ཀྲུང་གོ་བོད་ཀྱི་དྲ་བ།

རིག་ལྡན་རྒྱ་མཚོའི་སྒྲུང་གཏམ།《1953》

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོ།   སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1953ལོའི་དགུན་ཁར།  གཉགས་སྡེ་བའི་རི་སྒང་ཧྲིལ་བོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཁེབས་ཡོང་སྐབས།  གཉགས་རིན་ཆེན་འབུམ་ལོ་བཅུ་གཉིས་རེད།  རྨོ་མོས་དངངས་སྐྲག་དང་བཅས་ཁོ་ཁང་པའི་སྦུག་གི་ཤིང་སྒམ་སུག་དྲུག་མའི་ནང་དུ་སྦས།  ཕྱི་དགྲ་ཐོན་ན་ཁྱིམ་འདིར་དེ་ལས་གཙན་པའི་གནས་ཤིག་མེད་པ་འདྲ།  རྨོ་མོ་མྱི་རྙིང་ཡིན་པས་གློ་བུར་བའི་དོན་རྐྱེན་མང་པོར་འཕྲད་མྱོང་ཞིང་།  སྔོན་ཆད་བྱུང་བའི་སྡེ་བའི་ནང་གྱོད་ཀྱིས་དུས་འགྱུར་ནི་ནམ་ཞིག་ལ་འབྱུང་བར་ཚོད་བགམ་བྱ་ཐབས་བྲལ་བའང་མོས་རྟོགས་ཡོད།

ཕལ་ཆེར་ལོ་དྲུག་ཅུ་ཡར་སྔོན་གྱི་ནངས་མོ་ཞིག་ལ།  ཚྭ་འཚོང་མཁན་ཞིག་གིས་སྲང་མདོ་ན"ཚྭ་ཉོས---ཚྭ་ཉོས"ཞེས་སྐད་རྒྱག་གིན་པར།  བུ་མོ་ཆུང་ཆུང་ཞིག་མཚར་སྣང་སྐྱེས་བཞིན་ཁང་ཀླད་དུ་བུད་ནས་བལྟས།  གཉགས་གཡུང་དྲུང་རྒྱལ་གྱི་སྒྱེ་མོ་ཞིག་བཟུང་ནས་ཚྭ་ཉོ་རུ་ཕྱིན།  ཁོས་ཚྭ་བྲེ་གང་བཅུས་ཤིང་གྲིས་བྲེ་ཁ་བརྒྱབ་མཐར།  གྲི་ཁ་ནང་དུ་བཟུང་ནས་ཚྭ་སྒྱེ་མོར་བཤོ་སྐབས།  གློ་བུར་དུ་གྱང་སྣ་ནས་གསར་བུ་གཉིས་ཐོལ་གྱིས་རྒྱུག་སོང་སྟེ་ཁོའི་དཔུང་བ་གཡས་གཡོན་ལ་འཐམ།  ཁོའི་ལག་གི་བྲེ་ས་རུ་ཟགས་ཤིང་དཀར་བོང་བོང་གི་ཚྭ་རྡོག་ས་རྡུལ་ནང་དུ་འཐོར།  གཉགས་གཡུང་དྲུང་རྒྱལ་གྱིས་གསར་བུ་ཟུང་གི་གཉའ་གོང་ལ་སྤར་བསྙབས་ཤིག་བརྒྱབ་སྟེ་ཆ་ལང་ལྟར་བརྡབས་པར།  གསར་བུ་ཞིག་གིས"རེམ་མ་རྒྱོབས་རྒྱོབས"ཟེར།  དེ་འཕྲལ་གསར་བུ་ཟུང་གིས་སྐེད་ནས་གྲི་ཕྱུངས་ཤིང་ཁོའི་མཆན་ཁུང་གཡས་གཡོན་ལ་གྲིས་བརྒྱབ།  གྲི་ལུས་ལ་ཟུག་པའི་སྒྲ་ཅི་ཡང་མི་ཐོས་མོད།  ཁུར་རྟིང་མཆན་ལ་བབས་པའི་ཅལ་སྒྲ་ཧ་ཅང་གསལ།  ཅལ་སྒྲ་དེ་ཐེངས་ཁ་ཤས་ལ་གྲག་མཐར།  གཉགས་གཡུང་དྲུང་རྒྱལ་གྱིས་གསར་བུ་གཉིས་ག་ལེར་ལྷོད་ནས་པུས་བཙུགས་སོང་།  དེ་འཕྲལ་གསར་བུ་གཉིས་ཐགས་ཚད་ཅིག་གི་མཚམས་སུ་བྲོས་ཤིང་ཕྱིར་བལྟས་བྱེད་ཀྱིན་གནས་པར།  གཉགས་གཡུང་དྲུང་རྒྱལ་ཨུ་ཚུགས་ཀྱིར་ཡར་ལངས་མདོག་བསྟན་ཀྱང་ལངས་མ་ནུས་པས་ཁུ་ཚུར་གྱིས་སར་རྡུང་གིན་དུ"ཤུ་རེ་ཁོ།  ང་ཁྱི་འདྲ་མ་གཉིས་ཀྱིས་བརླག་སོང"ཟེར།  ཕོ་གསར་གཉིས་ཀྱིས་ཐག་རིང་ནས་རྡོ་སྒྲུག་སྟེ་ཤུགས་ཀྱིས་ཁོར་བརྒྱབ་པར།  གཉགས་གཡུང་དྲུང་རྒྱལ་ག་ལེར་ས་རུ་འགྱེལ།  སྐབས་དེར་ཧོན་འཐོར་བའི་ཚྭ་འཚོང་པ་གཉིད་ལས་སད་པ་ལྟར་བྲེ་དང་ཚྭ་བསྐྱུར་ནས་བྲོས་སོང་།  གཉགས་གཡུང་དྲུང་རྒྱལ་ཚྭ་རྡོག་འཐོར་བའི་སྟེང་དུ་འགྱེལ་ཞིང་མཆན་ནས་བཞུར་བའི་ཟུངས་ཁྲག་གིས་ཚྭ་དཀར་པོ་དམར་ནག་ཏུ་བསྒྱུར།

རྨོ་མོས་ཁང་ཀླད་ནས་མི་བསད་དོན་རྐྱེན་དེ་དངོས་སུ་མཐོང་མྱོང་།  མི་རྒན་ཚོའི་བཤད་པ་ལྟར་ན།  གཉགས་གཡུང་དྲུང་རྒྱལ་གསོད་མཁན་གྱོད་པ་ཚེ་ཐར་གྱི་བུ་གཉིས་ཡིན་ལ།  ཁོ་གསོད་དོན་གྱོད་པ་ཚེ་ཐར་འཆི་ལ་ཉེ་དུས་གཉགས་གཡུང་དྲུང་རྒྱལ་སྔས་འགྲམ་དུ་ཕྱིན་ནས་གྲི་ལྟག་གདོང་ལ་གཏད་ཏེ"ཁྱོད་ཤི་ལ་ཉེ་བས་བསྐྱུར་ཞོག  དེ་མིན་ངས་ཁྱོད་གསོད་བསམ་ཡོད"ཅེས་སྨྲས་པས།  དེའི་སྙིང་ནད་ཀྱིས་བུ་གཉིས་ལ་ཁོ་གསོད་པའི་ཁ་ཆེམས་བཞག་ཟེར།  གཉགས་སྡེ་བའི་ནང་གྱོད་ནི་མོ་གྱོད་ཅིག་གིས་བསླངས་པས"མོ་གྱོད་ཤུག་པ་རུལ་རྒྱུ་མེད"ཟེར་བ་བདེན་པར་ངེས།  ཡིན་ཡང་དམག་འཁྲུག་གི་དུས་རབས་ནི་མོ་གྱོད་ཀྱིས་བསླངས་པ་མིན་པར།  ལོ་རྒྱུས་འཕོ་འགྱུར་ལས་བྱུང་བ་ཞིག་རེད།

རྨོ་མོས་ཁང་ཀླད་ནས་རྒྱང་ལྟ་བྱས་པར་བཅིངས་འགྲོལ་དམག་མི་སྡེ་བའི་ནང་བླུགས་ཡོང་བ་མཐོང་།  དམག་མི་རྣམས་ཀྱིས་རྒྱ་ལྭ་ལྗང་སེར་གྱོན་པས་སློག་པ་གྱོན་མཁན་གྱི་བོད་པ་ཚོར་བསྡུར་ཚེ་གཟུགས་པོ་ཧ་ཅང་ཆུང་བར་སྣང་ཡང་།  མི་གྲངས་ཤིན་ཏུ་མང་བས་སྡེ་བའི་སྲང་ལམ་མ་ལུས་པར་ལྗང་མདོག་གི་ཤ་འོད་རྒྱུག་པ་དང་མཚུངས།  རྨོ་མོས་འདི་འདྲའི་མི་མང་པོ་མཐོང་མ་མྱོང་བས་ཧ་ལས་ཧང་སངས་པར་གྱུར།  དམག་དེ་འདྲའི་མང་པོ་བྱུང་ཚེ་དགྲ་ཕར་འདུལ་གྱི་རེ་བ་ཡོངས་སུ་ཟད་ཅིང་ཞེ་ལྷོད་ལྷོད་ངང་ལྟད་མོར་བལྟས་བསྡད་ན་ལུས་བདེ་སེམས་བདེ་ཡོང་ཐུབ་པ་འདྲ།  གང་ལྟར་སྡེ་བའི་ཕོ་གསར་ཚོ་རི་ལ་ཤོར་ནས་ཤུལ་དུ་བུད་མེད་དང་རྒན་རྒོན།  བྱིས་པ་ལས་ལྷག་མེད།  རྒན་མོ་ང་བསད་ཀྱང་ཤི་མ་རན་པ་མེད་སྙམ་ནས་མ་ཎི་འདོན་གྱིན་སོས་དལ་གྱིས་བསྡད།

སྐད་ཅིག་ལ་ཁང་པའི་ཕྱི་རོལ་ཏུ་དམག་མི་སྐོར་ཅིག་སླེབས་ཤིང་།  བོད་སྐད་སྨྲ་ཤེས་མཁན་ཞིག་གིས་སྒོ་ཕྱེས་ནས་ལྷས་རའི་ནང་ལྷགས་ཏེ"སྐྲག་མི་དགོས།  བཅིངས་འགྲོལ་དམག་ནི་མི་དམངས་ཀྱི་དམག་ཡིན་པས་མི་དམངས་ལ་གནོད་པ་ཕྲན་ཙམ་ཡང་མི་སྐྱེལ།  ཁྱིམ་དུ་མེ་མདའ་ཡོད་ན་གཞུང་ལ་རྩིས་སྤྲོད་དགོས།  སྒོ་ཆེན་རྒྱངས་ནས་ཞོག་དང་གནོད་པ་ཕྲན་ཙམ་ཡང་སྐྱེལ་མི་སྲིད"ཟེར།  དངོས་གནས་རེད།  རྨོ་མོས་སྒོ་ཆེན་ཐིང་ངེར་ཕྱེས་བཞག་པ་ན།  མེ་མདའ་བཟུང་བའི་དམག་མི་ཁ་ཤས་ནང་དུ་འཛུལ་ནས་རྩྭ་ཁང་དང་ནོར་ཁང་།  མྱི་ཁང་སོ་སོར་རྔོག་བཤེར་བྱས།  ཁོ་ཚོས་ཤིང་སྒམ་ནང་གི་གཉགས་རིན་ཆེན་འབུམ་མཐོང་མ་ཐག་དངངས་སྐྲག་གིས་བྲོས་ཤིང་དེ་ནས་ཁོ་བྱིས་པ་ཞིག་ཡིན་པ་ཚོར་རྗེས་དགོད་ཁ་འཆོར་བཞིན་བུད་སོང་།

གཉགས་རིན་ཆེན་འབུམ་ཤིང་སྒམ་ལས་ཕྱིར་བུད་ཅིང་གློ་སྒོ་བརྒྱུད་ནས་ལྷས་རའི་ནང་སླེབས་པར།  རྨོ་མོས"ཨ་ཁ་ཁ"ཞེས་སྐད་ངན་ཞིག་འཆོར། དམག་མི་ཚོ་འབྲོ་སྲིད་པ་སྨོས་མ་དགོས། བུའི་ལུས་ཧྲིལ་བོར་ཕྱེ་སྐྱ་བགོས་ཏེ་དུར་ཁྲོད་ནས་རོ་ལངས་བརྒྱབ་ཡོང་བ་དང་གཉིས་སུ་མ་མཆིས།  རྨོ་མོ་མྱི་རྙིང་ཡིན་པས་དུར་ཁྲོད་ཀྱི་དཀར་བང་བང་གི་བེམ་པོ་མཐོང་མྱོང་བས་རྣམ་རྟོག་ཅིག་ཟོས།  རྨོ་མོས་གཉགས་རིན་ཆེན་འབུམ་གྱི་ལུས་སྟེང་གི་སྐྱ་ཕྱེ་སྤྲུག་སྐབས།  གཉགས་རིན་ཆེན་འབུམ་གྱི་ཨ་མ་སླེབས་བྱུང་།  མོས་དབུགས་སྟོད་ལ་འཚང་བཞིན"དཀོན་མཆོག་གསུམ་པོས་མཁྱེན།  དམག་མང་པོ་མདུན་རིའི་ནང་དུ་བླུགས་སོང་།  ཕ་བུ་གཉིས་ཐར་ས་ཞིག་མི་འདུག"ཞེས་ངུ་ངག་གིས་སྨྲས་ཤིང་བྲང་གཞུང་ལག་པས་འདྲེད།  རྨོ་མོས"ཞ་ར་ཡིན་ཡང་རང་ས་རང་ཡུལ་ནས་མི་ཐར་བའི་ས་ཞིག་མེད།  སྡེ་བའི་གསར་བུ་ཚོ་ཐར་ས་ཞིག་ནས་ཁོ་ཕ་བུ་གཉིས་ཀྱང་ལོས་ཐར"ཟེར།  རྨོ་མོས་སློག་པའི་ཕུ་ཐུང་གིས་གཉགས་རིན་ཆེན་འབུམ་གྱི་གདོང་འབྱིད་ཞོར་དུ"མནའ་མ།  བྲང་དྲེད་ནས་སྡོད་པ་ལས་ཇ་ཞིག་སྐོལ་དང་།  དམག་མིའི་ནང་ན་བོད་སྐད་ཤེས་མཁན་ཞིག་འདུག  དེ་བོས་ནས་སྐད་ཆ་ཞིག་འདྲི"ཟེར།

རྨོ་མོ་ལག་རྟེན་ལ་འཁེན་གྱིན་ཕྱི་ལོགས་སུ་ཆས།  སྡེ་བའི་ལམ་ཆེན་ལམ་ཆུང་ཚང་མ་དམག་མིས་མནན་འདུག  ཁོ་ཚོས་རྨོ་མོར་ལམ་ཕྱེས་ནས་སྐད་ཆ་མང་པོ་སྨྲ།  ཡིན་ཡང་། རྨོ་མོས་ཁོ་ཚོའི་སྐད་མི་གོ་བས་མདུན་དུ་བགྲོད་ཀྱིན"བོད་སྐད་ཤེས་མཁན་དེ་གང་ན་འདུག"ཅེས་ཡང་ཡང་འདྲི་ཞོར་དུ་བསྐྱོད།  མཚམས་ཤིག་ལ། བོད་སྐད་ཤེས་པའི་དམག་མི་དེ་རྨོ་མོའི་མདུན་དུ་བཅར་ནས"ཨ་ཡེ་རྒན་མོ།  ཁྱོད་ལ་འདྲི་རྒྱུ་ཅི་ཞིག་ཡོད།  ཤོད་དང་། ང་ལོ་ཙཱ་བ་ཡིན"ཟེར།  རྨོ་མོས"གནམ་གྱིས་སྲུང་རྒྱུ།  ངེད་ཚང་ལ་ཇ་འཐུང་དུ་འགྲོ།  ང་ལ་འདྲི་རྒྱུ་ཞིག་ཀྱང་འདུག"ཟེར།  དམག་མི་ལོ་ཙཱ་བས"ཇ་འཐུང་མི་དགོས།  ཁྱོད་ཀྱིས་ཤོད་དང་།  བྱ་བ་གལ་ཆེན་ཡིན་ན་ངས་དམག་དཔོན་ལ་སྙན་ཞུ་ཕུལ་ཆོག"ཟེར།  རྨོ་མོས"བྱ་བ་གལ་ཆེན་ལོས་ཡིན།  ངའི་རྒད་པོ་དང་བུ་གཉིས་མདུན་རིའི་ནགས་གསེབ་དུ་བྲོས་སོང་།  ཁོ་གཉིས་སྲོག་ཐར་ལ་གཏོང་རོགས།  ཁོ་གཉིས་ཀྱིས་གུང་ཁྲན་ལ་ངོ་ཡ་བྱས་མ་མྱོང་།  གོ་ཐོས་སུ། གུང་ཁྲན་ལ་ངོ་ཡ་མ་བྱས་ན་སྲོག་ཐར་དུ་གཏོང་གི་འདུག་ཟེར།  དེ་བདེན་ན། ཁོ་གཉིས་སྲོག་ཐར་ལ་གཏོང་རོགས"ཞེས་སྨྲས།

དམག་མི་ལོ་ཙཱ་བས་རྨོ་མོ་ཁྲིད་ནས་ཨ་ཁུ་སྔགས་པ་ཚང་གི་ཁྱིམ་དུ་ཕྱིན།  ཨ་ཁུ་སྔགས་པ་ཚང་ཁྱིམ་ཆེན་ཡིན་ཞིང་ཁང་པ་ཉིས་ཐོག་ཅིག་བཟོས་ཡོད་ལ་དམག་དཔོན་ཚོ་དེ་གར་གཞི་བཏིང་འདུག  ཁོ་གཉིས་ཁང་པའི་ནང་འཛུལ་བ་ལ།  དམག་མི་ཁ་ཤས་ཚ་ཐབ་སྒང་ལ་བུད་ནས་ཨ་ཁུ་སྔགས་པའི་དཔེ་ཅོག་ཐོག་ཤོག་གུ་ཆེན་པོ་ཞིག་བཏིང་སྟེ།  དེར་མཛུབ་སྟོན་བྱེད་ཀྱིན་ཁ་རྩོད་རྒྱག་གིན་མཆིས།  ལོ་ཙཱ་བས་ལག་པ་དཔྲལ་ཟུར་དུ་བཀྱགས་ནས་སྐྲ་ལོ་དཀར་པོ་ཅན་གྱི་དམག་མི་རྒན་པ་ཞིག་ལ་སྐད་ཆ་ལབ།  དེས་རྨོ་མོའི་ཕྱོགས་སུ་ཨུ་ཚུགས་ཀྱིས་འཛུམ་ཞིག་བསྟན་ནས་སྐད་ཆ་ཁ་ཤས་སྨྲས།  ལོ་ཙཱ་བས"དམག་དཔོན་གྱིས།  ཁྱོད་ཀྱིས་རང་གི་རྒད་པོ་དང་བུ་ཕྱིར་ཁྲིད་ཡོང་ན།  ཁོ་གཉིས་ཀུ་ཡངས་ལ་བཏང་ཆོག་ཟེར"ཞེས་སྨྲས།  རྨོ་མོས"རྒན་མོ་ང་ལག་རྟེན་ལ་འཁེན་ནས་མ་གཏོགས་འགྲོ་མི་ཐུབ།  དཔོན་པོ་འདིའི་སྐད་ཆ་བདེན་ན་ངས་མནའ་མ་འཚོལ་དུ་མངག་ཆོག"ཅེས་སྨྲས།  ལོ་ཙཱ་བས་ཇི་བཞིན་སྨྲས་པར།  དམག་མི་རྒན་པས་བསམ་བློ་ཞིག་བཏང་ནས་སྐད་ཆ་ཁ་ཤས་ལབ་ཅིང་།  ཤོག་གུ་གྲུ་བཞི་མ་ཞིག་རྨོ་མོར་སྤྲད།  ལོ་ཙཱ་བས"དམག་དཔོན་གྱིས།  བཅིངས་འགྲོལ་དམག་གི་ཁས་ལེན་དམ་བཅའ་ནི་རི་བོ་ཐེ་ཧྲན་ལས་ཀྱང་བརྗིད་ཟེར།  ཡི་གེ་འདི་དཔང་རྟགས་ཡིན།  སྒོ་ངོར་སྦྱར་ན་སུས་ཀྱང་གནོད་སྐྱེལ་མི་ཆོག་ཟེར"ཞེས་སྨྲས།

