ཀྲུང་གོ་བོད་ཀྱི་དྲ་བ།

བློས་བསླངས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར།   སྤེལ་དུས། : 2019-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མིག་མདུན་ནི་འབྱམས་ཀླས་པའི་མྱ་ངམ་ཐང་ཆེན་པོ་ཞིག་སྟེ། གྲང་ལྷགས་ཀྱི་ཕྱགས་མས་བྱེ་རྡུལ་གྱི་ཕུང་པོ་བར་སྣང་དུ་བསྐྱིལ་ཅིང་འཚུབ་མ་གཡས་འཁོར་གཡོན་འཁོར་དུ་རྣ་ལ་གཟན་པའི་སྒྲ་ཞིག་ཐག་རིང་ནས་ཐག་ཉེར་མཆེད་འོངས། གཤོངས་ཁུགས་སུ་ཞིག་རལ་དུ་གྱུར་པའི་ཁང་ཆག་དག་ནི་གཡས་བསྒྱེལ་གཡོན་བསྒྱེལ་དུ་སུ་ཞིག་གིས་མཁོ་མེད་དུ་ཡལ་བར་དོར་བའི་གད་སྙིགས་ཀྱི་ལྷགས་རོ་དང་འདྲ་བར་མིག་ལམ་དུ་མི་སྡུག་པར་སྣང་། གང་སར་ཐར་ཐོར་སྐྱེས་པའི་རྩྭ་སྐྱ་དག་འཐོར་རླུང་གིས་བསྒུལ་བ་ན་ཡུགས་ས་མ་ཞིག་གིས་ཆོ་ངེ་འདོན་པ་ལྟར་ཡིད་ལ་རྣམ་རྟོག་ཟ་བའི་ཚོར་བ་ཞིག་ཀྱང་བཅོས་མིན་དུ་སྟེར། བློས་དཔོག་དཀའ་བའི་མྱ་ངམ་ཐང་ཆེན་པོ་འདི་ནི་དུས་ཚོད་ཕྱིར་བསྐུམས་པའི་ལོ་ཟླའི་ནང་དུ་དར་ཞིང་རྒྱས་པའི་རྒྱལ་ཁབ་ཆེན་པོ་ཞིག་སྟེ། གནས་འདི་རུ་མི་ཚོགས་ནི་གཡུ་སྦྲང་གཤོག་དྲུག་བཞིན་ལས་སུ་བྲེལ་ཞིང་རྣ་ལ་གཟན་པའི་འཕྲུལ་འཁོར་སྣ་ཚོགས་ཀྱི་དུང་སྒྲས་བར་སྣང་བཀང་སྟེ་རི་དྭགས་བཞིན་འདུར་རྒྱུག་ལ་འཚུབ། རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་བསྐྱངས་ཏེ་རང་རང་གི་ལས་སུ་ཤ་འབད་རུས་འབད་སྒོས་ཕྱུག་འགྱུར་གྱི་ལམ་ལ་བརྩོན་བཞིན་མང་ཚོགས་ཚོས་སྦྲང་རྩི་ལས་མངར་བའི་བདེ་སྐྱིད་ཀྱི་འཚོ་བ་དུས་ད་ལ་ཐུག་གི་བར་དུ་རོལ་བ་རེད། ཡིན་ཡང་། འདི་དག་ཡོད་ཚད་ནི་འདས་སོང་གི་ལོ་རྒྱུས་སུ་ཐིམ། ཁ་སང་གི་གཏམ་རྒྱུད་དུ་གྱུར། ངའི་ཡིད་ཀྱི་རྒྱ་མཚོར་འཁྱིལ་བའི་དག་ཞིང་ཆུང་ངུ་དེ་ད་ནི་མི་ཤི་ཁྱིམ་སྟོང་དུ་གྱུར་ཏེ་རྗེས་མེད་ཤུལ་མེད་དུ་ཡོད་ཚད་སྟོངས་སིང་ངེར་ལུས།

