ཀྲུང་གོ་བོད་ཀྱི་དྲ་བ།

མེ་ལོང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འོད་སྲུང་།   སྤེལ་དུས། : 2019-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ང་རང་ཕྱོགས་བཞི་མེ་ལོང་གིས་བསྐོར་བའི་རང་ཁྱིམ་ནས་གཉིད་ལས་སད་དུས་ཁང་པའི་གནམ་གཅལ་དང་མཐིལ་གཅལ་གཉིས་ཀྱང་མེ་ལོང་ཆེན་པོ་ཞིག་ཏུ་གྱུར་འདུག ངས་མེ་ལོང་ནང་གི་རང་ཉིད་ཀྱི་མིག་གི་འབྱེད་འཛུམ་ལ་ལྟ་ཞོར་ལས་ཞུགས་སུ་འགྲོ་དགོས་པ་དྲན། མེ་ལོང་ནང་གི“ང”རྣམས་ཡར་ལངས་ནས་ཁ་ངོ་བཀྲུས། ཟ་མ་ཟོས། སྒོ་བརྒྱབ་ནས་ཕྱིར་འབུད་ཁར་ཕུ་བོའི་བརྡ་འཕྲིན་ཞིག་འབྱོར། ཁོས“ཁྱོད་ཀྱིས་ཁྱོད་རང་ཆར་བ་བབས་ན་དགའ་ཟེར། འོན་ཀྱང་ཆར་བ་དངོས་སུ་འབབ་ཉིན་ཁྱོད་ཀྱི་ལག་ཏུ་ཆར་གདུགས་ཐོགས་འདུག”ཅེས་བྲིས་འདུག

དེར་མཐུད་ནས་བརྡ་འཕྲིན་གཞན་ཞིག་འབྱོར། བརྡ་འཕྲིན་དུ“བསྐུར་ཉེས་བྱས་འདུག”ཟེར།

མེ་ལོང་དག་གི་ངོས་སུ“བསྐུར་ཉེས་བྱས་འདུག”གིས་ཁེངས་པས་ངས་བརྡ་འཕྲིན་དེ་མྱུར་དུ་བསུབས། མེ་ལོང་གི་ངོས་སུ་སླར་ཡང་ང་ཤར། ང་རང་ཉིད་ལ་བལྟ་བར་ངོ་གནོང་ནས་མྱུར་དུ་སྒོར་བྲོས། ཕྱི་རོལ་གྱི་ནམ་མཁའ་ནི་མེ་ལོང་དང་མི་འདྲ་བར་སྐྱ་འཐིབ་བེར་ཡོད་པས་སེམས་པ་ཅུང་ཙམ་བདེ་ལ་བབས། སླར་ཡང་ཁང་པའི་ནང་དུ་འགྲོ་མ་ཕོད་པར་གླ་གཏོང་རླངས་འཁོར་ཞིག་བོས་ནས་ལས་ཞུགས་སུ་སོང་། ང་རང་ལས་ཞུགས་སུ་འགྲོ་བར་ཅ་ལག་གང་ཡང་འཁྱེར་མི་དགོས། དེ་ནི་ངའི་ཀུང་སིའི་ཁྱད་ཆོས་གཙོ་བོ་ཡིན།

ཁ་ལོ་པས་ཞག་གང་པོར་མ་གཉིད་པར་རླངས་འཁོར་བསྐོར་དོན་བུ་ཕྲུག་དག་གི་ལྟོ་གོས་ཀྱི་ཆེད་ཡིན་ཞེས་སྡུག་སྨྲེ་འདོན། ངས་སྔོན་ནས་རང་གི་ཆགས་སྲེད་ལ་ཚོད་འཛིན་བྱས་ན་འདི་ལྟར་བྱེད་མི་དགོས་ཏེ་ད་ནི་སྡུག་སྨྲེ་བཏོན་ཡང་སྡུག་གྱོང་རེད་སྙམ་བཞིན་སྔ་མོ་ནས་ངལ་གསོ་བྱོས་ཞེས་བཤད། རླངས་འཁོར་ནང་དུ་ཁང་པ་ཞིག་གསོ་དང་ཟ་མ་སྐྱེལ་བའི་མིང་བྱང་འགའ་ཞིག་གཏོར་འདུག ངས་ཁ་ལོ་པ་ཕྱིར་ཁྱིམ་ལ་ཐོན་དུས་ཁོ་ཚང་གི་གནམ་གཅལ་དང་མཐིལ་གཅལ་གཉིས་ཀྱང་མེ་ལོང་ཞིག་ཏུ་གྱུར་ཨེ་ཡོད་དམ་སྙམ། དེ་ལས་ཀྱང་བཤད་དཀའ་བ་ནི་ཁོ་རང་བདེ་བླག་ངང་ཕྱིར་ཐོན་ཐུབ་མིན་དེ་རེད། ཁ་ལོ་པས་རླངས་འཁོར་གྱི་མདུན་ཤེལ་ལ་ལྟ་བཞིན་ནག་པོར་གྱུར་པའི་མིག་མཐའ་གཉིས་ལག་ཟུང་ཕུར་ཕུར་བྱེད་པ་ནི་གཤོག་སྒྲོ་རྨས་པའི་ཁྲུང་ཁྲུང་ཞིག་ལ་རང་གི་སྐྱ་ཡས་བྱིལ་བྱིལ་བྱེད་པ་དང་མཚུངས།