རྨོ་མོས་དཔང་ཡིག་ངོས་ཀྱི་སུག་བྲིས་གྲུ་བཞི་མར་བལྟས་ཀྱང་ཅི་ཡང་ཧ་མི་གོ།  མོས་ཡི་གེ་ལག་ཏུ་བཟུང་ནས་ཁ་གྱེས།  ལོ་ཙཱ་བའང་མོའི་རྗེས་སུ་བསྙེགས་ཡོང་ལ་ཁོ་གཉིས་རྨོ་མོ་ཚང་གི་སྒོ་ཆེན་ཁར་སླེབས་པར།  ལོ་ཙཱ་བས་རྒྱབ་ཁུག་ལས་ཤེལ་དམ་ཆུང་ངུ་ཞིག་བླངས་ཤིང་།  དེ་ལས་འབྱར་ཆུ་བཏོན་ནས་རྨོ་མོའི་ལག་གི་དཔང་ཡིག་གྲུ་བཞི་མའི་རྒྱབ་ལ་བྱུགས་ཏེ་སྒོ་ཆེན་གྱི་ཡ་ཐོད་དུ་སྦྱར།  སྒོ་ཆེན་གྱི་ཡ་ཐོད་དུ་གཟུངས་སྔགས་བྲིས་པའི་ཤོག་ཙེ་རྙིང་པ་ཞིག་ཆར་ཆུས་རབ་ཏུ་ཟགས་འདུག  ལོ་ཙཱ་བས་དཔང་ཡིག་གྲུ་བཞི་མ་གཟུངས་སྔགས་ཀྱི་ཟུར་དུ་སྦྱར་བ་ན།  རྨི་ལམ་ཞིག་དང་འདྲ་བའི་སྣང་ངོ་དེས་རྨོ་མོའི་ཡིད་སེམས་མོག་པོར་བསྒྱུར།

ལོ་ཙཱ་བས་དཔང་ཡིག་གྲུ་བཞི་མ་སྒོའི་ཡ་ཐོད་དུ་སྦྱར་རྗེས། "འདི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་རྒྱབ་སྐྱོར་བྱས་པའི་ཕུལ་བྱུང་ཁྱིམ་ཚང་གི་དཔང་ཡིག་རེད།  ད་ནི་ཁྱོད་ཚང་སྔོན་ཐོན་ཁྱིམ་ཚང་དུ་གྱུར་སོང"ཞེས་སྨྲས།  རྨོ་མོས"ཡི་གེ་འདིས་ངའི་རྒད་པོ་དང་བུའི་སྲོག་སྐྱོབ་ཐུབ་བམ"ཞེས་དྲིས་པར།  ལོ་ཙཱ་བས"ལོས་ཐུབ།  དམག་དཔོན་གྱིས་བཀའ་ཕབས་པ་མ་ཡིན་ནམ"ཟེར།  རྨོ་མོའི་གདོང་ལ་སྐྱི་གཉེར་ཟབ་མོས་ཁེབས་ཤིང་མིག་ཀོང་གི་མཐའ་རུ་ཆུ་ཕྲན་བུ་འཁོར།  དེ་ནི་མིག་ཆུ་མིན་པར་མོ་རྒས་དྲག་པས་ཡིན་ལ།  ལག་རྒྱབ་ཀྱིས་ཕྱིས་ཀྱང་ཡུད་ཙམ་ནས་སླར་ཡང་འཁྱིལ་ཡོང་།  མོས་རྒྱང་རིང་གི་རི་བོའི་ཕྱོགས་སུ་ལག་སྐྱིབས་བྱས་ཏེ་བལྟས་མོད་མཐོང་ལམ་ཧ་ཅང་མི་གསལ་ཞིང་།  སྐབས་རེར་རི་བོའི་སྟེང་སྨུག་ཞགས་དཀར་པོ་ཞིག་དཀྲིས་པ་དང་མཚུངས།

རྨོ་མོས"མདུན་རི་སྨུག་པས་བཏུམས་ཡོད་ཀ"ཞེས་སྨྲས་པར།  མནའ་མ་གམ་དུ་ལྷགས་ནས"ཨ་ནེ།  དགུན་ཁར་སྨུག་པ་ཞིག་གང་དུ་ཡོད།  ཁྱོད་ཀྱིས་མིག་ཇེ་ཐུར་སོང་འདུག"ཟེར།  ལོ་ཙཱ་བས"ཁྱོད་ཁྱིམ་བདག་མ་ཡིན་ནམ"ཞེས་དྲིས།  མནའ་མས"ཁྱོད་བོད་སྐད་ཤེས་མཁན་དེ་ཡིན་ནམ།  ང་ཁྱིམ་བདག་མ་ག་ལ་ཡིན།  ཁྱིམ་བདག་མར་ཁྱོད་ཚོས་འཇིགས་བསྐུར་ནས་དབྱར་དགུན་གྱི་ཁྱད་པར་ཡང་ནོར་འདུག"ཅེས་སྨྲས།  ལོ་ཙཱ་བས"མི་དམངས་བཅིངས་འགྲོལ་དམག་ནི་མི་དམངས་ཀྱི་དམག་ཡིན་པས་སྐྲག་མི་དགོས།  ཁྱོད་སོང་ནས་ཞང་བོ་དང་ཁྱོ་ག་ཕྱིར་ཁྲིད་ཤོག་དང་།  དམག་དཔོན་གྱིས་ཁོ་གཉིས་ཀུ་ཡངས་ལ་བཏང་སོང་།  ད་དུང་ཁྱོད་ཚང་ལ་ཕུལ་བྱུང་ཁྱིམ་ཚང་གི་དཔང་རྟགས་ཀྱང་གནང་བ་རེད"ཟེར་བཞིན་སྒོ་ཆེན་ཡ་ཐོད་གྱི་ཡི་གེ་གྲུ་བཞི་མ་བསྟན།  མནའ་མས་མིག་ཅེར་ནས་ཡི་གེར་ལྟ་སྐབས་གཉགས་རིན་ཆེན་འབུམ་ཡང་སྒོ་ཁར་ཡོང་ནས་ངོ་མཚར་བཞིན་ཡི་གེ་དེར་བལྟས་ཤིང་།"ཨ་མ་འདི་ཅི་ཞིག་རེད"ཅེས་དྲིས།  ལོ་ཙཱ་བས་འཕྲལ་མར"ཁྱོད་ཚང་ཕུལ་བྱུང་ཁྱིམ་ཚང་དུ་གྱུར་པའི་རྟགས་རེད།  ཡི་གེ་འདི་ཡོད་ན་གཟི་བརྗིད་ལྡན་པའི་ཁྱིམ་ཚང་ཡིན།  རྗེས་སུ་ཕན་ཐོགས་ཆེ"ཟེར།  གཉགས་རིན་ཆེན་འབུམ་གྱིས"རྗེས་སུ་ཕན་ཐོགས་ཅི་ཞིག་ཡོད"ཅེས་དྲིས་པར།  ལོ་ཙཱ་བས"ཕན་ཐོགས་མང"ཞེས་སྨྲས་པ་ལས་ཕན་ཐོགས་ཀྱི་སྐོར་རེ་རེ་བཞིན་མ་བརྩིས།  རྨོ་མོས"མནའ་མ།  ཇ་སྐོལ་ཡོད་དམ"ཞེས་དྲིས།  མནའ་མས"ཇ་སྐོལ་ཡོད"ཟེར།  རྨོ་མོས"དེས་ན་འགྲུལ་བར་ཇ་འཐུང་དུ་ཆུགས"ཟེར་བཞིན།  ལོ་ཙཱ་བ་ནང་དུ་བསུས།  ལོ་ཙཱ་བས"ང་ཚོ་བཅིངས་འགྲོལ་དམག་ལ་སྒྲིག་ཁྲིམས་དམ་པོ་ཡོད།  མི་དམངས་མང་ཚོགས་ཀྱི་ཟ་མ་གང་བྱུང་དུ་བཟའ་མི་རུང"ཟེར།  རྨོ་མོས"ཟ་མར་འཛེམ་མཁན་ཞིག་ག་ལ་ཡོད།  རྫུ་མ་བྱེད"ཅེས་ཨུ་ཚུགས་བྱེད།  ཡིན་ཡང་།  ལོ་ཙཱ་བས་ཡང་དང་བསྐྱར་དུ"བཅིངས་འགྲོལ་དམག་གིས་གང་བྱུང་དུ་མང་ཚོགས་ཀྱི་ཟ་མ་བཟའ་མི་རུང"ཟེར་ནས་ཁང་པའི་ནང་བགྲོད་པའི་སྟ་གོན་མ་བྱས་པས།  རྨོ་མོར་ཡང་ཐབས་ཤེས་ཟད་ནས"འགྲུལ་བ་སྒོ་ཁར་སླེབས་ཏེ་ནང་ལ་མི་འགྲོ་བའི་བྱ་ཞིག་འདི་ཅི་ཞིག་ཡིན་ནམ།  ཟས་མྱིད་ཐག་བརྒྱུད་ན་སྐྱག་པ་ཡིན་ཟེར།  ཟས་ཤིག་བཟའ་རྒྱུར་དེ་འདྲའི་འཛེམ་དོགས་བྱེད་དོན་ཅི"ཟེར་བཞིན་བསྡད།

ལོ་ཙཱ་བས་རང་ཉིད་ངོ་སྤྲོད་བྱས་པ་ལྟར་ན།  ཁོ་གོ་མིན་སྲིད་གཞུང་གིས་བཙུགས་པའི་སློབ་གྲྭ་ཞིག་གི་སློབ་མ་ཡིན་ལ།  དེ་གར་རྒྱ་བོད་ཡིག་རིགས་གཉིས་ཁྲིད་པ་རེད།  གོ་མིན་ལོག་སྤྱོད་སྲིད་གཞུང་རྩ་སློག་བཏང་རྗེས།  སློབ་མ་ཕལ་ཆེ་བའི་བསམ་བློར་བཅོས་བསྒྱུར་བཏང་སྟེ།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལོ་ཙཱ་བར་གྱུར།  ཁོ་དེའི་ནང་གི་གཅིག་རེད།  ལོ་ཙཱ་བས་བཤད་ན།  ཡུལ་འདིའི་དཔོན་པོ་གོ་མིན་སྲིད་གཞུང་གི་ཤོར་དམག་འགའི་གཡོ་འོག་ཏུ་ཚུད་ནས་གུང་ཁྲན་ལ་ངོ་རྒོལ་བྱས་ཤིང་།  བཅིངས་འགྲོལ་དམག་ལ་འཐབ་ཀྱིན་འདུག་པས།  དེ་ཚོར་ཐར་བ་མེད།  རྨོ་མོའི་རྒད་པོ་དང་བུ་གཉིས་དེ་ཚོའི་གྲས་སུ་ཚུད་ན་ཉེན་ཁ་ཧ་ཅང་ཆེ་ཟེར།

གནས་ཚུལ་ཛ་དྲག་ཅན་དེ་གསལ་བོར་རྟོགས་པ་ན།  རྨོ་མོས་ཀྱང་བྲང་ལ་ལག་པས་འདྲེད་ཀྱིན"དཔོན་པོར་དྲང་ཤེད་ཆེ་བས་གཞན་གྱི་མགོ་བསྐོར་འོག་ཏུ་ཚུད་འདུག  བྱ་ལམ་ལ་མ་ཐལ། མནའ་མ་ཁྱོད་རྒྱུགས།  ཁྱོད་ཁོ་གཉིས་འཚོལ་དུ་རྒྱུགས།  ལོ་ཙཱ་བ་འདིའི་སྐད་ཆ་ཚང་མ་ཤོད།  འུ་ཚང་ཕུལ་བྱུང་ཁྱིམ་ཚང་དུ་གྱུར་པའང་ཤོད།  དམག་ལ་མགོ་སྒུར་ན་ཉེས་སྐྱོན་གང་ཡང་མི་འབྱུང་བ་ཤོད"ཅེས་གློ་འཚང་བཞིན་སྨྲས།  མནའ་མས"ཡ་ཡ།  ཨ་ནེ་ཁྱོད་ཀྱིས་གློ་འཕར་དུ་མ་འཇུག  ཁོ་ཚོ་ཕལ་ཆེར་བྲག་མདའ་སྒྲོ་ཡི་གསེང་ལ་སྐུང་ཡོད་པ་ཐག་གིས་ཆོད"ཅེས་སྨྲས་ཤིང་ལམ་ལ་ཆས།  ལོ་ཙཱ་བས"བྲག་མདའ་སྒྲོ་ཟེར་བ་གང་དུ་ཡོད"ཅེས་དྲིས་པར།  རྨོ་མོས"བྲག་མདའ་སྒྲོ་འདི་ནས་མི་མཐོང་།  འགྲམ་རིང་ལུང་བའི་ཕུགས་ན་ཡོད།  ཐག་ཅུང་ཟད་རིང"ཟེར།  ལོ་ཙཱ་བས་འགྲམ་རིང་ལུང་བའང་མི་ཤེས།  གཉགས་རིན་ཆེན་འབུམ་གྱིས་མདུན་རིའི་གཡོན་ཟུར་དུ་ནག་ཤུར་རེ་གནས་པའི་ལུང་བ་ཞིག་ཡོད་པ་བསྟན་ནས"འགྲམ་རིང་ལུང་བ་གན་རེད"ཅེས་སྨྲས།  ལོ་ཙཱ་བས"ཨ་ཡེ་རྒན་མོ།  སེམས་ཚེགས་མ་བྱེད།  རྒད་པོ་དང་བུ་གཉིས་ཀྱིས་དམག་ལ་ངོ་ཡ་བྱས་མེད་ཚེ་སྐྱོན་འབྱུང་མི་སྲིད"ཅེས་སེམས་གསོ་བགྱིས་མཐར་བྲེལ་མྱུར་ངང་ཁ་གྱེས།  མནའ་མས་རྐང་ལམ་དེད་ནས་ཐག་རིང་ལ་སླེབས་མོད་མོའི་རྒྱབ་ལ་དཔྱངས་པའི་སྐྲ་གདན་ངོས་སུ་བྱུར་ཆུང་གིས་ཁེབས་པས།  དེ་དམར་ཤུར་རེར་གཡོ་འགུལ་བྱེད་པ་མཐོང་ཐུབ།  རྨོ་མོས་ལག་རྟེན་ལ་འཁེན་ནས"ཨ་མ་གང་ལ་སླེབས་འདུག"ཅེས་གཉགས་རིན་ཆེན་འབུམ་ལ་དྲིས།  གཉགས་རིན་ཆེན་འབུམ་གྱིས"བོན་པོ་གདོང་ནས་ཡལ་སོང --- ཆོས་བརྩེགས་མདོ་རུ་སླེབས་སོང --- མཆོད་རྟེན་སྐེད་ནས་ཡལ་སོང"ཞེས་རེ་རེ་བཞིན་བཤད།

ཡུད་ཙམ་ནས།  གཉགས་རིན་ཆེན་འབུམ་གྱིས"རྨོ་མོ།  དམག་མང་པོ་ཞིག་ཨ་མའི་རྗེས་སུ་བསྙེགས་སོང"ཟེར།  རྨོ་མོས་དེ་སྐད་ཐོས་མ་ཐག་སེམས་མ་བདེ་བར།"ཁྱོད་ཨ་མའི་རྗེས་སུ་རྒྱུགས།  ཆུ་འགྲམ་དེད་ནས་སོང་དང་ཨ་མའི་རྗེས་ཆོད་ངེས་ཡིན"ཟེར།  གཉགས་རིན་ཆེན་འབུམ་གྱིས"རྨོ་མོ།  ཨ་མའི་རྗེས་བསྙེགས་ནས་ཅི་བྱ"ཞེས་དྲིས།  རྨོ་མོས"མི་ཆ་མེད་ཀྱི་སྐད་ཆར་རློམ་རྒྱུ་མེད། ཨ་མའི་རྗེས་སུ་དམག་དེད་ཡོད་ཚེ་དོན་རྐྱེན་ཅི་ཞིག་འབྱུང་བར་དཔྱད་དཀའ།  ཁྱོད་མགྱོགས་པོར་རྒྱུགས།  ཆུ་ཁ་དེད་ནས་ཆུ་བཟང་ནང་དུ་སླེབས་ན།  ཞིང་རྒན་ཁར་འགོས།  དེ་ནས་སྟེང་སོ་སྒང་ལ་བུད།  དེ་ནས་སོག་དུར་ཁུག་བརྒྱུད་དེ་རྒྱལ་དར་སྒང་བརྒལ་ཚེ་འགྲམ་རིང་ལུང་བའི་ནང་སླེབས་སྲིད།  དམག་ལ་མཐོང་དུ་མི་འཇུག་པར་ཨ་མའི་རྗེས་ཆོད་དུ་ཆུགས།  ཨ་མར་གང་ནས་ཐུག་ཚེ་མོ་དེ་ནས་ཕྱིར་ལོག་ཏུ་ཆུགས།  ཁྱོད་སྔར་བཞིན་འགྲམ་རིང་ལུང་བའི་ཆུ་འགྲམ་དེད་ནས་སྤོ་བོ་དང་ཨ་ཕ་གཉིས་ལ་བརྡ་གཏོང་དུ་རྒྱུགས།  འགྲམ་རིང་ལུང་བའི་ཕུ་རུ་ཆུ་གཉིས་ཀྱི་འདྲེས་མདོ་ཞིག་ཡོད།  དེ་ནས་གཡས་ཕྱོགས་ཀྱི་ཆུ་འགྲམ་དེད་ནས་སོང་དང་མདའ་སྒྲོ་ལྟ་བུའི་བྲག་ཞིག་བར་སྣང་ལ་ཟུག་ཡོད།  དེར་སླེབས་ཚེ་རྣམ་རིག་སྒྲིམ་ནས་འཚོལ་དང་།  སྤོ་བོ་དང་ཨ་ཕ་གཉིས་བྲག་གསེང་དུ་སྦས་ཡོད་ངེས།  སྤོ་བོ་དང་ཨ་ཕར་ཐུག་ན།  སྐྱ་ཀ་ཁྲ་མོ་ལ་སྤུར་ལུང་སྤུར་བྱོས།  མཛོ་མོ་བརྒྱ་ཡི་རྭ་ཅོ་གཅིག་པུ་གཅོད་རྒྱུ་རེད།  ལྕགས་ཀྱི་བུ་ཆུང་ཞེ་སྡང་ཅན་དེ་བསྐྱུར་ནས་ཁྱིམ་ལ་ལོག་ཤོག་ཅེས་ཤོད"ཟེར།

