རྒྱབ་གཟུགས་ལ་མིག་སྐྱེལ་ཙམ་བྱས་རྗེས་མགོ་བོ་དགྱེ་སྟེ་ཉི་མའི་ཕྱོགས་ལ་ལྟ་ཙམ་བྱས།ཉིན་མོ་དེར།ཙད་པ་ཆེ་བ་ལ་ཨང་།

འབྲུག་ལོ་ཙད་པ་ཆེ་དུས་ཀྱང་གདུགས་འཛིན་རྒྱུར་མི་དགའ།དེ་ནི་ཁྱོད་ཀྱིས་ཁོ་རང་ཡང་བསྐྱར་ཆར་བ་ཟམ་ཟིམ་གྱི་ནང་ན་སྣང་དོགས་ཅི་ཡང་མེད་པར་སློབ་ཁྲིད་ལ་འགྲོ་བ་ཐེངས་འགར་རིག་རྗེས་ཤེས་པ་རེད།འབྲུག་ལོས་བསང་ཆུ་རྫོང་གི་སློབ་གྲོགས་ཤིག་བརྒྱུད་ནས་ཁྱོད་ཀྱི་སྐད་འཕྲིན་སྦྲེལ་མ་ཐག ཁྱོད་ཀྱིས་འཚམས་འདྲི་ཞིག་ཀྱང་མི་བྱེད་པར“ཁྱོད་འདི་དངོས་གནས་ཆར་གདུགས་འཛིན་རྒྱུར་མི་དགའ་བ་འདྲ”ཞེས་བསྐུར་དོན་ཡང་དེའི་རྐྱེན་གྱིས་ཡིན་སྲིད།

འབྲུག་ལོས་ཁྱོད་ལ་འདི་ནི་ང་ཐེངས་དང་པོར་བུད་མེད་ཅིག་དང་ལྷན་དུ་ཆར་གདུགས་གཅིག་གི་འོག་ཏུ་འཛུལ་བ་དེ་ཡིན་ཞེས་བཤད་པ་དྲན་ནམ།ཁྱོད་ཀྱིས་ཡིད་ལ་དབང་ཆེན་ཤར་ཞོར་དུ་འདི་ནི་ངའང་ཐེངས་དང་པོར་སྐྱེས་པ་ཞིག་དང་ལྷན་དུ་ཆར་གདུགས་གཅིག་གི་འོག་ཏུ་འཛུལ་བ་དེ་ཡིན་ཞེས་རྫུན་གཏམ་དྲང་མོ་ཞིག་བཤད་པ་དྲན་ནམ།དེ་དུས་ཀྱི་ཆར་བ་ཤག་ཤག་ནི་ཁྱོད་གཉིས་ཀྱི་ཁ་ཆད་ལ་གཏོར་བའི་སྨོན་ཚིག་གི་མེ་ཏོག་རེ་རེ་ལྟར།ཡིད་དུ་འོང་བའི་ཤག་སྒྲ་གཅིག་པུས་ཀྱང་ནང་སེམས་ལ་བྱབས་ཁྲུས་བྱེད་པ་དང་ཀུན་ནས་མཚུངས་པས།ཁྱོད་ཀྱི་སྣང་ངོ་ལ་འབྲུག་ལོ་དང་ལྷན་དུ་སྙིང་གཏམ་མང་པོ་ཞིག་གློད་རྗེས།ཆར་གདུགས་གཅིག་གི་འོག་ཏུ་འཛུལ་ནས་གོམ་ཆུང་ཕྲ་མོ་མཉམ་དུ་སྤོ་ཞོར་རྒྱང་ལ་ཆས་ཚུལ་ནི་ཚོར་སྣང་གསར་པ་ཞིག་ཅིས་ཀྱང་ཡིན་ངེས།འབྲུག་ལོ་ཁ་གྲག་རྒྱུར་མི་དགའ་ནའང་།ཁྱོད་རང་ཁོ་དང་འདྲིས་པར་གྱུར་པ་ནི་ཁྱོད་ཀྱིས་ལས་དབང་ཞིག་ཏུ་ངོས་འཛིན་བྱས་ཡོད་ལ།ཁོས་ཀྱང་ལས་དབང་ཞིག་ཏུ་བརྩིས་ཡོད།ལས་དབང་དེ་ནི་གཅིག་སེམས་གཅིག་ལ་ཤོར་བའི་བརྩེ་དུངས་ལས་བྱུང་བ་ཡིན་ལ།ཕར་དགའ་ཚུར་དགའི་བརྩེ་བ་ཟབ་མོ་ལ་རྒྱུ་མཚན་དང་འགྲེལ་བ་ཅི་ཡང་མེད།