ཀུང་སིར་ཕུ་བོ་གཅིག་གི་འོག་ཏུ་ནུ་བོ་གཅིག་ཡོད། དེ་ང་ཡིན། ཕུ་བོ་ནི་ད་ནངས་སྔ་མོར་བརྡ་འཕྲིན་སྐུར་མཁན་དེ་རེད་ལ་ཉིན་འདི་འགར་ཁོར་དོན་དག་གཞན་ཞིག་ཡོད་པས་ཀུང་སིར་ང་ལས་མེད། ངེད་གཉིས་ཀྱིས་ཀོ་བ་ནང་འདྲེན་ཀུང་སི་ཞིག་ཕྱེས་ཡོད། དེ་ནི་ཐོག་མར་ཕུ་བོའི་གྲོགས་པོ་ཞིག་གིས་ཕྱེས་ཤིང་དུས་ཡང་བོད་ཀྱི་ཁེ་ལས་གསར་གཏོད་ཀྱི་ཚ་རླབས་འཕྱུར་དུས་ཤིག་ལ་ཁེལ་བས་དགའ་བསུ་ཆེན་པོ་ཐོབ། གཞུག་ནས་ཚོང་པ་མང་པོ་འབྲོག་ཁུལ་ལ་སོང་ནས་ཀོ་བ་ཉོས་པས་རྫོང་མཁར་གྱི་ཀོ་ཉོ་ས་ཚུགས་འདི་མིང་གི་ལྷག་མར་གྱུར་ཅིང་སྦྱིན་བདག་དེས་ཀྱང་ཤ་ཚོང་བརྒྱབ་པ་ཁྲིམས་དང་འགལ་བས་བཙོན་ལ་བཅུག སྦྱིན་བདག་དེས་ཕུ་བོར་བུ་ལོན་འགའ་ཞིག་སྤྲོད་ཐབས་མ་བྱུང་བས་དེ་ཡི་ཚབ་ཏུ་ཀུང་སི་འདི་སྤྲད། ངས་ནི་སློབ་མཐར་ཕྱིན་རྗེས་ལག་རྟགས་གང་ཡང་མ་རེག་པས་གློག་སྡོང་ཞིག་གི་ངོས་ནས་ཀུང་སི་འདིའི་འབྲེལ་གཏུག་ཨང་གྲངས་རྙེད་རྗེས་འདིར་ཡོང་།

ང་རང་ཀུང་སིར་ཐོན་རྗེས་ཁ་ལག་བཀྲུས་ཤིང་ཁྱིམ་མཚེའུ་ཚང་གི་སྐུད་མེད་བརྐུས་ནས་སྐད་འཕྲིན་གྱི་སྒོ་ཕྱེས་པར་ཐུན་ཤོན་གསར་འགྱུར་ཞིག་ཀྱང་ཐོན་མི་འདུག དམིགས་ཡུལ་མེད་པར་ཁང་པའི་ནང་མིག་ཉུལ་ཞིག་བྱས་པར་གྱང་ལྡེབས་སུ་བཀལ་བའི་མེ་ལོང་དེ་མཐོང་ཞིང་། རྒྱུན་པར་མེ་ལོང་གི་མདུན་ནས་རང་ཉིད་ལ་འཛུམ་ཆུང་སྟོན་ཞོར“རིག་གནས་ཀྱིས་ཅི་བྱེད། གཙོ་བོ་ཚོང་ལས་ཀྱི་ཀླད་པ་དགོས་པ་རེད།”ཟེར་བའི་ཕུ་བོའང་དྲན་བྱུང་། ཕུ་བོས་ཅི་ཞིག་བྱེད་ཀྱིན་ཡོད་དམ། ངས་ཕུ་བོ་དྲན་ཞོར་མེ་ལོང་དེ་གྱང་ལྡེབས་ནས་བཀོག་སྟེ་ཁྱིམ་མཚེའུ་ཚང་གི་སྒོ་ཁར་བཞག ད་དུང་དེའི་ངོས་སུ་རྒྱ་ཡིག་གིས་ངེད་ཚང་གི་ཕུ་བོར་ཤེས་སུ་མ་འཇུག་རོགས་ཞེས་བྲིས། འོན་ཀྱང་ཁྱིམ་མཚེའུ་ཚང་ནི་འབྲོག་པ་གཞིས་སྡོད་ཞིག་ཡིན་པས་དེ་ཡི་ནང་དོན་མ་གོ་བར་ནམ་ཞིག་ཕུ་བོར་འདྲི་ཡང་སྲིད། གང་ལྟར་ངས་ནི་དེ་རིང་མེ་ལོང་མཐོང་མི་འདོད་པས་འདི་ལྟར་མི་བྱེད་ཐབས་མེད་བྱུང་། མེ་ལོང་ནི་ཕར་བགད་ན་ཚུར་དགོད་ཅིང་ཕར་ངུས་ན་ཚུར་ངུ་བའི་ཅ་ལག་གཡོ་སྒྱུ་ཅན་ཞིག་ཡིན་པས་ང་རང་དེ་ལ་དགའ་ཐབས་བྲལ། དེ་ལས་ཧྭ་པ་ཞིག་གསོ་དགོས་ཐུག་ཀྱང་དང་ལེན་བྱས་ཆོག