གཉགས་རིན་ཆེན་འབུམ་གྱིས་རྨོ་མོའི་སྐད་ཆ་རྣམས་ཡིད་ལ་བཅགས་ནས་རྒྱུག ཁོས་རྒྱུག་ཞོར་དུ་མགོ་བོ་ཡང་ཡང་དགྱེས་ནས་ཨ་མ་གང་དུ་སླེབས་འདུག་པར་རྒྱང་ལྟ་བྱས་ཤིང་།  ཨ་མས་ཐུ་བ་ལག་ལ་བཟུང་ནས་འགྲོས་མགྱོགས་མོས་བསྐྱོད་པ་མཐོང་བ་ན།  རང་གི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་།  གཉགས་རིན་ཆེན་འབུམ་ནམ་རྒྱུན་ཕྱུགས་རྫི་ཡིན་པས་ས་རྡོ་དང་རྩྭ་འདམ་གྱི་ལམ་བུ་གང་དུ་བརྒྱུད་ཀྱང་ཡང་ཟོར་ཆེ་ལ་འགྲོས་ཧ་ཅང་མགྱོགས།  ཕྱུགས་རྫི་ནས་ཁོ་དང་ལོ་ན་མཉམ་པའི་བུ་ཆུང་ཚོ་རྟག་པར་རྩེད་མོར་མགོ་འཁོར་ཞིང་ཕྱུགས་རྣམས་རྫ་ཁ་དང་ལ་མོའི་ཕར་རྒྱབ་ཏུ་ཤོར་ཚེ།  བུ་རྣམས་གཅིག་རྗེས་གཅིག་གིས་བསྙེགས་ནས་རྒྱུག་པ་ན་རྫ་མཐོན་པོ་དང་སྒང་ཆེན་པོའི་ཡང་སྟེང་དུ་སྐད་ཅིག་ལ་སླེབས་ཐུབ་པས།  ཨ་མའི་སྔུན་ལ་འབུད་རྒྱུ་ནི་ཁོར་མཚོན་ན་གོམས་པར་གྱུར་པའི་རྒྱུན་འབྱམས་ཀྱི་བྱ་འགུལ་ལས་མ་འདས།

གཉགས་རིན་ཆེན་འབུམ་ཁྱིམ་གྱི་སྒོ་ཆེན་ཁ་ནས་ལམ་ལ་ཆས་དུས་ཨ་མ་མཆོད་རྟེན་སྐེད་ནས་ཡལ་ཀྱང་།  ཁོ་ཉེ་ལམ་དེད་ནས་རྒྱུག་ཕྱིན་པར་ཨ་མའི་རྗེས་བསྙེགས་མཁན་གྱི་དམག་མི་དག་གི་རྗེས་ཆོད།  དམག་མི་དེ་ཚོས་མེ་མདའ་དམ་དུ་ཐོགས་ནས་ཨ་མ་ཞུགས་པའི་ལམ་བུ་འདེད་ཀྱིན་མཆིས།  གཉགས་རིན་ཆེན་འབུམ་ཁོ་ཚོས་ཀླད་བསྐོར་ནས་མདུན་དུ་བུད་ཅིང་སུ་རུའི་ཚང་ཚིང་སྐྱེས་པའི་རྫུབས་གསེང་བརྒྱུད་ནས་སྟེང་སོ་སྒང་དུ་བུད་པར།  ཨ་མ་འགྲམ་རིང་ལུང་བའི་ནང་ཡལ་ལ་ཉེ་བ་མཐོང་།  འགྲམ་རིང་ལུང་བ་ནི་ཕུ་ཐག་རིང་བའི་ནགས་ཚལ་གྱི་ལུང་བ་ཞིག་ཡིན་ལ།  ལུང་བའི་མཐིལ་དུ་ཆུ་བོ་ཞིག་འབབ་ཀྱིན་ཡོད།  ཆུའི་གཡས་གཡོན་གཉིས་སུ་ལྗོན་ཤིང་སྣ་ཚོགས་ཀྱིས་ཁྱབ་པས་ཆུ་སྒྲ་ཐོས་ཀྱང་ཤིང་ནགས་ཀྱི་གསེབ་ནས་ཆུ་བོ་མི་མཐོང་བ་ཞིག་ཏུ་སྣང་།  ཡིན་ཡང་ཆུ་བོའི་འགྲམ་ངོགས་སུ་མི་ཕྱུགས་བགྲོད་བདེ་བའི་རྐང་ལམ་ཕྲ་མོ་ཞིག་ལུང་པའི་ཕུ་མདའ་རུ་བསྲིངས་འདུག  དེ་གར་སླེབས་པས་གཉགས་རིན་ཆེན་འབུམ་གྱིས་ཨ་མའི་སྔུན་ལེན་ཐུབ་པ་སྨོས་མ་དགོས་ཏེ།  ཨ་མ་སྡེ་མི་ཚོས་བུད་ཤིང་དང་སྡོང་བོ་དྲངས་ནས་བཏོད་པའི་ལམ་བུ་བརྒྱུད་དེ་བགྲོད་ཀྱིན་མཆིས།  ལམ་བུ་བརྒྱུད་ཚེ་ཆུ་བོ་ཕར་བརྒལ་ཚུར་བརྒལ་ཡང་ཡང་བྱ་དགོས་པས་ཆུ་འགྲམ་གྱི་རྐང་ལམ་ཕྲ་མོ་ལས་བསྐོར་ཐག་རིང་།  གཉགས་རིན་ཆེན་འབུམ་ཆུ་འགྲམ་དེད་ནས་རྒྱུག་ཕྱིན་པར་ཁོས་ནགས་གསེབ་ཀྱི་ལམ་བུའི་སྟེང་ཨ་མས་ཐུ་བ་དང་སྐྲ་གདན་མཆན་ལ་བཙིར་ནས་བགྲོད་ཀྱིན་པ་མཐོང་བྱུང་།  ཁོས་ཨ་མ་མཐོང་མ་ཐག་གོམ་འགྲོས་སྔར་ལས་ཇེ་མགྱོགས་སུ་བཏང་ནས་རྒྱུག་པར་ཁོ་གཉིས་ཆུ་འགྲམ་ཞིག་ནས་འཕྲད་བྱུང་།

ཨ་མས་ཕ་བོང་ཞིག་ལ་རྒྱབ་བསྙེས་ནས"ཤུ --- བྱི་ལི།  ཁྱོད་ཡོང་དོན་ཅི"ཞེས་དྲིས།  གཉགས་རིན་འབུམ་གྱིས"དམག་མང་པོས་ཁྱོད་ཀྱི་རྗེས་དེད་སོང་བས། སྤོ་བོ་དང་ཨ་ཕ་འཚོལ་དུ་ང་སོངས་ཟེར། འུ་གཉིས་གང་ནས་ཐུག་ན་ཁྱོད་དེ་ནས་ཕྱིར་ཤོག་ཟེར།  ང་སྤོ་བོ་དང་ཨ་ཕར་ཐུག་ན།  སྐྱ་ཀ་ཁྲ་མོ་ལ་སྤུར་ལུང་སྤུར་བྱོས།  མཛོ་མོ་བརྒྱ་ཡི་རྭ་ཅོ་གཅིག་པུ་གཅོད་རྒྱུ་རེད།  ལྕགས་ཀྱི་བུ་ཆུང་ཞེ་སྡང་ཅན་དེ་བསྐྱུར་ནས་ཁྱིམ་ལ་ཤོག་ཅེས་ཤོད་ཟེར"ཞེས་དབུགས་འཚངས་བཞིན་སྨྲས།  ཨ་མས"རྨོ་མོས་དེ་སྐད་ལབ་བྱུང་ངམ"ཟེར།  གཉགས་རིན་ཆེན་འབུམ་གྱིས"རེད་ལགས།  ཨ་མ།  ད་ཁྱོད་ཕྱིར་སོངས།  ང་སྤོ་བོ་དང་ཨ་ཕ་འཚོལ་ཏུ་འགྲོ"ཞེས་སྨྲས་ཤིང་ཆུ་འགྲམ་གྱི་རྐང་ལམ་བརྒྱུད་ནས་བཞུད་པར།  ཨ་མས"ཆུ་ལ་གཟོབ"ཅེས་སྐད་བརྒྱབ་པའང་ཆུ་སྒྲས་ཁྱེར་ནས་མི་ཐོས་པར་གྱུར།

གཉགས་རིན་ཆེན་འབུམ་གྱི་ཨ་མ་སྡེ་བའི་ནང་བྱད་གཟུགས་ལེགས་ཤིང་འཇོན་ཐང་ཆེ་བའི་བུད་མེད་ཀྱི་གྲས་ཡིན།  མོའི་རྟག་པར་སྐྲ་ལ་སྣུམ་བྱུགས་པ་དང་སྐྲ་གདན་བྱུར་ཆུང་གིས་བརྒྱན་ཏེ་འཆོར་སྒེག་གི་ཉམས་བཏོད་པས་སྡེ་བའི་བུད་མེད་ཚོར་གྲ་རྒྱས་ཕུན་ཚོགས་ཀྱི་མིག་དཔེ་ལྟ་བུར་བྱུང་།  རྒན་པ་ཚོས་བརྗོད་ན།  མོ་གཉགས་ཀྱི་རྒྱུད་རྣལ་མ་ཡིན་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཟེར།  བག་མར་སོང་ཡང་ཀུན་གྱིས་བརྩི་ཞིང་བུའི་མིང་ལའང་གཉགས་རིན་ཆེན་འབུམ་ཐོགས།  དེ་ནི་རྒན་པ་ཚོས་གཉགས་རྒྱུད་ཆད་དོགས་ཀྱིས་རྟག་པར་བུ་ཆུང་ལ"གཉགས་རིན་ཆེན་འབུམ"ཞེས་བོས་པས་ཡིན་ཀྱང་སྲིད།  དེར་མ་ཟད་སྤོ་བོས་རྟག་ཏུ་རིན་ཆེན་འབུམ་ལ་གཉགས་ཀྱི་ལོ་རྒྱུས་འཆད་ཅིང་།"གཉགས་ནི་ཡུལ་འདིའི་ས་འཛིན་གྱི་སྔ་བ་ཡིན། དཀུ་རྒྱལ་བཙན་པོས་ཧོར་དབང་དུ་བསྒྱུར་སྐབས་ཡུལ་ཡར་ཀློང་ཁོག་ནས་ས་འདིར་ལྷགས་ཤིང་།  གཉགས་སྡེ་བ་ནི་ཧོར་གྱི་གཤོག་པ་གཡོན་པར་བརྡབས་པའི་ཕུར་བ་ཡིན"ཟེར།  གཉགས་ཀྱི་ཆེ་བ་ཡང་ཡང་བརྗོད་ཅིང་གཉགས་ཀྱི་རུས་ཐོགས་པའི་བུ་ཞིག་ཡིན་ཚེ།  ཡང་ཟོར་ནམ་མཁའི་བྱ་དང་འདྲ་ཞིང་སྟོབས་རྩལ་ནགས་རིའི་སྟག་གི་དོ་ཟླ་ཡིན་པར་བསྙད་དེ།  སྐབས་ཤིག་གཉགས་རིན་ཆེན་འབུམ་སྐྲག་ས་འཇིགས་ས་གང་ཡང་མེད་པར་གྱུར་པ་ལ།  རྨོ་མོས་སེམས་ཁྲལ་སྐྱེས་ནས"ཁྱོད་ཚོས་ངའི་བུ་བསྟད་ནས་དགུང་ལ་མ་སྤུར། སྔོན་ཆད་གཉགས་གཡུང་དྲུང་རྒྱལ་ཟེར་བའི་བུ་རབས་ཤིག་སྐྱེས་མོད།  མཇུག་མཐར་སྡེ་བའི་ནང་གྱོད་ཀྱིས་བརླག་སོང"ཞེས་སྨྲས།  རྨོ་མོར་སེམས་ཁྲལ་ཅི་འདྲ་བྱུང་ཡང་གཉགས་སྡེ་བ་བུ་རྒོད་པོས་འཛིན་སྐྱོང་བྱ་རྒྱུ་གནའ་བོའི་ལུགས་སྲོལ་ཡིན་པས།  རྒན་པ་ཚོས་བུ་རྒྱུད་ལ་ཞིབ་ཏུ་བརྟག་ནས་འབྱུང་འགྱུར་གཉགས་རིན་ཆེན་འབུམ་གྱིས་སྡེ་བར་ཁ་ལོ་བྱ་རྒྱུར་དམིགས་ཡུལ་བཅངས་འདུག  སྡེ་བའི་ལབ་ཙེ་བསྟོད་པའི་དུས་སུའང་གཉགས་རིན་ཆེན་འབུམ་གྱིས་ཐོག་མར་མདའ་མོ་བསྟོད་དགོས་ལ།  ལྷ་བསང་གཏོང་དུས་ཀྱང་གཉགས་རིན་ཆེན་འབུམ་གྱིས་ཐོག་མར་ཆབ་གཏོར་དགོས།  དེ་ལྟར་སྡེ་བའི་དམིགས་བསལ་གྱི་གསོ་སྐྱོང་ཁྲོད་གཉགས་རིན་ཆེན་འབུམ་ལོ་བཅུ་གཉིས་ལ་སོན་ཞིང་།  1953ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་སྡེ་བ་ཡོངས་སུ་བསྐོར་དུས།  གཉགས་རིན་ཆེན་འབུམ་ཕྱེ་སྒམ་དུ་སྦ་རྒྱུ་ལས་བྱ་ཐབས་མ་རྙེད།  སྤོ་བོས"ཁྱོད་ལོ་བཅོ་ལྔར་སོན་ཡོད་ཚེ ... ..."ཟེར་ཡང་།  མུ་མཐུད་དུ་ཅི་ཞིག་བརྗོད་དགོས་མ་ཤེས་པར་ལུས།  གཉགས་རིན་ཆེན་འབུམ་གྱིས་ལོ་བཅུ་གཉིས་དང་བཅོ་ལྔའི་ཁྱད་པར་རྟོགས་མ་བྱུང་།  དེ་གཉིས་བར་ལོ་གསུམ་གྱི་སྔ་འཕྱི་ལས་གཞན་ཅི་ཞིག་ཡོད་དམ།

གཉགས་རིན་ཆེན་འབུམ་གྱིས་ཨ་མ་བསྐྱུར་བ་དང་རྐང་ལམ་དེད་ནས་རྒྱུག  རིམ་བཞིན་རྫ་དང་བར་ཐག་ཇེ་ཉེར་ཕྱིན་པས་ཆུ་ལ་འགྲམ་དར་སྲབ་བུ་ཆགས་ཏེ་གནས་ཤིང་།  འགྲམ་དར་འོག་དྭངས་གསལ་ཆུ་མོའི་རླབས་ཕྲན་ག་ལེར་རྒྱུ་བ་མཐོང་།  དེ་མཐོང་ནས་གཉགས་རིན་ཆེན་འབུམ་གྱིས་ཁ་ཤིན་ཏུ་སྐོམ་པ་ཚོར་ཞིང་འཕྲལ་མར་ཆབ་རོམ་སྲབ་བུ་ཞིག་བཀོག་ནས་ཁ་ནང་དུ་བཅུག  ཁོ་མུ་མཐུད་དུ་རྒྱུག་ཕྱིན་པ་ན་ཆུའི་འགྲམ་ངོགས་ཀྱི་རྐང་ལམ་སྔར་ལས་ཇེ་དོག་ཡིན་ལ།  ཤིང་ནགས་ཀྱི་ཡལ་ག་འཁྲིགས་ནས་བགྲོད་སྟབས་ཧ་ཅང་མི་བདེ་བ་ཆགས།  ཤིང་ནགས་ཁྲོད་བྱེའུ་འཇོལ་མོ་ཁྱུ་དང་ཁྱུས་སྒུམ་འཐུ་བཞིན་པ་མཐོང་ཞིང་།  དེ་དག་གིས་ཁོའི་རྡོག་སྒྲ་ཐོས་མ་ཐག་སྐད་ཅིག་ལ་ཤིང་རྩེར་འཚོགས་ཏེ་སྐད་ཅོར་འབྱིན།  ཆུ་བྱེའུ་རེ་གཉིས་ཀྱང་ཆུ་གཞུང་གི་རྡོ་ཕ་བོང་སྟེང་བབས་ནས་མགོ་བོ་ཀེམ་ཀེམ་གཡོ་བ་དང་རྔ་སྒྲོ་གདེགས་འཇོག་བསྒྱུར་གྱིན་ཕྲ་ལ་རིང་བའི་སྐད་སྒྲ་འབྱིན་པར།  དེས་ཁོ་མཐོང་མ་ཉིད་དུ་ནགས་གསེང་དུ་འཕུར་ནས་དགྲ་དང་གཡོལ་བའི་རྣམ་འགྱུར་ཅི་ཡང་མངོན།  ད་ནི་མདུན་ཕྱོགས་སུ་བགྲོད་པའི་རྐང་ལམ་ཕྲ་མོ་དེ་རྩ་ནས་ཆད་པས་གཉགས་རིན་ཆེན་འབུམ་ཤིང་ནགས་གསེབ་ཏུ་འཛུལ་བཞིན་མི་བསྐྱོད་ག་མེད་བྱུང་ལ།  སྐབས་ཤིག་ཉེ་འགྲམ་ནས་གླ་བ་ཞིག་ཐོལ་གྱིས་མཆོངས་ལྡིང་གིས་བྲོས་ཤིང་དེའི་ཤག་སྒྲ་ཁྲོག་སྒྲས་བྱ་བྱེའུ་མང་པོ་དཀྲོགས་པར་མ་ཟད།  ཐང་ཤིང་མཐོན་པོའི་ཡལ་གར་བབས་པའི་ཁྲ་གླག་ཅིག་ཀྱང་འདྲོགས་ནས"ཀེ་ཀེ་ཀེ---"ཞེས་སྐད་ཅོར་འབྱིན་གྱིན་ཐག་རིང་ལ་འཕུར། ཁོ་སྐབས་རེར་རྫུབས་གསེང་བརྒྱུད་ཅིང་སྐབས་རེར་ཆུ་འགྲམ་དེད་ནས་ཕྱིན་པར།  སྐ་རགས་ཀྱི་སྣེ་མོ་ཤིང་ཐུང་གི་རྩེར་འཁོན་པ་དང་།  སྲ་ཤིང་གི་ཡལ་ག་སྐམ་པོས་སློག་པའི་འདབས་ཀ་གཤག་པ་སོགས་དཀའ་ངལ་གང་མང་ལ་འཕྲད།  སྐབས་ཤིག་རྐང་འདྲེད་ཤོར་ཏེ་ཆུར་ལྷུང་ཞིང་ལྷམ་གྱི་ཉྭ་ཡུའི་ནང་ཆུ་སོང་བས་སར་ཙོག་ནས་ལྷམ་ཕུད་དགོས་བྱུང་ལ།  བརླན་པར་གྱུར་པའི་རྐང་གཅུད་ཀྱི་ཆུ་བཙིར་རྗེས་ཡང་བསྐྱར་རྐང་པ་དཀྲིས་ཤིང་ལྷམ་གྱོན་ནས་མུ་མཐུད་དུ་བསྐྱོད།