མཚན་མོ་དེར་ཡང་།འབྲུག་ལོས་སྐད་ཆ་མང་པོ་མེད་པར་ཐད་ཀར་དུ་དོ་ནུབ་འུ་གཉིས་ཕྱི་ནས་བསྡད་ན་ཆོག་གམ་ཞེས་བཤད་པ་དྲན་ནམ།ཁྱོད་ཀྱིས་ཆོག་པའི་ཨ་ལན་དུ་ཅི་ཡང་མ་བཤད་པས།ཁོས་དོན་དག་ཡོད་ཚད་ཤེས་ཡོད་པ་འདྲ།མཚན་མོ་དེར།ཁ་བརྡ་ཐན་ཐུན་གྱི་རྗེས་ནས་སྐད་ཆ་ཡོད་ཚད་ལུས་ཀྱིས་བཤད་པ་ལྟར།ཁྱོད་གཉིས་ཁུ་སིམ་མེར་མུན་ནག་ཏུ་འདྲེས་ཤིང་།ཁོས་ཁྱོད་རང་འཐད་མིན་གྱི་སྐད་ཆ་ཅི་ཡང་མ་དྲིས་པར་ཁྱོད་ཀྱི་ལུས་ལ་འཐམས་ཤིང་བྲང་ལ་རེག་ཅིང་།མཆུ་ལ་སྦྱར་ནས་མཛེས་སྡུག་གི་སྣང་བ་སྨག་ལས་བསྒྲོན་པ་ནི་བརྩེ་དུངས་ཀྱི་གཞན་དབང་གིས་ཡིན་སྲིད།

དེ་ལྟར་ཡོད་ཚད་གཞན་དབང་དུ་གྱུར་དུས་ལ།ཁྱོད་ཀྱིས་ང་འདི་ལྟར་སོང་བ་ཐེངས་དང་པོ་ཡིན་ཞེས་ཆར་བ་ཤག་ཤག་གི་ཁྲོད་ནས་ཁོ་དང་ལྷན་དུ་ཆར་གདུགས་མ་བཟུང་བར་བརླན་ཤིག་ཤིག་གི་རྒྱབ་གཟུགས་མི་ཚོགས་ལ་བསྐྱུར་ཏེ་གྲོང་ཁྱེར་དེ་ནས་རྒྱང་ལ་སོང་མྱོང་།རྒྱང་ལ་སོང་ནས་ད་ནི་ཁྱོད་རང་གྲོང་ཁྱེར་དེ་གར་ལུས་ཤིང་།འབྲུག་ལོ་ནི་ང་ཡོད་སའི་གཞི་རིམ་འདི་ལ་འབྱོར་ཡོད།

ད་ནི་འབྲུག་ལོ་མལ་ཁང་གི་རབ་གསལ་དུ་འགྲེང་ནས་སྤྲིན་ནག་གི་ངོ་གདོང་ལ་ཅེར་འདུག འབྲུག་ལོས་དེ་རིང་གི་ཆར་བ་འདི་འབབ་ཐེངས་གསུམ་པ་རེད་སྙམ།འབབ་ཐེངས་གསུམ་པ་ནི་ཁོ་ལུང་པ་འདིར་ཡོང་ནས་ལོ་གཉིས་ཕར་ལ་འདས་ཤིང་ལོ་གསུམ་པའི་མགོ་ཚེས་པའི་དུས་ཚིགས་དེ་རེད།དབྱར་ཁ་དེ་རེད།དབྱར་ཁ་གསུམ་པ་སླེབས་ཐེངས་དེ་རེད།དབྱར་ཁ་གསུམ་པ་སླེབས་ཐེངས་འདི་ལ་འབྲུག་ལོས་ཁྱོད་རང་དྲན་གྱིན་ཡོད་དམ།ངས་ཀྱང་མི་ཤེས།

3

ངས་ཤེས་པ་ནི་འབྲུག་ལོས་ང་བློར་འབབ་ཀྱིན་མེད་པ་དེ་རེད།དེ་ནི་ཁོས་ང་ལ་འུ་གཉིས་ལ་རེ་བ་མེད་ཅེས་བཤད་པ་ནས་བཟུང་ཤེས་པ་ཡིན།ཁོས་དངོས་གནས་ང་བློར་འབབ་ཀྱིན་མི་འདུག