གཡུ་སྒྲོན་ནི་མེ་ལོང་ལ་ཤིན་ཏུ་དགའ་བའི་བུ་མོ་ཞིག་ཡིན་ལ་ངའི་དགའ་རོགས་ཀྱང་ཡིན། ཟླ་བ་གཉིས་ཙམ་གྱི་སྔོན་ལ་ཁོ་མོས་ང་ལ་མེ་ལོང་གི་མདུན་ནས་འཁྲིག་པ་སྤྱོད་འདོད་ཀྱི་རེ་བ་བཏོན་པས་ངེད་གཉིས་ཁ་ཁར་གྱེས། མེ་ལོང་ནི་ཧ་ཅང་གཡོ་སྒྱུ་ཅན་ཞིག་ཡིན་པས་ངས་མེ་ལོང་གི་མདུན་ནས་འཁྲིག་པ་སྤྱོད་མ་འདོད། ངས་མེ་ལོང་གི་ནང་དུ་འཁྲིག་པ་སྤྱོད་ཀྱིན་པའི་རང་ཉིད་མཐོང་མ་འདོད་ལ་གཡུ་སྒྲོན་ཡང་མཐོང་མ་འདོད། གཞུག་ནས་ངས་ངོ་སྤྲོད་བྱས་པ་བརྒྱུད་ཕུ་བོ་དང་གཡུ་སྒྲོན་གཉིས་ཅུང་ཙམ་འགྲོགས། ཕུ་བོ་ལོ་ན་བཞི་བཅུར་ཉེ་ཡང་བུ་མོ་ལོ་གཞོན་དག་ལ་སྙན་ངག་འབྲི་བར་དགའ། ཁོ་གཉིས་ནི་གང་ལའང་མི་སྐྲག་པས་མེ་ལོང་གི་མདུན་ནས་འདོད་པ་སྤྱད་རྗེས་ཅི་མི་སྙམ་པར་དེ་ཡི་མདུན་དུ་མཛེས་བཟོ་བྱས་ཆོག ཐེངས་ཤིག་ཕུ་བོས་སློབ་ཆེན་གྱི་བུ་མོ་ཞིག་ལ་སྙན་ངག་ཞིག་བྲིས་པ་དེར་བུ་མོས་རང་མིང་བཀོད་ནས་རྩོམ་རིག་དགེ་རྒན་ལ་ལས་བྱར་སྤྲད་པས་དགེ་རྒན་གྱིས་དེ་ནི་ཧིན་རྡུའི་སྙན་ངག་པ་ཐེ་གོར་གྱི་སྙན་ངག་ཅིག་ཡིན་པ་ཤེས།

“ཝེ། སྦྱིན་བདག དོ་ནུབ་ང་ཀུང་སི་ནས་ཉལ་ན་ཨེ་ཆོག”

“སྦྱིན་བདག་མ་ཟེར། ཕུ་བོ་ཞེས་འབོད་རྒྱུ་དེ་འདྲ་ཞིག་དཀའ་འམ། ང་རྒྱུ་ཐོག་ལ་བརྒྱབ་ན་ཁྱོད་ལའང་སྐལ་ཡོད་ནི་བྱེད།”

“འོ་ཡ། ཕུ་བོ།”

“ཀུང་སི་ནས་བསྡད་ན་ལོས་ཆོག ཅི་རེད།”

“ཁྱིམ་ན་མེ་ལོང་ཆེན་པོ་ཞིག་ཡོད་པ་དེ་འཇིགས་སུ་རུང་བ་ཞིག་རེད།”

སྐབས་དེར་ངས་ཉི་ཟེར་ཀློང་གི་རྡུལ་ཕྲན་དག་འཕུར་སྐྱོད་བྱེད་པའི་རྣམ་པར་ལྟ་ཞོར་རྒན་པོ་རྒས་འཁོག་ཞིག་བརྩེ་འཕྲིན་གཅིག་གི་དོན་དུ་རྒྱང་ལ་ཆས་པ་དྲན། ཉི་ནུབ་ཀྱི་ཕྱི་མིག་ལྷག་མས་རྒན་པོའི་རྒྱབ་གཟུགས་རྡོག་འོག་གི་རྐང་ལམ་སྟེང་དུ་རྡོ་བརྐོས་བཞིན་རི་མོར་བྲིས་པ་དྲན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།