ཁོ་གཞི་ནས་ཆུ་གཉིས་འདྲེས་མཚམས་ཀྱི་སྤང་ཁུག་ཅིག་ཏུ་སླེབས།  དེ་གར་བུ་ཆུང་རྫི་བོ་གཉིས་ཀྱིས་ནོར་གནག་ཁ་ཤས་འཚོ་བཞིན་རྩེད་མོར་གཡེང་བ་མཐོང་།  གཉགས་རིན་ཆེན་འབུམ་ཁོ་གཉིས་ཀྱི་གམ་དུ་རྒྱུག་ཕྱིན་ནས"བཅིངས་འགྲོལ་དམག་མི་མང་པོ་ཡོང་གིན་འདུག"ཅེས་པར།  བྱིས་པ་གཉིས་ལ་མཚར་སྣང་ཚད་མེད་སྐྱེས་ཏེ"གང་དུ་འདུག"ཅེས་དྲིས་བྱུང་།  "ངས་མཐོང་དུས་འགྲམ་རིང་ལུང་བའི་མདོར་སླེབས་འདུག  ད་ལྟ་སུས་ཤེས"ཞེས་སྨྲས།  བྱིས་པ་གཉིས་ཀྱིས"ངེད་གཉིས་ལྟད་མོར་ལྟ་རུ་འགྲོ་རྒྱུ"ཟེར་བཞིན་ཆུ་འགྲམ་དེད་ནས་ཐུར་དུ་རྒྱུག་སོང་།  གཉགས་རིན་ཆེན་འབུམ་ཧོན་འཐོར་ནས་བྱིས་པ་གཉིས་ཀྱི་རྗེས་སུ་ཡུད་ཙམ་ལ་བལྟས་རྗེས་གཡས་ཕྱོགས་ནས་བཞུར་ཡོང་བའི་ཆུ་རྒྱུད་དེད་ནས་མདུན་དུ་བསྙེགས།  རིམ་གྱིས་ས་ངོས་སུ་ཁ་བ་སྲབ་བུ་ཞིག་ཆགས་ཤིང་ཁ་བའི་སྟེང་མིའི་རྐང་རྗེས་དང་ཕྱུགས་ཀྱི་རྨུག་རྗེས་མང་པོ་བབས་འདུག  ཡུད་ཙམ་ཕྱིན་པ་ན་ནོར་གནག་རེ་གཉིས་ཆུ་འགྲམ་དུ་འདུས་ནས་ཆུ་འཐུང་ཞིང་།  ནགས་གསེབ་ཀྱི་སྤང་ཐང་ཆུང་ངུར་ནོར་གནག་ཁ་ཤས་ཀྱིས་རྩྭ་སྐམ་ཟ་བཞིན་མཆིས།  ནོར་གནག་གི་ལྕི་བ་སྐམ་རློན་མང་པོའང་ག་ས་གར་མཐོང་ཐུབ།  གཉགས་རིན་ཆེན་འབུམ་མུ་མཐུད་དུ་བསྐྱོད་པར་རང་སྡེའི་བུད་མེད་ཅིག་གིས་བུད་ཤིང་འཐུ་བ་དང་འཕྲད།  བུད་མེད་ཀྱིས"གཉགས་རིན་ཆེན་འབུམ།  ཁྱོད་དབུགས་འཚང་བཞིན་གང་དུ་རྒྱུག་འགྲོ་བ་ཡིན"ཞེས་དྲིས་བྱུང་།  ཁོས"ང་སྤོ་བོ་དང་ཨ་ཕ་འཚོལ་ཏུ་འགྲོ་བ་ཡིན། བཅིངས་འགྲོལ་དམག་མི་མང་པོ་ལུང་བའི་མདོ་ན་ཡར་ཡོང་གིན་འདུག"ཅེས་ལན་བཏབ།  བུད་མེད་དེས"ཨ་ཁ།  རྒན་པ་ཚོས་འདི་གར་དམག་ཡོང་མི་ཐུབ་ཟེར་བ་རྫུན་རེད་འདུག  ཁྱོད་ཀྱིས་ངའི་བུ་གཉིས་མཐོང་སོང་ངམ"ཞེས་དྲིས།  གཉགས་རིན་ཆེན་འབུམ་གྱིས"ཁོ་གཉིས་ལུང་མདོར་བཅིངས་འགྲོལ་དམག་ལ་ལྟད་མོར་ལྟ་རུ་རྒྱུག་སོང"ཞེས་སྨྲས་པར།  བུད་མེད་དེས"རྗེ་བཙུན་འཕགས་མ་སྒྲོལ་མས་མཁྱེན"ཟེར་བཞིན་བྲང་རྡུང་ཞོར་དུ་ཆུ་འགྲམ་དེད་ནས་ཐུར་དུ་རྒྱུག  གཉགས་རིན་ཆེན་འབུམ་གྱིས"ཁྱོད་ཀྱིས་ངའི་ཨ་ཕ་གང་དུ་ཡོད་པ་ཨེ་མཐོང"ཞེས་སྐད་བརྒྱབ་པར།  བུད་མེད་དེས"སྐྱེས་པ་ཚང་མ་བྲག་མདའ་སྒྲོ་ན་ཚོགས་འདུག"ཅེས་གསལ་བ་མི་གསལ་བ་ཞིག་སྨྲས་ཤིང་ནགས་གསེབ་ཏུ་ཡལ།

གཉགས་རིན་ཆེན་འབུམ་མུ་མཐུད་དུ་རྒྱུག་པར་ལུང་པའི་ཕུ་ཇེ་དོག་ནས་ཇེ་དོག་ཏུ་གྱུར།  རི་སྣ་ཆེན་པོ་ཞིག་བསྐོར་མཐར་བར་སྣང་ལ་ཟུག་པའི་བྲག་ལེབ་ཅིག་མཐོང་ལམ་དུ་སྣང་བྱུང་ལ།  དེ་ནི་དངོས་གནས་མདའ་སྒྲོ་ཞིག་བར་སྣང་ལ་བསྒྲེངས་པ་དང་མཚུངས།  བྲག་མདའ་སྒྲོའི་གཡས་གཡོན་ཀུན་ཏུ་བྲག་སུལ་གྱིས་ཁེངས་ཤིང་བྲག་སུལ་ཡོངས་ཐང་ཤིང་གིས་གཡོགས་འདུག་པས།  དེ་གར་མི་ཞིག་ཤོར་ཚེ་རྩྭ་གསེབ་ཏུ་ཁབ་ལྷུང་བ་ཇི་བཞིན་གར་སོང་ཆ་མེད་དུ་འགྱུར་བ་སྨོས་ཅི།  བྲག་མདའ་སྒྲོའི་གཤམ་གྱི་གྲམ་པའི་ནང་རང་བྱུང་ཆུ་རྫིང་ཞིག་ལྷུན་གྱིས་གྲུབ་ཅིང་།  ཆུ་རྫིང་ལ་འགྲམ་དར་སྲབ་བུ་ཆགས་ཏེ་དངུལ་དཀར་གྱི་གདུབ་བུ་ཆེན་པོ་ཞིག་གྲམ་གཞུང་དུ་བཞག་པ་དང་འདྲ།  གཉགས་རིན་ཆེན་འབུམ་གྱི་ཕྲག་ལ་ལས་འགན་ལྕི་མོ་བབས་ཡོད་པས་རང་བྱུང་གི་མཛེས་པ་དེ་ཁོའི་ཡིད་ཀྱིས་ག་ལ་ཚོར།  ཁོ་གྲམ་པའི་ཆུ་རྫིང་འགྲམ་དུ་འགྲེང་ཞིང་མགོ་ཡར་དགྱེ་ནས"ཨ་ཕ --- སྤོ་བོ --- "ཞེས་བོས།

ཡུད་ཙམ་ན།  བྲག་སུལ་ལས་སྐྱེས་པ་ཞིག་མངོན་ཞིང་ཅུང་མ་འགོར་བར་གྲམ་པའི་ནང་དུ་སླེབས།  སྐྱེས་པ་དེ་ནི་གཉགས་རིན་ཆེན་འབུམ་གྱི་ཕ་རེད།  ཁོས་མགོ་ལ་ཝ་ཞྭ་དང་ལུས་ལ་སློག་སྐྱ།  རྐང་ལ་ལྷམ་ཡུ་རིང་གྱོན་པ་དང་།  རྒྱབ་ཏུ་མེ་བོའུ་ཁུར་ཞིང་སྐེད་དུ་གྲི་རིང་བཏགས་འདུག  ཁོའི་རྗེས་སུ་གཉགས་རིན་ཆེན་འབུམ་གྱི་སྤོ་བོའང་སླེབས།  སྤོ་བོས་མགོ་ལ་ཚར་ཞྭ་རྙིང་པ་ཞིག་གྱོན་པ་ལས་གོན་པ་གཞན་དག་ཕ་དང་གཅིག་འདྲ་རེད།  ཡིན་ཡང་སྤོ་བོས་སྐ་རགས་ཟུར་དུ་གློ་གྲི་ཞིག་བསྣར་ཡོད་པ་ལས་རྒྱབ་ཏུ་མེ་བོའུ་ཁུར་མི་འདུག  ཨ་ཕས"ཁྱོད་ཡོང་དོན་ཅི་ཡིན"ཟེར།  གཉགས་རིན་ཆེན་འབུམ་གྱིས་དབུགས་འཚང་བཞིན་རྨོ་མོའི་སྐད་འཕྲིན་མ་ལུས་སྤོ་བོ་དང་ཨ་ཕར་བཤད།  ཁོ་ཚང་ཕུལ་བྱུང་ཁྱིམ་ཚང་དུ་གྱུར་པས་བཅིངས་འགྲོལ་དམག་ལ་མགོ་སྒུར་ན་ཉེས་པ་གང་ཡང་མེད་པ་རྣམས་ཀྱང་ཞིབ་ཏུ་བཤད།  མཇུག་མཐར"སྐྱ་ཀ་ཁྲ་མོ་ལ་སྤུར་ལུང་སྤུར་བྱོས། མཛོ་མོ་བརྒྱ་ཡི་རྭ་ཅོ་གཅིག་པུ་གཅོད་རྒྱུ་རེད།  ལྕགས་ཀྱི་བུ་ཆུང་ཞེ་སྡང་ཅན་དེ་བསྐྱུར་ནས་ཁྱིམ་ལ་ལོག་ཤོག"ཅེས་པ་བཤད།  སྤོ་བོས་སྐད་ཆ་དེ་ཐོས་མ་ཐག"འགྲིག་མ་སོང་།  རེམ་རེམ"ཞེས་སྨྲས་ཤིང་།  བྲག་སུལ་ཕྱོགས་སུ་ལག་བརྡ་ཞིག་བརྒྱབ་པར་ཕོ་གསར་ཁ་ཤས་ཁོ་ཚོའི་གམ་དུ་སླེབས།  སྤོ་བོས"རེམ་རེམ།  དཔོན་པོ་གནས་འདིར་སྐུང་ཡོད་པ་དམག་གིས་ཚོར་འདུག  མྱུར་དུ་ཉག་ཁ་སོ་སོར་སོ་བ་ཐོངས"ཞེས་བཀོད་སྒྲིག་བྱས་པར།  ཕོ་གསར་དེ་དག་བྲེད་ཤ་མཐོན་པོས་ཕྱིར་ནགས་གསེབ་ཏུ་འཛུལ་སོང་།

སྤོ་བོས་གཉགས་རིན་ཆེན་འབུམ་གྱི་ཕ་ལ"ཁྱོད་ཕ་བུ་གཉིས་རི་བསྐོར་ནས་ཕྱིར་ཁྱིམ་དུ་སོངས།  མེ་མདའ་དང་གྲི་ངའི་ལག་ལ་ཞོག  ལག་ན་མཚོན་ཆ་མེད་ཚེ་དམག་གིས་སྐྱོན་འཛུགས་བྱེད་མི་སྲིད།  འུ་ཚང་ཕུལ་བྱུང་ཁྱིམ་ཚང་དུ་གྱུར་ཡོད་ན་དེ་བས་ཀྱང་སྐྱོན་ཆ་མེད་པ་སྨོས་མ་དགོས།  གོ་ཐོས་སུ་གུང་ཁྲན་ལ་ངོ་ཡ་མ་བྱས་ན་ཉེས་པ་གང་ཡང་མི་འཕོག་ཟེར་བ་བདེན་ངེས་ཡིན།  རྒན་པོ་ངས་དཔོན་པོ་བསྐྱུར་ནས་བྲོས་ན་འུ་ཚང་གི་བུ་རབས་ཚ་རྒྱུད་ལ་གཏམ་ངན་བཞག་པ་ཡིན་པས།  བུ་ཕྱི་རབས་པས་མི་གྲལ་ནས་མགོ་འཇོག་སྲོལ་མེད"ཅེས་སྨྲས་ཤིང་བུའི་རྒྱབ་ནས་མེ་བོའུ་ལེན་རྩིས་བྱེད་པར།  གཉགས་རིན་ཆེན་འབུམ་གྱི་ཕས། "ཨ་ཕ།  ཁྱོད་ཀྱིས་དཔོན་པོ་བསྐྱུར་མི་ཕོད་ན་ངས་ཁྱོད་བསྐྱུར་ག་ལ་ཕོད།  ངས་ཁྱོད་བསྐྱུར་ནས་ཁྱིམ་ལ་ཅི་ལྟར་འགྲོ།  ཨ་མས་དྲིས་ན་སྐད་ཆ་ཅི་ལྟར་བཤད།  གཞུག་ནས་མི་ང་མི་གྲལ་ལ་ཅི་ལྟར་འབུད"ཅེས་སྨྲས།  དེ་འཕྲལ་རི་སྐེད་ཀྱི་ནགས་རྫུབས་གསེང་ནས་མི་ཞིག་ཕྱིར་བུད་དེ།  "དམག་མང་པོ་ཆུ་གཉིས་འདྲེས་མདོ་ན་ཡར་ཡོང་གིན་འདུག"ཅེས་སྐད་བརྒྱབ་བྱུང་།  དེ་འཕྲལ་ཨ་ཕས་གཉགས་རིན་ཆེན་འབུམ་གྱི་དཔུང་བ་ཟུང་ལ་འཐམ་ནས"ཁྱོད་མྱུར་བ་མྱུར་བར་རི་སྐེད་ཐུར་དུ་བྲོས། ཁྱིམ་ལ་སླེབས་ན་སྤོ་བོ་དང་ཨ་ཕ་གཉིས་ལ་སྐྱོན་གང་ཡང་མི་འདུག  བདེ་མོ་འཚམ་པོ་རེད་ཅེས་ཤོད"ཟེར།  གཉགས་རིན་ཆེན་འབུམ་གྱིས"ཁྱོད་ཀྱིས་སྤོ་བོ་བསྐྱུར་མི་ཐུབ་ན་ངས་ཁྱོད་བསྐྱུར་ག་ལ་ཐུབ"ཅེས་བཤད་པར།  ཕས"གཉགས་ཀྱི་བུ་ཚ་དང་ཁྱུང་གི་ཕྲུ་གུ་ཟེར་བ་ལ་གོ་དོན་གལ་ཆེན་ཡོད་པ་རེད།  སྤོ་བོ་དང་འུ་ཕ་བུ་ཚང་མ་རི་ལ་བུད་བསྡད་ན།  ཁྱིམ་གྱི་རྨོ་མོ་དང་ཨ་མ་གཉིས་ལ་བདག་སྐྱོང་སུས་བྱ།  ད་ཁྱོད་ཀྱིས་འུ་ཚུགས་མ་བྱེད།  ཨ་ཕའི་ཁ་ལོངས"ཞེས་སྨྲས་ཤིང་རི་སྐེད་དུ་བསྲིངས་པའི་ལམ་ཕྲན་ཞིག་བསྟན་ནས་ཕྱིར་ལོག་ཏུ་བཅུག

གཉགས་རིན་ཆེན་འབུམ་རི་སྐེད་ཀྱི་ནགས་ལམ་བརྒྱུད་ནས་ཕྱིན་པར།  རི་སྣའི་ཞོལ་གྱི་ལུང་མདོའི་གནས་ཚུལ་ཧྲིལ་བོ་གསལ་བོར་མཐོང་ཐུབ་པ་སྟེ།  སྡོང་གསེབ་ཀྱི་སྤང་ཤ་ལེབ་མོའི་སྟེང་ནོར་གནག་མང་པོ་བག་ཡངས་ཀྱིས་རྒྱུ་བར་བྱེད་ཅིང་།  གྲམ་པའི་རྡོ་གསེང་དུ་རླབས་དཀར་སོབ་སོབ་འཕྱོ་བའི་ཆུ་བོ་འབབ་ལ།  རི་སྣའི་སྟོད་ཀྱི་བྲག་མདའ་སྒྲོའི་ཉེ་ལོགས་སུ་སློག་སྐྱ་གྱོན་པའི་མི་མང་པོ་འཚུབ་ལང་ལོང་གིས་ཕྱོགས་སོ་སོར་འགྲེམ་གྱིན་མཆིས་ཏེ།  མི་ཁ་ཤས་རི་སྣར་འགོས་ནས་སྲིབ་ལུང་ཕྱོགས་སུ་སོ་ལྟ་བྱེད་པ་དང་མི་ཤས་རྫ་མཐོ་སར་འགོ་བཞིན་འདུག  ཅུང་མ་འགོར་བར་ཆུ་གཉིས་འདྲེས་མདོའི་སྤང་ངོས་ཀྱི་ནོར་གནག་ཁྲོད་ལྭ་ལྗང་སེར་གྱོན་པའི་དམག་མིས་ཁེབས་བྱུང་།  དམག་མིའི་སྣ་ཁྲིད་མཁན་ནོར་རྫི་བྱིས་པ་གཉིས་དང་བུད་མེད་གཉིས་ཡིན་ལ།  བུད་མེད་ཅིག་ཤོས་ནི་ཁོའི་ཨ་མ་རེད།  མོ་ཕར་འཁོར་ཚུར་འཁོར་ལ་རྒྱབ་ཀྱི་སྐྲ་གདན་སྟེང་གི་བྱུ་རུ་རྣམས་དམར་ཤུར་རེ་མངོན་གྱིན་འདུག  ཨ་མ་མཐོང་མ་ཐག་གཉགས་རིན་ཆེན་འབུམ་བགྲོད་མཚམས་བཞག་ནས་མིག་ཧྲིག་གེར་ལུས།  དམག་མི་ཞིག་གིས་ལག་བརྡ་བརྒྱབ་པར་དམག་མང་རང་གནས་སུ་ཏག་སེ་བསྡད་སོང་།  དེ་གར་ཁོ་ཚོས་ཅི་ཞིག་ཡང་ཡང་བཤད་མཐར་གཉགས་རིན་ཆེན་འབུམ་གྱི་ཨ་མ་གཅིག་པུ་བྲག་མདའ་སྒྲོའི་ཕྱོགས་སུ་མངགས།  རི་སྣར་སྐྱེས་པ་ཁ་ཤས་འདུས་ཏེ་སྲིབ་ལུང་མདོ་ཡི་དམག་མང་གི་གནས་ཚུལ་ལ་ཉུལ་ཞིབ་བྱེད་ཀྱིན་མཆིས་པར།  ཁོ་ཚོའི་ཁྲོད་ཀྱི་གཅིག་འཕྲལ་མར་རིའི་ཉིན་ངོས་ཀྱི་ནགས་རྫུབས་བརྒྱུད་ནས་ཐུར་དུ་བབས་ཤིང་།  གྲམ་གཞུང་གི་རྫིང་བུའི་འགྲམ་དུ་ལྷགས་པ་ན།  གཉགས་རིན་ཆེན་འབུམ་གྱི་ཨ་མས་ཀྱང་རི་སྣ་བསྐོར་ནས་དེ་གར་སླེབས་ཤིང་ཁོ་གཉིས་ཀྱིས་ཕན་ཚུན་ལ་ཅི་ཞིག་སྨྲ་བར་བྱེད།  ཞིབ་ཏུ་བལྟས་ཚེ་སྐྱེས་པ་དེ་ནི་རང་གི་ཕ་རེད་འདུག  གཉགས་རིན་ཆེན་འབུམ་གྱིས་ཕ་མ་ཟུང་ཆབས་ཅིག་འཛོམས་པ་མཐོང་ནས་སེམས་སུ་དྲོད་རླབས་ཤིག་རྒྱུགས་ཤིང"ཨ་ཕ་ཨ་མ"ཞེས་སྐད་བརྒྱབ་ནས་འབོད་པར་བརྩམས་ཀྱང་།  སྲིབ་ལུང་ཞབས་ཀྱི་དམག་ལ་སྐྲག་སྟེ་ཁ་རོག་གེར་ལུས།