དང་ཐོག་ཁོ་རང་སློབ་གྲྭ་འདིར་ཐོན་མ་ཐག་ཁོས་ང་ལ་སྣང་འཇོག་བྱེད་ཀྱིན་པ་འདྲ།ང་ནི་ཁོ་དང་བསྡུར་ན་ལོ་གཉིས་ཀྱི་སྔོན་དུ་སློབ་གྲྭ་འདིར་ཡོང་བ་ཡིན་པས།དགེ་རྒན་རྒན་པ་ཡིན་ཞེས་བཤད་ཆོག་ལ།ཁོས་ཀྱང་ང་ལ་གུས་ཤིང་བརྩི་བའི་ངང་དགེ་རྒན་ཆོས་མཚོ་ཞེས་འབོད་ཀྱིན་ཡོད།

གཞན་གྱིས་རང་ལ་དགེ་རྒན་ཆོས་མཚོ་ཞེས་འབོད་དུས་གཟབ་ནན་གྱི་རྣམ་འགྱུར་ཞིག་ཅིས་ཀྱང་ཚོར་ཐུབ་པས།ཕན་ཚུན་ལ་འདྲིས་མི་བདེ་བའི་སྣང་བ་ཞིག་སྟེར་ལ།གཞན་གྱིས་དེ་ལྟར་འབོད་ཐེངས་རེ་ལ་རང་ཉིད་ཀྱིས་ཀྱང་ཧ་ཅང་ནན་ཏན་བྱེད་དགོས་པ་ལྟར།བག་ཡངས་པོ་མི་འདུག་པས།ངས་ཁོ་ལ་ཡང་དང་ཡང་དུ་ཁྱོད་ཀྱིས་ང་ལ་ཆོས་མཚོ་ཞེས་བོས་ན་ཆོག ཡང་གཅིག་བཤད་ན་འུ་གཉིས་ལ་ཆེ་ཆུང་ཅི་ཡང་མེད་པས་ཁྱོད་ཀྱིས་དེ་ལྟར་བོས་ན་ང་དོགས་བདེ་བོ་མི་འདུག་ཅེས་བཤད་བཤད་མཐར།ཁོས་ང་ལ་ཆོས་མཚོ་ཞེས་འབོད་མགོ་ཚུགས།ཁོས་ང་ལ་ཆོས་མཚོ་ཞེས་བོས་པ་ནས་བཟུང་།ངེད་གཉིས་བར་གྱི་གཟབ་ནན་གྱི་མཁའ་དབུགས་དེ་ཡུན་གྱིས་རྒྱང་ལ་ཡལ་སོང་།རྒྱང་ལ་ཡལ་བ་དང་བསྟུན་ངེད་གཉིས་ཀྱི་བར་ལ་སླར་ཡང་བག་ཡངས་དང་སྤྲོ་སྣང་གི་མཁའ་དབུགས་གཞན་ཞིག་ཆགས་མགོ་བརྩམས།བག་ཡངས་དང་སྤྲོ་སྣང་གི་ཁྲོད་ནས་ཡོད་ཚད་རྒྱུས་ཡོད་དུ་གྱུར།ངས་འབྲུག་ལོ་གང་གི་ཡིན་པ་དང་གང་ནས་མཐར་ཕྱིན་པ།སུ་དང་འགྲོགས་མྱོང་བ་སོགས་བརྒྱུད་དེ་ཁོ་ངོ་ཤེས་ཤིང་།ཁོས་ཀྱང་ང་རང་གང་གི་ཡིན་པ་དང་གང་ནས་མཐར་ཕྱིན་པ།སུ་དང་འགྲོགས་མྱོང་བ་སོགས་རེ་རེ་བཞིན་ཤེས་ཡོད་ངེས།