གློ་བུར་དུ་ས་ཆའི་ཡུལ་ཕྱོགས་ཀུན་དཀྲོགས་པའི་བོའུ་སྐད་ཅིག་གྲག་ལ།  ཁོ་ཞེད་སྣང་གིས་ལམ་ཕྲན་ངོས་སུ་གླན།  ཕ་མ་གཉིས་ཀྱང་འདྲོགས་ནས་སྡོང་གསེབ་ཏུ་ཡལ།  བོའུ་འཕེན་མཁན་ཕལ་ཆེར་རི་སྣའི་སྐྱེས་པ་དག་ལས་གཅིག་ཡིན་པ་འདྲ།  བོའུ་སྐད་དེས་ལུང་མདོའི་དམག་མང་དཀྲོགས་ནས་སྡོང་བོ་དང་རྡོ་ཕ་བོང་གི་ཕག་ཏུ་ཡིབ།  ཡུད་ཙམ་ན། སྐྱེས་པ་ཞིག་གིས"མེ་མདའ་མ་འཕེན།  ང་ཚོ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཡིན།  མི་དམངས་སྲུང་སྐྱོབ་བྱེད་མཁན་གྱི་དམག་དཔུང་ཡིན་པས།  ཁྱོད་ཚོར་གནོད་མི་སྐྱེལ།  ཁྱོད་ཚོས་མེ་མདའ་བསྐྱུར་ནས་མར་ཤོག་དང་ང་ཚོས་དགའ་བསུ་བྱེད"ཅེས་སྐད་ཆེན་པོས་བརྗོད།  བོད་སྐད་སྨྲ་མཁན་ནི་དམག་མི་ལོ་ཙཱ་བ་དེ་རེད།  དམག་མི་ལོ་ཙཱ་བས་ཐེངས་ཁ་ཤས་ལ་དེ་སྐད་ཡང་ཡང་བརྗོད་ཀྱང་རི་སྣའི་སྐྱེས་པ་ཚོས་ལན་གང་ཡང་མ་བྱིན་པར་མ་ཟད།  ཡང་བསྐྱར་མེ་མདའ་ཞིག་འཕངས།  མེ་མདས་ལན་སྤྲོད་པ་དམག་འཁྲུག་གི་བརྡ་ཡིན་པ་སྨོས་ཅི།  ཡུད་རིང་འགྱངས་མཐར་དམག་མི་ལོ་ཙཱ་བས་ཡང་བསྐྱར་སྐད་བརྒྱབ་སྟེ"མེ་མདའ་མ་འཕེན།  ང་ཚོ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཡིན།  མི་དམངས་སྲུང་སྐྱོབ་བྱེད་མཁན་གྱི་དམག་དཔུང་ཡིན་པས།  ཁྱོད་ཚོར་གནོད་མི་སྐྱེལ།  ཁྱོད་ཚོས་མེ་མདའ་བསྐྱུར་ནས་མར་ཤོག་དང་ང་ཚོས་དགའ་བསུ་བྱེད།  འདི་ནི་ཐེངས་རྗེས་མའི་ཉེན་བརྡ་ཡིན"ཞེས་བརྗོད།  ཡིན་ཡང་རི་སྣའི་སྐྱེས་པ་ཚོས་སླར་ཡང་མེ་མདའ་ཞིག་འཕངས་སོང་།

ཅུང་མ་འགོར་བར་ལུང་མདོའི་དམག་མི་རྣམས་ཀྱིས་ཆབས་ཅིག་མེ་མདའ་འཕངས་བྱུང་།  མེ་མདའི་སྐད་སྒྲས་ལུང་བ་དོག་མོ་འགས་སྙམ་བྱེད་ཅིང་།  སྨུག་ཞགས་སྲབ་བུ་ཞིག་ལུང་མདོ་ནས་ག་ལེར་མཆེད་པར།  སྡོང་གསེང་དུ་བཀྲམས་པའི་ནོར་གནག་ཡོངས་སུ་དཀྲོགས་ཏེ་ཆུ་འགྲམ་དང་ལམ་ཕྲན་དེད་ནས་ལུང་མདའ་རུ་ཞོགས་ཤིང་།  ནོར་རྗེས་ཀྱི་མ་བུ་གསུམ་པོས་ཀྱང་བྱེའུས་རྒྱ་ཁྲ་མཐོང་བ་ཇི་བཞིན་ནོར་རྗེས་བསྙེགས་ནས་གར་སོང་ཆ་མེད་དུ་བཞུད།  རི་སྣའི་མི་དེ་ཚོ་གྲག་འགུལ་མེད་པར་གནས་ཤིང་།  ཤར་ངོས་ཀྱི་ནགས་རྫུབས་གསེབ་ནས་མི་ཁ་ཤས་ཁོ་ཚོར་རྒྱབ་རོགས་སུ་སླེབས་ཏེ།  ཕལ་ཆེར་ཁྱོན་བསྡོམས་མི་བཅོ་ལྔ་བཅུ་དྲུག་ཅིག་རི་སྣ་ཐུར་དུ་ཤར་མོར་བསྒྲིགས།  མི་དེ་དག་སྔར་བཞིན་ཁུ་སིམ་མེར་སྡོད་པ་ལས་མེ་མདའ་མི་འཕེན་པར་གནས་ལ།  བྲག་མདའ་སྒྲོའི་ཁ་སྟོད་བརྒྱུད་ནས་རྫ་མཐོ་སར་འགོས་ཕྱིན་པའི་མི་དེ་དག་རིམ་བཞིན་རྫ་གསེང་དུ་འཛུལ་ནས་གར་སོང་ཆ་མེད་ཆགས།

ཡུད་ཙམ་ན།  ལུང་མདོའི་དམག་མི་རྣམས་ཕྱོགས་སོ་སོ་ནས་མདུན་བསྐྱོད་བྱེད་མགོ་བརྩམས།  ཁག་ཅིག་གྲམ་པའི་ཆུ་ངོགས་བརྒྱུད་ནས་བགྲོད་ཅིང་།  ཁག་ཅིག་ནགས་གསེབ་བརྒྱུད་ནས་བགྲོད།  ཕལ་ཆེར་ཁོ་ཚོ་རི་སྣའི་འདབས་ཏག་ཏག་ཏུ་ལྷགས་མ་ཐག་རི་སྣའི་སྐྱེས་པ་ཚོས་མེ་མདའ་འཕངས་བྱུང་།  དེ་ཚོས་མེ་མདའ་རེ་རེ་བཞིན་མི་འཕེན་པར་ཆབས་ཅིག་འཕེན་པ་དང་།  མེ་མདའི་སྐད་སྒྲའང་གཞན་ལས་ཆེ་ཆེར་གསལ་ཞིང་སྙིང་འདར་བར་སྣང་།  ཆེ་ཆེར་གསལ་བའི་མེ་མདའི་སྐད་སྒྲ་དེ་ཐེངས་ཁ་ཤས་ལ་བསྟུད་མར་གྲག་པ་ན།  དམག་མི་རྣམས་མདུན་བསྐྱོད་བྱ་ཐབས་བྲལ་ཏེ་སྔར་གནས་སུ་ཕྱི་བསྣུར་བྱས་ཤིང་ཡང་བསྐྱར་བཀོད་འདོམས་ཞིབ་ཚགས་སུ་གཏོང་གིན་འདུག  གཉགས་རིན་ཆེན་འབུམ་གྱིས་དམག་འཁྲུག་གི་སྣང་ངོ་ཡོད་ཚད་མཐོང་ནས་འཇིགས་སྐྲག་ཆེན་པོས་གནས་པར།  གློ་བུར་དུ་ཨ་མ་གམ་དུ་ལྷགས་ནས"ཁྱོད་ཁྱིམ་དུ་མི་ལོག་པར་འདི་རུ་ཅི་བྱེད་པ་ཡིན"ཟེར།  གཉགས་རིན་ཆེན་འབུམ་གྱིས"ཨ་མ།  སྤོ་བོ་དང་ཨ་ཕ་གཉིས་རི་སྣ་གན་དུ་ཡོད་དམ"ཞེས་དྲིས།  ཨ་མས"སྤོ་བོ་དཔོན་པོའི་འཁོར་ལ་ཁྲིད་སོང་། ཨ་ཕ་དམག་འགོག་མཁན་གྱི་གྲས་སུ་ཡོད་པ་འདྲ། རྗེ་བཙུན་འཕགས་མ་སྒྲོལ་མས་མཁྱེན"ཟེར་བཞིན་བྲང་ལ་ལག་པས་འདྲེད་ཀྱིན་བུའི་གམ་ནས་སར་གླན།

ལུང་མདོ་ནས་བོད་སྐད་ལོ་ཙཱ་བས་སྐད་ཆེན་པོས"ད་ལྟ་མགོ་སྒུར་ན་ཀུ་ཡངས་ཡོད།  མུ་མཐུད་དུ་ངོ་རྒོལ་བྱས་ན་ཐར་ས་གཏན་ནས་མེད"ཟེར།  དགུན་དུས་ཀྱི་ཉི་མ་ཐུང་བས་སྐད་ཅིག་ལ་བྲག་མདའ་སྒྲོའི་ཉིན་ངོས་ཀྱི་འོད་སྣང་ག་ལེར་མོག་པོར་གྱུར་ཅིང་། འདབས་ཀྱི་གྲམ་གཞུང་གི་ཆུ་རྫིང་ཀྱང་མུན་དོང་ཞིག་དང་འདྲ་བར་ནག་ཤུར་རེ་གྱུར།  རི་སྣའི་སྲིབ་ངོས་སུ་ཉི་འོད་རབ་རིབ་འཕོག་ཀྱང་དམག་འཁྲུག་གི་དུ་ཞགས་སྔར་བཞིན་འཐུལ་བས་ཡིད་མུག་པའི་སྣང་བ་བཅོས་མིན་ཏུ་སྟེར།  གཉགས་རིན་ཆེན་འབུམ་མ་བུ་གཉིས་གནས་གཅིག་ཏུ་འགུལ་མ་ནུས་པར་བསྡད་པ་ལ།  ཕ་གིའི་རི་སྣ་ནས་སྐྱེས་པ་ཞིག་མི་ཚོགས་ཀྱི་ཟུར་དུ་བུད་ནས་ལག་གཡུག་ཡང་ཡང་བྱེད།  དེའི་ཚུགས་ཀར་བལྟས་ན་གཉགས་རིན་ཆེན་འབུམ་གྱི་ཕ་ཡིན་པ་འདྲ།  ཁོས་མ་བུ་གཉིས་གནས་འདི་གར་སྡོད་མི་རུང་ཟེར་ནས་ཉེན་བརྡ་གཏོང་བ་འདྲ།  ཨ་མས"གན་ཨ་ཕ་རེད།  འུ་གཉིས་འདི་ནས་མ་འདུག་ཟེར་ནས་སྡིགས་ཀིན་འདུག  ད་འུ་གཉིས་ཁྱིམ་དུ་ལོག  རྨོ་མོས་ཀྱང་སེམས་མ་བདེ་བར་ཡོད"ཟེར།  གཉགས་རིན་ཆེན་འབུམ་གྱིས"ཨ་མ།  ཁྱོད་ཁྱིམ་ལ་རྨོ་མོ་སྲུང་དུ་སོངས།  ང་ཨ་ཕ་ཡོད་སར་འགྲོ་རྒྱུ"ཟེར།  ཨ་མ་ཁོང་ཁྲོ་ལངས་ནས"ཁྱོད་ཀྱིས་གླེན་རྟགས་མ་སྟོན།  སྤོ་བོ་དང་ཨ་ཕ་གཉིས་ཀྱིས་ང་ལ་ནན་བཤད་བྱས་ཏེ་ཁྱོད་ཡིན་གཅིག་མིན་གཉིས་ཁྱིམ་ལ་ཁྲིད་ཟེར།  ཁྱོད་ཕྱིར་ཨ་ཕའི་གམ་དུ་ཕྱིན་ན་ཨ་ཕས་ང་གསོད་ངེས་ཡིན།  འགྲོ"ཟེར་ནས་བུའི་ལག་པར་འཇུས།

ལུང་བའི་ནང་གྲག་འགུལ་མེད་པར་ལུས།  མ་བུ་གཉིས་རི་སྐེད་ཀྱི་ནགས་ལམ་ཕྲ་མོ་བརྒྱུད་ནས་འགྲམ་རིང་ལུང་མདོར་སླེབས་པར།  ནོར་གནག་རྣམས་དེ་གར་བཀྲམས་ཡོད་ལ།  ནོར་རྫི་མ་བུ་གསུམ་སྤང་ཁུག་ཅིག་ཏུ་ཁ་སྦུབ་ཏུ་ཉལ་ནས་ལུང་ཕུའི་གྲག་སྒྲར་རྣ་བ་བླགས་འདུག  ཁོ་ཚོས་གཉགས་རིན་ཆེན་འབུམ་མ་བུ་གཉིས་མཐོང་མ་ཐག་ལག་གཡུགས་བྱེད་ཀྱིན"ད་འཁྲུག་མཚམས་བཞག་སོང་ངམ"ཟེར།  གཉགས་རིན་ཆེན་འབུམ་མ་བུ་གཉིས་ཁོ་ཚོའི་གམ་དུ་བཙོག་ནས།  ཨ་མས"ཨ་ཧ་བོ།  སྡེ་བའི་སྐྱེས་པ་བཅུ་བཅོ་ལྔ་ལས་མི་འདུག  དམག་གིས་ལུང་བ་ཁེངས་སོང་།  རྗེ་བཙུན་སྒྲོལ་མས་མཁྱེན"ཞེས་སྨྲས།  བུད་མེད་དེས"དཔོན་པོར་དམག་མང་རབ་བཤད་པ་མིན་ནམ།  ཁོ་ཚོ་གང་དུ་འདུག"ཟེར།  ཨ་མས"དཔོན་པོ་འཁོར་དང་བཅས་པ་རྫ་ལ་ཤོར་སོང"ཟེར།  བུད་མེད་ཀྱིས"དེས་ན་སྐྱེས་པ་ཚོས་མགོ་མི་འདོགས་པར་དམག་ལ་ངོ་ཡ་བྱེད་དོན་ཅི་ཡིན་ནམ"ཟེར།  ཨ་མས"ཁོ་ཚོས་དམག་བཀག་ནས་དཔོན་པོ་ཐར་དུ་འཇུག་པ་འདྲ།  རྗེ་བཙུན་སྒྲོལ་མས་མཁྱེན།  དཔོན་པོ་ཐར་སོང་ཡང་ཁོ་ཚོས་ཅི་བྱ"ཟེར་བཞིན་སྤྱི་བོར་ཐལ་མོ་སྦྱར།  བུད་མེད་ཀྱིས་ཀྱང་སེམས་ཁྲལ་ཆེན་པོས་ཐལ་མོ་སྙིང་གར་སྦྱོར་ཙམ་བྱས་ཤིང་།"ད་ཅི་བྱ།  དཔོན་པོ་བྲོས་སོང་ན་ས་ཆ་འདིར་དམག་ལ་གཟུ་བྱེད་མཁན་ཞིག་ཡོད་མི་སྲིད"ཟེར།  ཨ་མས"སྤྱིར་འདི་གའི་སྡེ་ཆེན་འཁྲུག་ཚེ།  རྨ་ཕ་རིའི་ཚོ་དྲུག་ཤོག་ཁ་བར་ལ་བུད་ནས་གཟུ་བཤད་སྲོལ་ཡོད་མོད།  བཅིངས་འགྲོལ་དམག་ལ་གཟུ་བཤད་མཁན་སུ་ཡོད ... ..."ཞེས་སྨྲ་མཚམས་བཞག་ཅིང་།  ཅི་ཡིན་ཆ་མི་འཚལ་བའི་ངང་དུ་ལུས།

ཁོ་ཚོ་ཁུ་སིམ་མེར་སྤང་ཁུག་ཏུ་བསྡད་ནས་ཡུན་རིང་འགོར།  ཉེ་འགྲམ་གྱི་ནོར་གནག་འགའ་རེས་རྩྭ་སྔོན་ཟ་ཞིང་སྣ་ཧུར་རྒྱག  ལུང་པའི་ནང་གི་ཆུ་སྒྲའང་ཧ་ཅང་གསལ།  ད་ནི་མེ་མདའི་སྐད་མ་གྲག་པར་ཡུད་རིང་འགོར་ཞིང་།  ཉི་མ་ཡང་ནུབ་རིར་ཡལ་ནས་ག་ལེར་ས་གཞི་སྨག་གིས་གཡོགས།  གཉགས་རིན་ཆེན་འབུམ་དང་ཨ་མ་གཉིས་ཀྱིས་སྤོ་བོ་ཕ་བུའི་གནས་ཚུལ་ཕྲན་ཙམ་ཨི་ཐོས་རེ་བ་བརྒྱབ་སྟེ་མུ་མཐུད་དུ་སྒུག་ཀྱང་འགྲམ་རིང་ལུང་བའི་ནང་རླུང་བསེར་བུ་ལྡང་བའི་ཤུར་སྒྲ་དང་ཆུ་སྒྲ།  བྱ་བྱེའུའི་སྐྱོ་དབྱངས་ལས་ཅི་ཡང་མི་ཚོར།  གཉགས་རིན་ཆེན་འབུམ་དང་ཨ་མ་གཉིས་རེ་ཐག་ཆད་དེ་ཁྱིམ་ལ་ལོག  ནོར་རྫི་མ་བུ་གསུམ་པོས་ཀྱང་སྤང་ཁུག་ཏུ་གནག་ཕྱུགས་ཆབས་ཅིག་སྐྱིལ་བ་དང་དེ་ནས་སྡེ་བའི་ཕྱོགས་སུ་ནག་རེར་དེད་སོང་།