ངེད་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གྱུར་ཚུལ་ནི་ངས་ཁོ་ལ་ལན་རེར་ལྭ་བ་འཁྲུད་རོགས་བྱེད་པ་དང་།མཚམས་རེར་ཟ་མ་གཡོ་སྐོལ་བྱེད་པ།སྐབས་རེར་མལ་ཁང་གད་བདར་བྱེད་པ་སོགས་ཀྱི་བྱ་བྱེད་དང་རྣམ་འགྱུར་དེ་དག་ཡིན་སྲིད།ཁོས་རྒྱུན་པར་ཁ་བརྡ་མང་པོ་མི་བྱེད་པས།སྐབས་ཤིག་ངས་ཁོ་ལ་ལྭ་བ་འཁྲུད་རོགས་བྱེད་དུས་ཁོས་གློ་བུར་དུ་ཁྱོད་ངའི་ཆུང་མ་ཡིན་པ་དང་འདྲ་བོ་འདུག་ཅེས་བཤད་མ་ཐག་ང་རང་ཁ་སྐྱེངས་ནས་ངོ་གདོང་ཧྲིལ་པོ་ཚ་ལམ་མེར་གྱུར་སོང་མོད།ངེད་གཉིས་ཀྱི་འབྲེལ་བའང་སྐད་ཆ་དེ་དང་དེ་ལྟ་བུ་དག་ནས་བརྩམས་ཏེ་སྤྱིར་བཏང་གི་ལས་གྲོགས་ནས་དགའ་རོགས་སུ་གྱུར་པ་རེད།

འབྲུག་ལོ་ཁ་གྲག་རྒྱུར་མི་དགའ་བས་ཡིན་ནམ།ཡང་ན་རྒྱུན་པར་ངོ་གནག་ནས་ཡོད་པས་ཡིན་སྲིད།དང་ཐོག་འབྲུག་ལོ་དང་འབྲེལ་འདྲིས་བྱེད་དུས་ང་ལ་སྨྲ་མི་ཤེས་པའི་སྐྲག་སྣང་སྲབ་བུ་ཞིག་ཡོད་ལ།ངའི་སྐྲག་སྣང་སྲབ་བུ་དེ་ཡུན་གྱིས་འབྲེལ་འདྲིས་བྱེད་པའི་དུས་ཚོད་དང་འགྲོགས་ནས་སྨུག་པ་ལྟར་ཡལ་སོང་།དེ་དུས།ངས་ད་གཟོད་རང་ཉིད་འབྲུག་ལོ་ལ་དགའ་བ་ཤེས་བྱུང་།ཁོས་ཀྱང་ང་ཁོ་ལ་དགའ་བ་ཤེས་ཡོད་པ་འདྲ།སྐབས་ཤིག་ཁོས་ང་ལ“དོ་དགོང་ང་འདི་ནས་ཞག་འདུག་བྱས་ན་ཆོག་གམ།”ཞེས་བཤད་བྱུང་།ངས་ཨ་ལན་ཅི་ཡང་མ་བྱིན་མོད།དགོང་མོ་དེར་ཁོ་ཞག་འདུག་བྱས་བྱུང་།ཞག་འདུག་དེ་ནི་ཁོ་ངའི་ཁང་པའི་ནང་དུ་བསྡད་པ་དང་འདྲ་མོད།དོན་གྱིས་ཁོ་ངའི་ལུས་པོའི་ནང་དུ་བསྡད་བྱུང་།

དོན་དག་དེའི་རྗེས་ནས།ངེད་གཉིས་ཀྱི་འབྲེལ་བ་ཇེ་དམ་དུ་མ་གྱུར་པར་ཇེ་ལྷོད་དུ་གྱུར་སོང་།ངས་འུ་གཉིས་གཉེན་བསྒྲིགས་ན་ཆོག་གམ་ཞེས་ཡང་ཡང་དྲིས་མོད།ཁོས་ང་ལ་འུ་གཉིས་ལ་རེ་བ་མེད་ཟེར།དེ་ནི་ཁོས་ང་དང་ལས་གྲོགས་བཀྲ་ཤིས་ཀྱི་བར་དུ་བྱུང་བའི་དོན་དག་དེ་གོ་སོང་བས་ཡིན་སྲིད།