གཉགས་རིན་ཆེན་འབུམ་གྱིས་དམག་འཁྲུག་འདི་འདྲ་མཐོང་ག་ལ་མྱོང་།  ཁོའི་ཨ་མ་ལོ་ལྔ་བཅུར་སོན་ཀྱང་མཐོང་མྱོང་མེད།  རྨོ་མོ་ལོ་བདུན་བཅུར་ཟིན་ཀྱང་མོ་ལོ་དྲུག་གི་སྟེང་གཉགས་གཡུང་དྲུང་རྒྱལ་བསད་པ་དངོས་སུ་མཐོང་བ་ལས་འདི་འདྲའི་དམག་འཁྲུག་མཐོང་མ་མྱོང་ཞིང་།  གཉགས་སྡེ་བའི་རི་སྒང་ཧྲིལ་བོ་དམག་གིས་ཁེབས་ཡོང་དུས་དེ་ནི་མིག་འཕྲུལ་མིན་ནམ་སྙམ།  ཡུལ་གྲུ་འདིར་འཛམ་གླིང་སྤྱི་བསང་སྐབས་དང་སྔགས་མང་ཆོས་ཐོག་སྐབས།  དགོན་པའི་འཆམ་གྱི་སྐབས་སུ་ད་གཟོད་མི་ཚོགས་མང་པོ་འདུས་སྲིད། དེ་ནི་རྨ་ཚུར་རིའི་ཡུལ་གྲུ་ཞིག་གི་མགོ་ནག་ཡིན་པ་ལས་སྡེ་གཅིག་གི་མི་ཚོགས་ག་ལ་ཡིན།  སྐབས་དེ་གསུམ་ནི་ཡུལ་མི་ཆེས་མང་པོ་འདུས་པའི་དུས་ཚིགས་ཡིན་ཞིང་།  དབྱར་དྲུག་པའི་ནང་འཛམ་གླིང་སྤྱི་བསང་དང་དགུན་བོད་ལོའི་ནང་སྔགས་མང་ཆོས་ཐོག  ལོ་སར་བའི་སྐབས་དགོན་པའི་འཆམ་རེད།  ནང་རྒྱུན་སྡེ་བ་སོ་སོར་གཉེན་སྟོན་དང་ཆོས་སྟོན་གྱི་བྱེད་སྒོ་རྩག་རྩིག་ཡོད་སྲིད་མོད་ཀུན་གྱིས་རེ་བ་རྒྱག་པ་ནི་དུས་ཆེན་གསུམ་པོ་ལས་མ་འདས།  རྒྱུ་མཚན་ནི་དབྱར་དྲུག་པའི་འཛམ་གླིང་སྤྱི་བསང་སྐབས།  ཉི་རྩེ་ཐོག་མ་རི་རྩེར་འཕོག་མ་ཐག་ཕོ་གསར་ཚོས་མདའ་རིང་མདའ་ཐུང་གིས་སྤྱི་ཏི་ལ་བཙས་བསྟོད་ཅིང་ཕོ་ལྷ་དང་དགྲ་ལྷ་གསོལ་བའི་བསངས་ཆེན་གཏོང་བཞིན་མཆོད་བསྟོད་དང་ཀི་བསོའི་སྒྲ་ཡིས་ཡུལ་ཁམས་ཡོངས་སུ་དཀྲོགས།  དེ་དང་ཆབས་ཅིག་རྫ་འདབས་ཀྱི་སྤང་ཡངས་མོར་ཡུལ་མི་ཧྲིལ་གྱིས་འདུས་ནས་སྡེ་བ་སོ་སོས་གུར་འགྲན་ཞིང་དུད་ཁྱིམ་སོ་སོས་ཤོམ་འགྲན་ཏེ།  རྟ་རྒྱུག་མདའ་འཕེན་དང་གླུ་ལེན་གར་རྩེད་ཀྱིས་ཉིན་ཞག་ཁ་ཤས་འདའ་བར་བྱེད།  དབྱར་དྲུག་པའི་མེ་ཏོག་ཁྲོད་དུ་རྒན་དར་གཞོན་གསུམ་སོས་དལ་བག་ཕེབས་ངང་དགའ་སྟོན་ལ་རོལ་བའི་སྤྲོ་སྣང་སྨྲ་བརྗོད་ཀྱིས་མཚོན་ཏུ་མེད་དོ།  དགུན་བོད་ལོའི་སྔགས་མང་ཆོས་ཐོག་སྐབས།  ཡུལ་སྡེ་ཡོངས་ཀྱི་སྔགས་པ་ཀུན་དཔོན་ཚང་སྔགས་ཁང་དུ་འདུས་ནས་གདུགས་དཀར་ཆོས་ཐོག་ཚོགས་ཤིང་།  མི་མཐུན་ཁ་མཆུ་རྣམ་པར་བཟློག་པའི་ཆོས་ཀྱི་ཆོ་ག་ཡོངས་སུ་བསྒྲུབས་རྗེས་སྡེ་བ་སོ་སོའི་སྐྱེས་ཕོ་མོ་རྣམས་འདུས་ནས་སྐྱིད་རྟག་སྨོན་ལམ་བརྒྱབ་ཅིང་དགའ་སྟོན་ཕུན་སུམ་ཚོགས་པར་བྱེད།  ལོ་སར་བའི་དགོན་པའི་འཆམ་གྱི་སྐབས་སུ།  ཡུལ་སྡེའི་མི་ཚོགས་ཀྱིས་དགོན་པར་ལོ་སར་ལེགས་སྐྱེས་འབུལ་ཞིང་དགོན་པས་མི་ཚོགས་ལ་འཆམ་གྱི་ལྟད་མོ་སྟོན་པར་མ་ཟད།  ལོ་རྙིང་པའི་ནད་དང་གདོན་གེགས་ཡོངས་སུ་ཞི་བའི་གཏོར་རྒྱག་གཏོང་ལ།  ལོ་གསར་པའི་ནང་མི་ལ་ན་ཚ་མེད་པ་ཞིང་ལ་སྟོང་བ་མེད་པ།  ཕྱུགས་ལ་གོད་ཁ་མེད་པའི་སྨོན་ལམ་འདེབས་པར་བྱེད་དོ།  དངོས་གནས་དུས་སྐབས་དེ་གསུམ་ལ་མི་ཚོགས་ཀྱི་ཡོ་ལང་རབ་ཏུ་རྒྱས།

གཉགས་རིན་ཆེན་འབུམ་མ་བུ་ཟུང་ས་སྲོད་ཀྱི་མུན་པའི་ཁྲོད་ནས་རང་ཁྱིམ་བསྙེགས་ཀྱིན་མཆིས་ཤིང་།  ལམ་ཕྱེད་ཙམ་དུ་ཕན་ཚུན་ཁ་བརྡ་མེད་པར་བསྐྱོད།  རང་ཁྱིམ་མཐོང་སྣང་དུ་ལྷགས་པའི་སྐབས་ཤིག་ལ།  གཉགས་རིན་ཆེན་འབུམ་གྱིས"ཨ་མ།  འུ་གཉི་གས་སྤོ་བོ་དང་ཨ་ཕ་ཁྲིད་ཡོང་མ་ཐུབ་པར་རྨོ་མོས་སྡིགས་སྲིད་དམ"ཞེས་དྲིས།  ཨ་མས"རྨོ་མོས་སྡིགས་ཀྱང་ཐབས་ཤེས་ཅི་ཡོད"ཟེར།  ཡང་ཁོས"དམག་གིས་ཨ་ཕ་གསོད་སྲིད་དམ"ཞེས་དྲིས།  ཨ་མས་ཤུ་རིང་ཞིག་འབྱིན་རྗེས་ལན་ཅི་ཡང་མ་བཏབ།  གཉགས་རིན་ཆེན་འབུམ་གྱིས་ཡང"ཨ་ཕ་བསད་བཏང་ན་ངས་རང་དགར་མི་བསྐྱུར"ཟེར།  ཨ་མས"སེམས་ལ་དེ་འདྲ་དྲན་མི་རུང་།  སྔོན་བསགས་ཀྱི་འབྲས་བུ་སངས་རྒྱས་ཀྱིས་ཀྱང་བཟློག་མི་ཐུབ་ཟེར།  ཚང་མ་ལས་དབང་རེད"ཞེས་སྨྲས།

མཁའ་མཐའ་ནས་འོད་སྣང་ཤར་མོ་ཞིག་ཡུན་རིང་ལ་མངོན་ཞིང་།  དེའི་སྣང་བས་མ་བུ་ཟུང་གི་རྒྱབ་གཟུགས་གསལ་ལ་མི་གསལ་བར་མངོན་ཞིང་།  ཁོ་གཉིས་སྨག་རིམ་འཐིབས་པའི་རྐང་ལམ་བརྒྱུད་ནས་སྡེ་བའི་ཕྱོགས་སུ་བསྙེགས་པ་མཐོང་ཐུབ།  སྡེ་བའི་ལམ་མདོར་སླེབས་མ་ཐག་གློ་བུར་དུ་དམག་མི་སོ་སྲུང་བ་ཞིག་གིས"སྡོད་ཅིག"ཅེས་མེ་མདའ་ཁོ་གཉིས་ལ་གཏད་ཅིང་།  སོ་སྲུང་བ་གཞན་ཞིག་གིས་མིག་འཚེར་བའི་ལག་ཁྱེར་གློག་སྒྲོན་བཀར་ཏེ་ལུས་སྔོག་པར་བརྩམས་པ་ན།  ཨ་མས་དངངས་སྐྲག་གིས"ཁྱོད་ཀྱིས་ཅི་བྱེད་པ་ཡིན"ཟེར་བཞིན་ཕྱི་བསྣུར་བྱས།  མེ་མདའ་འཛིན་མཁན་དེས་ཁ་རླངས་ཐོལ་ཐོལ་གཏོང་བཞིན་ཅིག་ཤོས་ལ་སྐད་ཆ་འགའ་སྨྲས་པར་གཞན་དེས་སྔོག་བཤེར་བྱ་མཚམས་བཞག་པ་དང་ཁོའི་རྗེས་དེད་ནས་ཡོང་དགོས་པའི་རྣམ་འགྱུར་བསྟན།  སོ་སྲུང་བས་ཁོ་གཉིས་ཨ་ཁུ་སྔགས་པ་ཚང་དུ་ཁྲིད་ཅིང་།  འོག་ཁང་གི་སྒེའུ་ཁུང་ཆུང་ངུ་ལས་སྒྲོན་འོད་རབ་རིབ་ཅིག་སྣང་།  དེ་ལས་བལྟས་པ་ན།  སྐྲ་ལོ་དཀར་པོ་ཅན་གྱི་དམག་མི་རྒན་པ་ཞིག་གིས་དམག་མི་གཞོན་པ་ཞིག་གི་གདོང་ལ་མཛུབ་མོ་ཀེར་ཏེ་ཁོང་ཁྲོ་དྲག་པོས་སྤྱོ་བ་མཐོང་།  དེའི་ཉེ་འགྲམ་དུ་མགོ་བོ་སྨད་པའི་དམག་མི་ཞིག་འགྲེང་འདུག་ལ།  ཞིབ་ཏུ་བལྟས་ཚེ་ཁོ་ནི་དམག་མི་ལོ་ཙཱ་བ་རེད།  བོད་སྐད་སྨྲ་བའི་ལོ་ཙཱ་བ་དེ་མཐོང་བས་ཨ་མའི་སེམས་ཁ་ཅུང་ཟད་ལྷོད་ལ་བབས།

དམག་མི་ལོ་ཙཱ་བས་གཉགས་རིན་ཆེན་འབུམ་དང་ཨ་མ་གཉིས་ཁང་པའི་ནང་འཛུལ་ཡོང་བ་མཐོང་མ་ཐག"འགྲམ་རིང་ལུང་བ་དམག་གིས་བཀག་སྡོམ་བྱས་ཡོད། ཁྱོད་གཉིས་ཅི་ལྟར་ཡོང་བ་ཡིན"ཞེས་ཡ་མཚན་བཞིན་དྲིས།  ཨ་མས"ངེད་གཉིས་རི་སྐེད་ཀྱི་ནགས་ལམ་དེད་ཡོང་བ་ཡིན"ཞེས་སྨྲས།  ལོ་ཙཱ་བས་སྐྲ་ལོ་དཀར་པོ་ཅན་གྱི་དམག་མི་རྒན་པར་སྐད་ཆ་འགའ་སྨྲས་པར།  དམག་མི་རྒན་པའི་གདོང་ལ་འཛུམ་ལངས་ཤིང་གཉགས་རིན་ཆེན་འབུམ་དང་ཨ་མ་གཉིས་ལ་སྐད་ཆ་འགའ་ལབ།  ལོ་ཙཱ་བས"དམག་དཔོན་གྱིས།  ཁྱོད་གཉིས་བདེ་འཇགས་ངང་ཕྱིར་ལོག་པ་ཧ་ཅང་བཟང་།  མི་དམངས་མང་ཚོགས་ཀྱི་བདེ་འཇགས་སྲུང་རྒྱུ་བཅིངས་འགྲོལ་དམག་གི་འགན་ཁུར་དང་།  བཅིངས་འགྲོལ་དམག་ལ་རམ་འདེགས་བྱ་རྒྱུ་མི་དམངས་མང་ཚོགས་ཀྱི་འགན་ཁུར་ཡིན་ཟེར"ཞེས་ལོ་ཙཱ་བྱས།  དེ་ནས་ཁོས"ད་ནི་ཁྱོད་གཉིས་རང་ཁྱིམ་དུ་ལོག་ཆོག"ཅེས་ལྷས་རའི་ནང་སྐྱེལ་མ་བགྱིས་མཐར། "སང་ཉིན་སྔ་མོར་བཅིངས་འགྲོལ་དམག་ལ་རི་སྐེད་ཀྱི་ནགས་ལམ་སྟོན་དགོས།  ཁྱོད་གཉིས་ལས་གཅིག་སོང་ན་ཆོག"ཟེར།  སྐད་ཆ་དེས་མ་བུ་གཉིས་ཀྱི་བློ་མི་བདེ་བ་བཟོས་ཤིང་།  སེམས་ཁྲལ་ཆེན་པོའི་ངང་ཁ་འབྲལ་སྐབས་ཐོག་ཁང་ལས་ཨ་ཁུ་སྔགས་པའི་ཁ་བཏོན་བཟློ་བའི་སྒྲ་གསལ་ལ་མི་གསལ་བ་ཞིག་ཐོས།  ཁོ་གཉིས་སྲང་ལམ་བརྒྱུད་དུས་མཚམས་མི་ཆད་པར་དམག་མི་སོ་སྲུང་བར་ཐུག་ཅིང་།  ཁྱིམ་གྱི་སྒོ་ཁར་ལྷགས་པ་ན་གྱང་སྣ་རུའང་དམག་མི་སོ་སྲུང་བ་ཞིག་འགྲེང་འདུག  དེས"སྡོད་ཅིག"ཅེས་བཀག་ནས་ཅུང་མ་འགོར་བར་རྨོ་མོས་སྒོ་ཆེན་ཕྱེས་བྱུང་།  རྨོ་མོས་སོ་སྲུང་བར་ལག་བརྡ་སྟོན་གྱིན"ངེད་ཚང་གི་མནའ་མ་དང་བུ་ཆུང་རེད"ཅེས་པར།  དེས་ཀྱང་རྨོ་མོའི་རྣམ་འགྱུར་གོ་ནས་ཁྱིམ་དུ་བཏང་།  རྨོ་མོས"མྱི་ཁང་དུ་དམག་བསྡད་འདུག  ང་ཚོ་ཤིང་ཁང་ཆུང་བའི་ནང་ཉལ་དགོས"ཟེར།

གཉགས་རིན་ཆེན་འབུམ་གཉིད་དུ་ཡུར།  རྨོ་མོས་ཀྱང་སྐབས་འགར་རྔུར་བ་རེ་འཐེན་རྗེས་གློ་བུར་དུ་སད་ནས "དཀོན་མཆོག་གསུམ་པོས་མཁྱེན།  འགལ་རྐྱེན་བར་ཆད་སེལ་བར་ཤོག"ཟེར།  མནའ་མས"ནངས་མོར་ཅི་བྱ"ཞེས་དྲིས།  རྨོ་མོས"རང་གི་ཁྱོ་གའི་སྟེང་དམག་འདྲེན་མཁན་སུ་ཡོད། ལོ་ཙཱ་བ་དེས་རང་ཁེ་ཚིལ་ལི་འདྲ་བོ་བསམ་པ་མིན་ནམ"ཟེར།  མནའ་མས་འཕྲལ་དུ"རིན་ཆེན་འབུམ -- རིན་ཆེན་འབུམ"ཞེས་བོས་ཤིང་བུ་གཉིད་ལས་སློང་བར།  རྨོ་མོས"བུ་གཉིད་དུ་མི་འཇུག་པར་ཅི་བྱ"ཟེར།  མནའ་མས"རིན་ཆེན་འབུམ།  ཁྱོད་དོ་དགོང་བྲག་མདའ་སྒྲོར་གཏུག་དགོས"ཟེར།  གཉགས་རིན་ཆེན་འབུམ་གྱིས་མིག་ཟུང་ལག་པས་ཕུར་གྱིན་མལ་ལས་ལྡང་ཞིང་སློག་པར་སྐ་རགས་བཅིངས།  ཁང་པ་མུན་ནག་ཡིན་ཡང་དཀར་གསལ་ལེར་གནས་པའི་སྒེའུ་ཁུང་ངོས་སུ་གཉགས་རིན་ཆེན་འབུམ་གྱི་རྣམ་འགྱུར་ཡོངས་སུ་མངོན།  ཨ་མས"འགྲམ་རིང་ལུང་བའི་ནང་དྲེད་མོང་ཡོད་ཀྱང་བོའུ་སྐད་ཀྱིས་ཚང་མ་རྫ་ལ་དཀྲོགས་སོང་།  ཡིན་ཡང་སྒོ་ཕྱི་ལ་འགྲོ་ན་མཚོན་ཟེར་བས།  རང་གི་གློ་གྲི་འདོགས་རྒྱུ་མ་བརྗེད"ཟེར།  རྨོ་མོར་སེམས་ཁྲལ་ཆེ་ཡང་ཚ་བོ་རི་ལ་མངག་རྒྱུ་ནི་རང་གི་བུ་སྐྱོབ་པའི་ཐབས་ལམ་ཉག་ཅིག་ཡིན་པ་ཚོར་ནས་ཁོག་སྟོད་དགྱེ་དགྱེ་ངང་དཀོན་མཆོག་གསུམ་ལ་སྨོན་ལམ་འདེབས་ཀྱིན་གནས།  ཨ་མ་ཕྱི་ལོགས་སུ་བུད་དེ་དམག་གི་གྲག་འགུལ་ལ་ཉན་པར།  ད་ནི་ནམ་གུང་འཛུར་ནས་མི་ཁྱི་རྣམས་གཉིད་ཀྱི་གཏིང་ལ་བབས་པའི་དབེན་འཇགས་དུས་སྐབས་ཡིན་ཞིང་།  འཁྱགས་རླུང་ཞིག་ལྡང་བཞིན་པ་ལས་ཅི་ཡང་མི་ཐོས།  སྒོའི་ཕྱི་རོལ་གྱི་དམག་མི་སོ་སྲུང་བ་སྔར་ཤུལ་དུ་འགྲེང་འདུག་པས།  མོས་བུ་ཁང་ཀླད་ལ་ཁྲིད་དེ་གྱང་ཁ་ནས་ཁང་རྒྱབ་ཏུ་བསྣར།  གཉགས་རིན་ཆེན་འབུམ་ཁང་རྒྱབ་ཏུ་ལྷགས་པ་ན་རྐང་འཇབ་ལག་འཇབ་ངང་དམག་མི་སོ་སྲུང་བར་གཡོལ་བཞིན་མུན་ནག་ཁྲོད་བཞུད་པར་གྱུར།  བུ་ཆུང་མུན་ནག་ཁྲོད་བཞུད་པ་ན།  སྙིང་ལ་གྲི་རྩེ་ཟུག་པ་འདྲ་བའི་སེམས་ཁྲལ་སྐྱེས་མོད།  འོན་ཀྱང་དེ་ནི་ཁྱོ་ག་སྐྱོབ་པའི་བྱ་ཐབས་འབའ་ཞིག་རེད།  མོ་ཕྱིར་ལྷགས་ཤིང་ཁ་ཅི་ཡང་མ་གྲག་པར་མལ་སའི་ནང་དུ་ལོག  རྨོ་མོས་ཁོག་སྟོད་དགྱེ་ནས་ཁ་བཏོན་ཞིག་ཤུབ་བུས་བཟློ་བཞིན་མཆིས།  ཡོད་ཚད་ཁུ་སིམ་མེར་གནས་ཀྱང་སྙིང་ཁམས་འཕྱོ་བའི་དྲག་རྩུབ་ཀྱི་མཁའ་རླུང་ཞིག་གིས་ཁང་ཆུང་འགས་སྙམ་བྱེད།