ཁོས་ད་དུང་ང་ལ“ཁྱོད་ངའི་སློབ་ཆེན་སྐབས་ཀྱི་དགའ་རོགས་སྒྲོལ་དཀར་མཚོ་དང་འདྲ་བོ་འདུག”ཅེས་བཤད་མྱོང་།སྐབས་དེར་ངས“ཁྱོད་ཀྱིས་ངའི་ཕྱི་ཡི་ཚུགས་ཀ་སྒྲོལ་དཀར་མཚོ་ཟེར་བ་དེ་དང་འདྲ་ཟེར་བ་ཡིན་ནམ།ངའི་ནང་གི་གཤིས་ཀ་སྒྲོལ་དཀར་མཚོ་ཟེར་བ་དེ་དང་འདྲ་ཟེར་བ་ཡིན”ཞེས་དྲིས་མོད།ཁོས་ང་ལ་ཨ་ལན་ཅི་ཡང་མ་བྱིན།དེ་བས།ང་ཁོའི་སྟེང་གི་ཆེས་སུན་ས་ནི་བསམ་པ་མེད་ན་སྐད་ཆ་མི་བཤད་པའི་ཨུ་ཚུགས་ཀྱི་སྤྱོད་པ་དེ་རེད།ངས་ཁོ་ལ་ཡང་དང་ཡང་དུ་ཁོ་དང་སྒྲོལ་དཀར་མཚོའི་བར་གྱི་གཏམ་རྒྱུད་རེ་རེ་ཁ་འདྲི་གཏིང་འདྲི་ཞིག་བྱེད་བསམས་ཡོད།ཁོའི་རྒྱང་དུ་འགྱེད་པའི་སྤྱོད་པ་རེ་རེས་ང་ཡི་འདུན་པ་ཁེགས་པར་བྱས་ཤིང་།རིམ་གྱིས་ངེད་གཉིས་ཀྱི་བར་ཐག་ཀྱང་ཁེགས་པར་གྱུར།གོང་དུ་བཤད་པའི་བརྩེ་དུངས་ཀྱི་གཏམ་རྒྱུད་དག་ནི་ངས་ཁོའི་སློབ་གྲོགས་ཤིག་བརྒྱུད་ནས་རྒྱུས་ལོན་བྱས་པ་ཡིན།དེ་ལྟ་ནའང་ངས་ནི་རང་གཅེས་ཚ་བོས་ཁོ་ལ་དོ་སྣང་ལྷག་མ་ཞིག་བྱས་པ་མ་གཏོགས་ཁོའི་དོན་དག་ཡོད་ཚད་ང་ལ་འབྲེལ་བ་ཅི་ཡང་མེད་པ་འདྲ།

ད་ནི་འབྲུག་ལོ་མལ་ཁང་གི་རབ་གསལ་དུ་འགྲེང་ནས་སྤྲིན་ནག་གི་གར་སྟབས་ལ་ཅེར་འདུག རྩེ་གཞུང་རྩྭ་ཐང་དུ་འབོད་པའི་མཐོ་སྒང་གི་ས་ཆ་འདི་ལ་མཚོན་ན་ཟླ་བཞི་པའི་སྤྲིན་ནག་འཁྲིགས་སྟངས་འདི་ནི་ཆར་བ་འབབ་ཐེངས་དང་པོའི་སྔོན་བརྡ་ཡིན་པས།སྤྲིན་ནག་གི་འདུ་ལོང་བར་ནས་ཆར་བ་ཟམ་ཟིམ་ས་ལ་ཐིགས་བྱུང་།ཡུན་གྱིས་ཤག་སྒྲ་སྙན་མོ་ཞིག་དང་ལྷན་དུ་ས་གཞི་ཧྲིལ་པོ་རློན་དྲིས་ཁྱབ་སོང་།ཆར་བ་བབས་བྱུང་།ཆར་བ་ཤག་ཤག་བབས་བྱུང་།དཔྱིད་ཀྱི་ཆར་བ་ཤག་ཤག་བབས་བྱུང་།སྐྱིད་པ་ལ་ཨང་།

འབྲུག་ལོ་ད་དུང་མལ་ཁང་གི་རབ་གསལ་དུ་འགྲེང་འདུག ཁོའི་བརླན་ཤིག་ཤིག་གི་རྒྱབ་གཟུགས་ང་ལ་ཅེར་ཡོད་པ་དང་འདྲ་ཨང་།ཁོ་དངོས་གནས་ཆར་གདུགས་འཛིན་རྒྱུར་མི་དགའ་བ་འདྲ།གལ་སྲིད་དགའ་བའི་དབང་དུ་བཏང་ནའང་ངེད་གཉིས་ལ་ཆར་གདུགས་གཅིག་གི་འོག་ཏུ་འཛུལ་བའི་ལས་སྐལ་མེད།ཡང་ན་ཁོས་ལས་སྐལ་དེ་སྔར་ནས་ལོངས་སུ་སྤྱད་ཚར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།