གཉགས་རིན་ཆེན་འབུམ་འགྲམ་རིང་ལུང་བའི་ཕྱོགས་སུ་རྒྱུག་གིན་འདུག  ཁོས་རྐང་ལམ་དེད་ནས་བསྐྱོད་ཅིང་སྐབས་འགར་རྐང་ལམ་ལས་ཀྱང་མྱུར་བའི་ལམ་མེད་ཀྱི་འགག་སྣེ་མང་པོ་བརྟོལ་བཞིན་ཆས།  མཚན་མོར་སྨག་གིས་གཡོགས་ཡོད་ཀྱང་དུས་ཡུན་ངེས་ཅན་ཞིག་ལ་ཕྱིན་ཚེ་རྡོག་ལམ་ཡོངས་སུ་མཐོང་བར་མ་ཟད།  རྒྱང་ཐག་ཉེ་རིང་གི་གནས་རྣམས་ཀྱང་ག་ལེར་མཐོང་ཐུབ།  ནག་ཡོར་བའི་རྫ་དང་འདབས་ཀྱི་སྡེ་བ།  མཐའ་ཡི་ཐེམ་ཞིང་།  གྲམ་གཞུང་གི་ཆུ་བོ་སོགས་རང་བྱུང་གི་བཀོད་པ་ཚང་མ་རབ་རིབ་ཀྱི་རི་མོ་ཞིག་དང་འདྲ་བར་སྣང་།  མཚན་མོར་རྒྱུ་བ་ནི་གཉགས་རིན་ཆེན་འབུམ་ལ་མཚོན་ན་སྤྲོ་སྣང་ལྡན་པ་ཞིག་རེད།  མཚན་མོའི་དུས་སུ་མིའི་འདུ་འཛི་བྲལ་བས་རང་བྱུང་ཁམས་ཀྱི་བྱ་དངོས་ཧྲིལ་བོ་སོ་སོར་མ་འདྲེས་པར་ཁ་ཁུ་སིམ་མེར་ཡོད་ཅིང་།  གྲོད་ཁོག་ལྟོགས་ནས་གཉིད་མ་ཁུག་པའི་སྲོག་ཆགས་དང་སེམས་ཅན་རེ་གཉིས་གཟན་འཚོལ་ཏུ་འགྲོ་བ་མ་གཏོགས་ས་ས་མལ་དང་རྡོ་རྡོ་མལ་དུ་གནས།

མཚན་མོར་རྒྱུ་བ་ནི་སྡེ་བའི་བྱིས་པ་ཚོའི་རྒྱུན་ལྡན་གྱི་རྩེད་སྣ་ཞིག་ཡིན་ཞིང་།  དེ་ལས་ཆེས་ཞེད་སྣང་སྐྱེས་པ་ནི་དུར་ཁྲོད་དབུས་སུ་ཕུར་བ་གདབ་ཏུ་འགྲོ་བ་དང་གྲམ་པའི་རང་འཐག་གི་མཆིག་རྡོའི་སྟེང་དུ་ནས་འབྲུ་གཏོར་བར་འགྲོ་བ་ནི་ཧ་ཅང་ཡ་ང་བའི་རྩེད་སྣ་གཉིས་ཡིན་པས།  དེ་ལ་རྒྱན་འཛུགས་ཐུབ་མཁན་བྱིས་པ་ཚོའི་ཁྲོད་ཧ་ཅང་དཀོན།  གཉགས་རིན་ཆེན་འབུམ་གྱིས་རང་འཐག་གི་མཆིག་རྡོའི་སྟེང་ནས་འབྲུ་སྤར་གང་གཏོར་མྱོང་བས།  སྡེ་བའི་བྱིས་པའི་གྲས་ནས་སྙིང་སྟོབས་ཆེས་ཆེ་བར་གྱུར།  ཡུལ་གྲུ་གཞན་དུ་རྩེད་སྣ་འདི་གཉིས་ཀྱིས་ཅི་ཡང་མཚོན་མི་ཐུབ་པ་སྲིད་མོད།  འོན་ཀྱང་གཉགས་སྡེ་བའི་མི་རྒན་ཚོའི་ངག་རྒྱུན་ལ་དུར་ཁྲོད་དུ་འབྱུང་བོ་རོ་ལངས་ལ་འཕྲད་སྲིད་པ་དང་རང་འཐག་ནང་འདྲེ་ལ་འཕྲད་སྲིད་པར་བརྗོད་པས།  བྱིས་པ་སུ་ཞིག་མཚན་མོའི་མུན་ནག་ཁྲོད་འཇིགས་སུ་རུང་བའི་གནས་འདི་གཉིས་སུ་འགྲོ་ཕོད་དམ།  དངོས་ནས་མི་ཕོད་པ་སྟེ།  གཉགས་རིན་ཆེན་འབུམ་ལ་མི་རྒན་ཚོས་རྟག་པར་བསྔགས་བརྗོད་དང་སྙིང་སྟོབས་སློང་བས་ད་གཟོད་ཁོས་ཁོག་དཔུང་ལར་རྒྱ་བསམ་ནས་བྱིས་པ་ཚོའི་དབུས་སུ་རང་འཐག་ནང་བགྲོད་རྒྱུའི་རྒྱན་བཙུགས་ཤིང་།  སྲོག་བསྡོས་ནས་མུན་པ་འཁྲིགས་པའི་རང་འཐག་གི་མཆིག་རྡོའི་སྟེང་ནས་འབྲུ་སྤར་གང་གཏོར་རྗེས་ཕྱིར་མིག་མ་བལྟས་པར་སྒོར་བུད་པ་དང་དབུགས་ཐེངས་གཅིག་གིས་སྡེ་བའི་ནང་དུ་སླེབས།  ཕྱི་ཉིན་བྱིས་པ་ཚོ་རང་འཐག་ནང་ཕྱིན་པ་ན།  ནས་འབྲུ་སྤར་གང་བོ་བྱེའུ་འཇོལ་མོས་བཏུས་ཏེ་རྡོག་གཅིག་ཀྱང་ལྷག་མི་འདུག  གཉགས་རིན་ཆེན་འབུམ་གྱིས་མནའ་སྐྱེལ་ནའང་ཁོས་ནས་འབྲུ་མཆིག་སྟེང་དུ་གཏོར་བའི་བདེན་དཔང་ཕྲན་ཙམ་མ་རྙེད་པས་འུ་ཐུག་པར་གྱུར།  ཡིན་ཡང་ཁོས་ཞིབ་ཏུ་བཙལ་བར་མཆིག་རྡོའི་འཁོར་མིག་ནང་ནས་འབྲུ་ཁ་ཤས་འཐོར་ཡོད་པ་རྙེད་ཅིང་།  ཞིབ་ཏུ་བརྟག་པར་དེ་དག་ནི་དངོས་གནས་ཁོས་གཏོར་བའི་ནས་འབྲུ་ཡིན་པ་ཤེས།  རང་འཐག་གི་མཆིག་རྡོའི་སྟེང་ནས་འབྲུ་གཞན་ཡོད་ངེས་པས་རྒྱན་འཛུགས་སྐབས་བྱིས་པ་ཚོས་ནས་འབྲུ་རེ་རེར་གྲི་རྟགས་བཏབ་ཡོད།  དེ་ནས་བཟུང་གཉགས་རིན་ཆེན་འབུམ་གྱི་མཚན་སྙན་བྱིས་པ་ཚོའི་ཁྲོད་དུ་ཁྱབ།

མ་གཞི་རྒྱན་འཛུགས་པའི་རྩེད་སྣ་དེ་གཉིས་སྔོན་ཆད་སྐྱེས་པ་དར་མའི་སྙིང་སྟོབས་འགྲན་བྱེད་ཅིག་ཡིན་ལ།  རྒྱན་བཙུགས་ནས་སྐྱེས་པ་ལ་ལ་འཇིགས་སྐྲག་གིས་སྨྱོས་པ་དང་ལ་ལ་འཇིགས་སྐྲག་གིས་སྙིང་གས་ནས་ཤི་བའི་ལོ་རྒྱུས་ཀྱང་བཤད་རྒྱུ་འདུག  དེ་བས་རྩེད་མོ་དེ་གཉགས་སྡེ་བའི་ནང་བཀག་ནས་ཡུན་རིང་འགོར།  རྒྱན་བཙུགས་ནས་སྨྱོས་པའི་ལོ་རྒྱུས་ནི་སྔོན་གཉགས་སྡེ་བའི་སྐྱེས་པ་ཞིག་གིས་རྒྱན་བཞག་ནས་དུར་ཁྲོད་དུ་ཕུར་བ་གདབ་པར་ཕྱིན་པ་ལ།  གཞན་ཚོས་རྒྱན་ཤོར་དོགས་ཀྱིས་སྔོན་ལ་ཆས་ཤིང་མི་ཞིག་གཅེར་བུར་དུར་ཁྲོད་དུ་ཉལ་བསྡད་པར།  སྐྱེས་པ་དེ་གར་ལྷགས་ཤིང་ཕུར་བ་སར་གདབ་སྟེ་ཕྱིར་ལོག་སྙམ་པ་ན་གློ་བུར་དུ་མི་གཅེར་བུ་ཡར་ལངས།  དེར་རྐྱེན་བྱས་ཕྱི་ཉིན་སྐྱེས་པ་སྨྱོས་སོང་།  ཡང་རྒྱན་བཙུགས་ནས་ཤི་བའི་ལོ་རྒྱུས་ནི་སྐྱེས་པ་ཞིག་གིས་རྒྱན་བཞག་ནས་དུར་ཁྲོད་དུ་ཕུར་བ་གདབ་པར་ཕྱིན་པ་ལ།  ཁོ་ཕྱིར་ལོག་རྒྱུ་མ་བྱུང་།  ཕྱི་ཉིན་མི་རྣམས་དུར་ཁྲོད་དུ་ཆས་པར་བྱ་རྒོད་ཀྱིས་མ་ཟོས་པའི་བེམ་པོ་ཞིག་དཀར་སེང་ངེར་ཡོད་ཅིང་།  དེའི་འགྲམ་དུ་ཁོས་རང་གི་ཐུ་བའི་སྟེང་ཕུར་བ་གདབ་ནས་ཡར་ལངས་མ་ཐུབ་པར་ཤི་འདུག་པ་མཐོང་།  ངག་རྒྱུན་རྣམས་བདེན་མིན་མི་ཤེས་ཀྱང་གཉགས་སྡེ་བས་རྒྱན་པོ་འཛུགས་སྲོལ་དེ་ལག་ལེན་བྱ་མི་ཆོག་པ་བཟོས་འདུག  སྐྱེས་པ་དར་མ་ཚོས་མི་རྒན་གྱི་ངག་བརྩི་ན་ཡང་བྱིས་པ་ཚོས་ལྐོག་ཏུ་རྩེད་མོ་དེ་རྩེས་ཀྱིན་འདུག་ལ།  ཁོ་ཚོ་དུར་ཁྲོད་དུ་ཕུར་བ་གདབ་པར་འགྲོ་མ་མྱོང་བ་མ་གཏོགས་རང་འཐག་ནང་འགྲོ་མྱོང་མཁན་རེ་གཉིས་ཡོད།

གཉགས་རིན་ཆེན་འབུམ་འགྲམ་རིང་ལུང་བའི་ཁ་རྒྱུད་དེད་ནས་རི་སྐེད་བར་དུ་ཆས་ཤིང་།  དེ་ནས་ནགས་ལམ་ལ་ཞུགས།  ནགས་ལམ་ནི་ཁ་དོག་ནག་པོའི་སྡོང་བོ་དང་ཚང་ཚིང་གི་བར་དུ་སྐྱ་ཐག་གེར་བསྲིངས་འདུག་ལ་ཁོ་བསྐྱོད་སྐབས་རླུང་བུའི་ཤུར་སྒྲ་འཛེར་བོ་ཞིག་ནགས་གསེབ་ནས་རིམ་གྱིས་གྲག་ཅིང་།  ལམ་བུའི་འགྲམ་གྱི་སྡོང་བོ་རྣམས་ཡམ་ཡོམ་འགུལ་ཏེ་ཅིར་སྒྲ་དང་ཐྲག་སྒྲ་བར་མེད་དུ་སྒྲོག  སྡེ་བའི་སྲང་བར་དང་གཡུལ་ཁ།  རྩྭ་ཁང་སོགས་ནི་བྱིས་པ་ཚོའི་མཚན་མོའི་རོལ་རྩེད་ཀྱི་གནས་ཉམས་དགའ་བ་ཞིག་ཏུ་མཐོང་གིན་ཡོད་མོད།  འོན་ཀྱང་མི་མེད་ལུང་སྟོང་དང་ནགས་གསེབ་ཏུ་མཚན་མོར་བགྲོད་པ་ནི་ཅུང་ཟད་ཡ་ང་བར་སྣང་།  གཉགས་རིན་ཆེན་འབུམ་དྲེད་མོང་དང་སྤྱང་ཀིར་འཕྲད་སྲིད་སྙམ་ནས་སེམས་ཁྲལ་སྐྱེས་ནའང་ལུང་བའི་ནང་དམག་འཁྲུག་བརྒྱབ་པའི་རྣམ་པ་ཡིད་ལ་འཆར་བ་ན།  ཐོལ་གྱིས་སྙིང་ཁམས་དང་རྐང་ལག་གི་ཁྲག་རྒྱུན་དབུས་སུ་ངར་ཤུགས་རྒྱས་ཏེ་གནས་སྐབས་ཀྱི་ཞེད་སྣང་གར་སོང་ཆ་མེད་དུ་གྱུར་པར་མ་ཟད།  འཕྲལ་མར་ཨ་ཕ་བདེ་འཚམ་ཡིན་མིན་གྱི་སེམས་ཁྲལ་ཞིག་གིས་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་ཕྱིན།

སྐབས་རེར་ནགས་གསེབ་ནས་འུག་པའི་སྐད་སྒྲ་འཇིགས་སུ་རུང་བ་རེ་གྲག་པ་དང་སྲོག་ཆགས་རེ་གཉིས་ཤག་སྒྲ་དང་བཅས་འབྲོས་པའི་སྒྲའང་ཐོས་ཐུབ།  ཨ་ཙི།  མདུན་གྱི་ལམ་ཕྲན་དཀྱིལ་དུ་སྲོག་ཆགས་ཆེན་པོ་ཞིག་གི་གཟུགས་རིས་མངོན་བྱུང་།  གཉགས་རིན་ཆེན་འབུམ་གྱིས་སྐེད་ལ་གཟེར་བའི་གློ་གྲི་ཤུབས་ནས་ཕྱུངས་ཏེ་དམ་དུ་འཆིང་།  ཁོའི་གོམ་པ་ཇེ་དལ་དུ་གྱུར་མོད་སྲོག་ཆགས་དེར་སྐྲག་ནས་ཕྱིར་བསྣུར་བྱ་རྒྱུའི་བསམ་བྱ་ཕྲན་ཙམ་ཡང་མ་སྐྱེས།  ཨ་ཕ་འཚོལ་དུ་འགྲོ་བ་ནི་ཨ་མའི་བཀའ་ཡིན་ཞིང་དེའི་ཆེད་དུ་སུས་མདུན་ལམ་བཀག་ཀྱང་སྲོག་བསྡོས་ནས་གདོང་མཆོངས་བྱེད་པ་ལས་ཅི།  སྲོག་ཆགས་ཆེན་པོ་དེ་ག་ལེར་ཁོའི་ཕྱོགས་སུ་ཡོང་།  "དྲེད་མོང་དང་འཕྲད་ཚེ་ཐུར་ལ་འབྲོ་དགོས།  དྲེད་མོང་ཐུར་དུ་རྒྱུག་ན་མིག་ཤ་ལུགས་ནས་མཐོང་ལམ་གཅོད"ཟེར་བའི་སྐད་ཆ་ཞིག་གཉགས་རིན་འབུམ་གྱི་ཡིད་ལ་ཐོལ་གྱིས་དྲན་བྱུང་།  གལ་སྲིད་སྲོག་ཆགས་དེ་དྲེད་མོང་ཞིག་ཡིན་ཚེ་ཁོ་སྐད་ཅིག་ལ་ནགས་གསེབ་ཐུར་དུ་འབྲོ་དགོས་སྙམ།  སྲོག་ཆགས་དེ་ཁོ་དང་བར་ཐག་ཇེ་ཉེ་ཇེ་ཉེ་ཡིན་ལ་ཁོས་ལག་པ་ཡར་བཀྱགས་ཤིང་གློ་གྲི་དམ་དུ་བཟུང་ནས་བསྡད།  དེ་འཕྲལ་སྲོག་ཆགས་དེས་སྣ་ཧུར་ཞིག་བརྒྱབ་བྱུང་།  དངོས་གནས་དགོད་བྲོ་བ་ལ།  གཉགས་རིན་ཆེན་འབུམ་གྱི་སེམས་ཁ་འཕྲལ་མར་ལྷོད་ལ་བབས།  མ་གཞི་ཁོའི་ཕྱོགས་སུ་ཡོང་བཞིན་པ་ནི་རི་མགོར་ལུས་པའི་ནོར་གནག་ཅིག་རེད།  མུན་ནག་ཁྲོད་ནོར་གནག་དེ་སུ་ཚང་གི་ཡིན་པ་མི་ཤེས་ཀྱང་ཁོས་ནོར་གནག་གི་དཔྲལ་བ་དང་མཆུ་ལ་རེག་རེག་བྱས།  མུན་པའི་ཁྲོད་ནས་བློས་ཐུབ་སྤུན་ཟླ་ཞིག་ལ་འཕྲད་པ་དང་མཚུངས།  ནོར་གནག་གིས་ཀྱང་བློ་ཁ་བདེར་བབས་པ་ཇི་བཞིན་ཁོའི་ལག་པ་ལྡག་ཅིང་མགོ་བཀྱགས་ནས་ལྟ་བར་བྱེད།  གཉགས་རིན་ཆེན་འབུམ་གྱིས་ནོར་གནག་དེ་སྡེ་བའི་ཕྱོགས་སུ་མངགས་རྗེས་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད།

མཁའ་མཐའ་ནས་སྐྱ་མདའ་འཐེན་མ་ཐག་རྨོ་མོ་དང་མནའ་མ་གཉིས་མལ་ལས་ལྡང་ཞིང་ཁ་ལག་བཀྲུས་རྗེས།  རྨོ་མོས་མཆོད་ཁང་དུ་མཆོད་པ་བཤམས།  མནའ་མས་ཐབ་ཟངས་ལ་བག་ལེབ་བསྲེགས་ཏེ་ཞོགས་ཟས་གྲ་སྒྲིག་བྱས།  ཁོ་ཚང་དུ་དམག་མི་བདུན་བསྡད་ཡོད་ལ།  ཁྱིམ་གྱི་མགྲོན་པོར་གྱུར་པའི་དམག་མི་ཚོར་མནའ་མས་ཞོགས་ཟས་ལྡུད་བསམ་ཡང་དམག་མིར་ཇ་མ་ཡོད་པས།  ཁོ་ཚང་གི་ཐབ་ཀ་དང་ཟངས་ང་གཡར་ན་ཆོག་འདུག  མནའ་མས་བག་ལེབ་ཚ་བོ་ཤིང་སྡེར་དུ་བླངས་ཤིང་ཇ་བླུགས་ནས་རྨོ་མོའི་མདུན་དུ་བཞག  རྨོ་མོས་ཇ་ལ་ཧུབ་ཙམ་བྱས་པ་ལས་གོ་རེ་ཁམ་གང་ཟ་བའི་ཡི་ག་མ་མཆིས་པར་གདའ།  མནའ་མས་བག་ལེབ་ཅིག་ཆ་བདུན་དུ་བགོས་ནས་ལྷས་རའི་གྱང་ཐུང་སྒང་དང་བུད་ཤིང་སྟེང་།  ས་སྟེགས་ཐོག་གང་སར་རྐུབ་བཞག་ནས་ཞོགས་ཟས་ཟ་བཞིན་པའི་དམག་མིར་བྱིན།  དམག་མིའི་ཁྲོད་དུ་རྒན་པ་གཅིག་ལས་གཞན་དག་ནི་ལོ་གཞོན་རྐྱང་རྐྱང་རེད་འདུག  ཆེས་ཆུང་བ་ནི་གཉགས་རིན་ཆེན་འབུམ་གྱི་ལོ་ཚོད་དང་འདྲ་བས།  མནའ་མས་དམག་མི་དེ་ཚོ་སྙིང་རྗེ་སྟེ"བག་ལེབ་ཟོ་དང་ད་རུང་ཡོད"ཅེས་སྨྲས་ཤིང་རྣམ་འགྱུར་བསྟན།  དམག་མི་དག་གིས་མོའི་སྐད་ཆ་མི་གོ་ཡང་རྣམ་འགྱུར་ཤེས་ནས་བཀའ་དྲིན་ཞུ་བའི་ཚུལ་ཡང་ཡང་སྟོན།

ཅུང་མ་འགོར་བར་དམག་མི་ལོ་ཙཱ་བ་སྒོ་ཆེན་ལས་ནང་དུ་ལྷགས་ནས"དམག་དཔོན་གྱིས་ཁྱོད་འབོད་ཀིན་འདུག"ཟེར།  མནའ་མ་ལོ་ཙཱ་བའི་རྗེས་དེད་ནས་འགྲོ་སྐབས་རྨོ་མོའང་ཤིང་ཁང་ཆུང་ངུ་ལས་ཕྱིར་བུད།  མནའ་མས་ཕྱིར་མིག་བལྟས་པ་ན།  རྨོ་མོའི་མིག་མདངས་ཁྲོད་དེ་སྔ་མཐོང་མ་མྱོང་བའི་སྐྱོ་བ་ཞིག་གིས་ཁེངས་འདུག་ལ།  དེ་དང་ཆབས་ཅིག་མོའི་སྐྲ་ལོའི་བཀྲག་མདངས་ཉམས་ནས་ཐལ་མདོག་ཏུ་སོང་བའི་སྣང་བ་སྐྱེས།  རྨོ་མོས"ཚང་མ་ལས་རེད།  བྱི་ལི་ཁྲིད་ཡོང་རྒྱུ་མ་བརྗེད"ཅེས་སྨྲས།  མནའ་མས་མགོ་བོ་ནང་དུ་གུག་ཙམ་བྱེད་པ་ལས་མགྲིན་པ་སྨྲེང་སོང་།  དམག་མི་ལོ་ཙཱ་བས་མནའ་མ་ཁྲིད་ནས་ཨ་ཁུ་སྔགས་པ་ཚང་ལ་སླེབས་པར།  སྒོ་ཁར་དམག་མི་སྐོར་ཅིག་གིས་སྒྱོགས་ཆེན་ཞིག་ཁལ་རྟའི་རྒྱབ་ལ་འགེལ་གྱིན་མཆིས།  མནའ་མས་སྣང་ཚུལ་དེ་མཐོང་མ་ཐག་ཐོལ་གྱིས་སྙིང་ཁམས་མི་བདེ་བར་གྱུར།  དམག་མི་ལོ་ཙཱ་བས་མོ་སྒོ་ཆེན་བརྒྱུད་ནས་ལྷས་རའི་ནང་ཁྲིད་ཅིང་ལྷས་རའི་གྲུ་གའི་རྩྭ་ཁང་གི་སྒོ་ཕྱེས་ནས་ནང་དུ་མངགས།  ཨ་ཁ།  གཉགས་རིན་ཆེན་འབུམ་ཁང་པའི་མུན་ནག་ནང་དུ་བཅུག་འདུག  མོས"ཁྱོད་འདི་གར་ཅི་ལྟར་ཡོང"ཞེས་ཡ་མཚན་པའི་ངང་དྲིས།  གཉགས་རིན་ཆེན་འབུམ་གྱིས"སྐེད་ལམ་གྱི་ཕུ་ན་དམག་བསྡད་འདུག  ང་ཁོ་ཚོས་བཟུང་བ་རེད"ཟེར།  དམག་མི་ལོ་ཙཱ་བས"ཇག་པར་བརྡ་སྐྱེལ་ན་སྲོག་ཁྲིམས་གཅོད་སྲིད། ཡིན་ཡང་བུ་འདི་ད་དུང་ཁྲིམས་ཐག་གཅོད་པའི་ལོ་ནར་སོན་མེད་པ་དང་གཅིག  ཁྱོད་ཚང་ཕུལ་བྱུང་ཁྱིམ་ཚང་ཡིན་པ་དང་གཉིས་ཀྱི་ཆ་རྐྱེན་ལས་དམག་དཔོན་གྱིས་ཀུ་ཡངས་གནང་སོང་།  རྗེས་མ་གཟབ་གཟབ་བྱ་དགོས"ཟེར།  གཉགས་རིན་ཆེན་འབུམ་གྱི་ཨ་མས"དྲིན་ཆེན་པོ"ཞེས་དམག་མི་ལོ་ཙཱ་བའི་ལག་མགོར་འཇུས་ནས་བཀའ་དྲིན་ཚོར་བའི་རྣམ་འགྱུར་ཡང་ཡང་བསྟན།  དམག་མི་ལོ་ཙཱ་བས"བུ་ཁྲིད་ནས་ཁྱིམ་ལ་སོངས།  དེ་རིང་སྒོར་མ་འབུད"ཟེར།  ཨ་མས་བུ་ཁྲིད་ནས་ཁྱིམ་དུ་ལོག་པར་རྨོ་མོ་ཧ་ཅང་དགའ་སྤྲོས་ཁེངས།  རྨོ་མོ་དང་མནའ་མ།  བུ་གསུམ་གྱིས་དམག་མི་ལོ་ཙཱ་བའི་ངག་ལྟར་སྒོར་མ་བུད་པར་བསྡད།  འགྲམ་རིང་ལུང་བའི་ཕུ་ནས་མེ་མདའི་སྐད་སྒྲ་མཚམས་མི་ཆད་པར་གྲག  རྨོ་མོས་མ་ཎི་ཕྲེང་བ་འདྲེན་གྱིན་མིག་ཟུང་བཙུམས་ནས་སྨོན་ལམ་ཡང་ཡང་བརྒྱབ་པ་དང་།  ལྷས་རའི་ནང་ཚ་བསུར་ཆེན་པོ་ཞིག་ཕུད།  མནའ་མའི་སེམས་ཁ་ལྷོག་ལྷོག་འཕར་བས་ལྷས་རའི་ནང་བུད་ནས་མེ་མདའི་སྐད་ལ་ཡང་ཡང་ཉན།  གཉགས་རིན་ཆེན་འབུམ་སྐས་འཛེགས་བརྒྱུད་དེ་ཁང་ཀླད་ལ་ཕྱིན་པར་དམག་མི་སོ་སྲུང་བས་སྐད་བརྒྱབ་ནས་ཕྱིར་འབབ་ཏུ་བཅུག  ཁང་པའི་ནང་སྡོད་དགོས་བྱུང་ཚེ་ཉིན་གང་གི་དུས་ནི་ལོ་གཅིག་གི་ཡུན་དང་མཚུངས།  ཕྱི་དྲོའི་དུས་སུ་མེ་སྒྱོགས་ཀྱི་སྒྲ་ཆེན་པོ་ཞིག་ཐེངས་གསུམ་ལ་གྲག་ཅིང་།  དེ་ནས་ཡུལ་གྲུ་ཀུན་ལྷིང་འཇགས་སེར་སོང་།

གཉགས་སྡེ་བ་འཆིང་གྲོལ་བྱས་རྗེས།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཡུལ་དབུས་ཀྱི་ཕྱོགས་སུ་དཔུང་བསྐྱོད་བྱས།  གཉགས་རིན་ཆེན་འབུམ་གྱི་ཕ་ཕྱིར་ལོག་རྒྱུ་མ་བྱུང་།  བུ་ཕྱིར་ཡོང་མེད་པ་རྨོ་མོས་སྔར་ནས་རྟོགས་ཡོད།  རྨོ་མོས་མུ་མཐུད་དུ་ཚ་བསུར་ཕུད་ཀྱིན་མཆིས།  ཚ་བསུར་གྱི་དྲི་མ་ནི་བར་དོ་ཉུལ་བའི་རྣམ་ཤེས་ཀྱི་ལམ་རྒྱགས་ཡིན་ཟེར།  ཆོས་ལུགས་ཀྱི་ལྟ་ཚུལ་འདིར་རྨོ་མོས་ཡིད་ཆེས་བྱེད་པར་མ་ཟད།  ཚ་བསུར་ཕུད་སྐབས་སེར་སྣ་ཕྲན་ཙམ་མེད་པར་སྙིང་གི་བུའི་སྔུན་དུ་ཁ་ཟས་སྤུངས་བཞིན་པ་དང་མཚུངས།  རྨོ་མོས་ཚ་བསུར་ཕུད་པའི་དུས་ཙ་ན།  མནའ་མས་བྲག་མདའ་སྒྲོའི་གཤམ་གྱི་སྡོང་གསེབ་ཏུ་བྲག་རྡོ་འཐོར་བའི་འོག་ཁྱོ་ག་དང་སྐྱེས་པ་འགའི་བེམ་པོ་རྙེད་ཅིང་།  དེ་དག་རེ་རེ་བཞིན་སྤང་ཤ་ལེབ་མོ་ཞིག་གི་ངོས་སུ་དྲུད་དེ་བྱ་ལ་གཏོར་བསམ་ནའང་།  ཚང་ཚིང་དབུས་སུ་བྱ་རྒོད་མི་འབབ་པས་སྤང་ཤའི་ཉེ་ཁོར་གྱི་སྡོང་བོ་ཡོངས་སུ་བཅད་དེ།  བར་སྣང་ནས་བལྟས་ན་ནགས་གསེབ་ཏུ་ཤ་ཁྲག་སྤུངས་པའི་རང་བྱུང་གི་སྡེར་མ་སྒོར་མོ་ཞིག་བཤམས་པ་ལྟར་བྱས་པར།  བྱ་རྒོད་བརྒྱ་ཚོ་སྐད་ཅིག་ལ་བར་སྣང་དུ་འཁོར་ཞིང་ག་ལེར་བེམ་པོའི་སྟེང་དུ་བབས་སོང་།

གོ་ཐོས་སུ།  དཔོན་པོ་འཁོར་བཅས་དམག་དཔུང་ཞིག་གིས་བདས་ནས་རྗེས་ཟིན་ལ་ཉེ་བ་ན།  གློ་བུར་དུ་སྨུག་ལོང་འཁྲིགས་ཏེ་ཁོ་ཚོ་ནུབ་ཕྱོགས་སུ་ཐར་ཙམ་བྱུང་།  ཡིན་ཡང་ག་ས་གར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཁྱབ་ནས་འབྲོ་ས་ཕྲན་ཙམ་མ་རྙེད་པར་ཕྱིར་མི་ལོག་ག་མེད་བྱུང་།  དཔོན་པོས་མགོ་བཏགས་ཏེ། "ཉེ་སྔོན་གོ་མིན་ཏང་གི་མི་ངན་འགའི་ངག་ལ་ཉན་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་ཡག་པོའི་གོ་དོན་མ་རྟོགས་པར་ངོ་རྒོལ་བྱས་ཤིང་ཉེས་དམིགས་ཚབས་ཆེན་བསགས།  ད་ནས་བཟུང་ཏང་གི་ལམ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུའི་དམ་བཅའ་བརྟན་པོ་བཞག་པ་ཡིན"ཞེས་པར།  གོང་རིམ་གྱིས"ཉེས་པ་ངོས་ལེན་བྱས་པ་བཟང"ཞེས་བསྒྲགས་ཡིག་སྦྱར་ཞིང་ཚགས་པར་དུ་བཀོད།  དཔོན་པོའི་རྗེས་འབྲངས་པ་རེ་རེའི་ལོ་རྒྱུས་ཞིབ་ཆ་ཐོ་འགོད་བགྱིས་མཐར་ཚང་མར་ཀུ་ཡངས་གནང་སྟེ་ཁྱིམ་ལ་བཏང་ཟེར།  སྐད་ཆ་དེ་བདེན་པར་འདུག  ཉིན་ཞིག་སྤོ་བོ་ཁྱིམ་དུ་ལོག  ཁོ་ཧ་ཅང་ཐང་ཆད་ཡོད་ལ་སྔོན་དང་བསྡུར་ཚེ་རྒས་ཤིང་རིད་པར་གྱུར་འདུག  སྤོ་བོས་བཤད་རྒྱུར། "ང་ཚོའི་འགྲོ་འདུག་དཔོན་པོའི་དབང་ན་ཡོད།  དཔོན་པོས་རྒྱོབས་ཟེར་ན་རྒྱག་དགོས།  མགོ་ཐོགས་ཟེར་ན་འདོགས་དགོས།  གནས་ལུགས་འདི་ཀུན་གྱིས་ཤེས།  དཔོན་པོའི་འཁོར་གཡོག་ཡིན་ཚེ་ཤི་ན་གསོན་ན་ཉེས་པ་ག་ལ་ཡོད"ཅེས་སྨྲས།  རྗེས་སུ་སྤོ་བོའི་སྐད་ཆ་དེས་ནུས་པ་ཆེན་པོ་ཐོན་ནས་གཉགས་རིན་ཆེན་འབུམ་གྱི་ཨ་ཕས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་ངོ་རྒོལ་བྱས་པའང་གཞན་གྱི་བཙན་སྐུལ་དུ་བརྩིས་ཏེ།  ཁོར་ནག་ཉེས་མི་འདུག་ཟེར།  རྨོ་མོས་གཉགས་རིན་ཆེན་འབུམ་ལ་སྐད་ཁྱེར་དུ་བཅུག་པའི་གནས་ཚུལ་སུས་ཀྱང་མི་ཤེས་མོད།  འོན་ཀྱང"རིག་གསར"སྐབས་སུ་མི་ཞིག་གི་ངག་ལས་ཤོར་ཏེ་རྨོ་མོ་དང་སྤོ་བོ་གཉིས་ལ་གསར་བརྗེ་ངོ་ལོག་པའི་ཤོག་ཞྭ་རིང་བོ་བསྐོན་ནས་འཐབ་རྩོད་བྱས་ཤིང་།  "སྐྱ་ཀ་ཁྲ་མོ་ལ་སྤུར་ལུང་སྤུར་བྱོས།  མཛོ་མོ་བརྒྱ་ཡི་རྭ་ཅོ་གཅིག་པུ་གཅོད་རྒྱུ་རེད།  ལྕགས་ཀྱི་བུ་ཆུང་ཞེ་སྡང་ཅན་དེ་བསྐྱུར་ནས་ཁྱིམ་ལ་ལོག་ཤོག་ཅེས་པར་འགྲེལ་བརྗོད་བྱོས"ཞེས་སྐུལ་བར།  སྤོ་བོས"དཔོན་པོ་གསོད་པར་ངེས་པས།  ལ་ལུང་ལ་སོ་བ་ཐོངས།  རབ་ཡིན་ན་མེ་མདའ་བསྐྱུར་ནས་ཁྱིམ་དུ་ལོག་ཤོག་ཅེས་པའི་དོན་རེད"ཟེར།  འཐབ་རྩོད་ཁྲོད་སྤོ་བོ་གྲོངས་ཤིང་དེའི་རྗེས་སུ་རྨོ་མོའང་འདས་སོང་།  གཉགས་རིན་ཆེན་འབུམ་དང་ཨ་མ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ངང་ལོ་ཤས་རིང་དཀའ་ཚེགས་ཀྱི་འཚོ་བ་སྐྱེལ་མཐར།  ཀྲུང་དབྱང་ནས་སྲིད་ཇུས་ཀུ་ཡངས་གནང་སྟེ།  སྤོ་བོ་དང་རྨོ་མོ་གཉིས་ཀྱི་ནག་ཉེས་དཀར་འདོན་བྱས་ལ།  མ་བུ་ཟུང་གི་འཚོ་གནས་ཀྱང་རིམ་གྱིས་འཕོ་འགྱུར་བྱུང་མགོ་བརྩམས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།