གྱང་ངོས་སུ་དཔྱངས་པའི་ཆུ་ཚོད་འཁོར་ལོའི་མདའ་ཐུང་ཏན་ཏན་ནམ་གུང་གི་ཆུ་ཚོད་གཅིག་པར་སླེབས་མ་ཐག ཁ་དོག་མི་འདྲ་བའི་གློག་སྒྲོན་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པའི་གྲོང་ཁྱེར་གྱི་ཁང་བརྩེགས་མང་པོའི་གསེང་གི་ཀེར་རེར་འགྲེང་ཞིང་སྣང་ངོར་མཛེས་པའི་ཐོག་ཁང་དེར་གཟས་ཏེ་སྟོང་བའི་མཁའ་དབྱིངས་ཀྱི་དགུ་ཚིགས་ཀློང་ནས་སྐར་མདའ་ཞིག་ཐོལ་གྱིས་ལྷུང་བ་བཞིན་ཆོམ་སེར་བར་སྣང་དུ་རྒྱུན་རིང་བའི་བྲག་ཅར་བསྐུར་བ་ན། སྤྲིན་ནག་ལང་ལོང་འཁྱུག་འདྲའི་དུ་ནག་ཅིག་བར་སྣང་ནས་སྟེང་འོག་བརྩེགས་མར་མཐོ་ནས་མཐོ་རུ་འཁྲིགས་ཤིང་དུ་ནག་གི་ཀློང་རིམ་ལས་མེ་ལྕེ་ཐོལ་ཐོལ་དུ་གྱེན་ལ་འཕྱུར་བྱུང་། དེའི་མུར་གྲོང་ཁྱེར་འདིའི་ཕྱོགས་བཞི་མཚམས་བརྒྱད་དུ་སྒྱོགས་མདེལ་ཟོ་ཁས་བྱོ་བ་ལྟར་གཅིག་མཇུག་གཉིས་མཐུད་དུ་བབས་པས། ད་ནི་མཚོ་ལྟར་འཁྱིལ་བའི་དག་ཞིང་དེ་ཁྲག་ལྟར་དཀྲུགས་ཏེ་རྒན་དར་གཞོན་གསུམ་ཚོའི་གཉིད་ཀྱི་བདེ་བ་རྨང་ནས་དཀྲོགས་ཤིང་བདེ་འབོལ་ལེར་མལ་ཁྲིའི་སྟེང་དུ་དགའ་མགུར་སྤྱོད་པའི་བཟའ་ཟླ་དག་ལའང་བྲེད་ཤ་བསླངས་ཏེ་འགྲོ་ས་སྐུང་ཡུལ་མེད་པར་གྱུར། འཆི་མེད་མ་བུ་གཉིས་ཀྱིས་ཁྲིའུ་སྟེང་དུ་བྱུར་བུར་སྤུངས་པའི་མུག་སྐྱོབ་གྱོན་གོས་ཁྲོད་ནས་ལུས་ལ་མི་འཚམ་པའི་མདོག་ཡལ་བའི་ལྭ་རིང་དེ་གཡང་ཤམ་དུ་གོན་ཞོར་ཤེལ་སྒོ་ཧྲུག་ཆག་ཏུ་བཏང་བའི་སྒེའུ་ཁུང་ལས་ཉེ་རྒྱང་གང་རུང་དུ་མེ་མདའི་སྐད་སྒྲ་ཟར་མ་བརྔོ་བརྔོ་བྱེད་པ་མིག་ལ་ཐོགས་ཤིང་རྣ་བར་ལྷུང་བས་སྐྲག་དངངས་ཀྱིས་སྒྱིད་ཁུག་འདར་ཞིང་ངོ་ནས་ཤ་འགུལ་རྒྱུག་ཞོར་སྒོ་གྲུ་བཞིའི་ཤིང་ཁ་མི་ཚང་བའི་སྲུབས་ཀར་འཛུལ་ནས་མྱུར་བ་མྱུར་བར་བུ་ཆུང་ནོར་བུ་པང་སྟེ་ཕྱི་རོལ་ཏུ་བྲོས།

དུ་སྤྲིན་གྱི་ཁོང་གསེང་ན་ཞེ་སྡང་ལྟོ་འགྲོའི་ངང་ཚུལ་ལ་འཕྱ་བའི་ཕྲེང་བར་བསྒྲིགས་པའི་མེ་སྒྱོགས་དག་གིས་ཚོགས་ར་དང་ཐོག་ཁང་ཆེ་ཆུང་ལ་དམིགས་ཏེ་མདའ་མཆུ་ལས་འོད་འཚུབ་བེར་མེ་སྟག་སླེ་བོ་ལྟ་བུ་ཚམ་ཚོམ་མེད་པར་འཕངས་པ་ན་ཨར་འདམ་དང་སོ་ཕག་གིས་གྲུབ་པའི་ཕྱི་ར་དང་ཐོག་ཁང་གི་སྒོ་དང་སྒེའུ་ཁུང་རྣམས་ཕམ་དམག་སྐོར་ཞིག་དང་མཚུངས་པར་རྩྭ་ཤོག་འགྱེལ་འགྱེལ་བྱས་ནས་ས་རུ་བསྒྱེལ། གྲོག་ཚང་གི་ཁ་ཕྱེ་བ་ལྟ་བུའི་མི་ཚོགས་རྣམས་སྲང་མདོ་དང་སྒོ་ལམ་གང་རུང་ནས་མདའ་མདེའུ་སེར་རྒོད་ཡར་ཡར་བྱེད་པའི་མེ་མདའི་སྐད་ལ་འདྲོགས་ཏེ་ཐལ་ལོང་ངེར་ལ་ལས་མགོ་བོ་ལག་པས་བསྐྱོར་ནས་མདུན་ལ་འཚངས་ཤིང་འགའ་ཤས་མདུན་ཕྱོགས་སུ་འབྲོ་ཞོར་ཕྱི་མིག་ལང་ལིང་གིས་འཇིགས་སྐུལ་ཚོགས་པའི་ཇག་དམག་ཚོའི་ཞེ་འཁོན་གྱི་རྩུབ་སྤྱོད་ལ་ལྟ་ཞོར་གདོང་ལ་འཇིགས་རུང་གི་ཉམས་ཤིག་མངོན་ཏེ་ཨག་འབོད་ཕག་བཤའ་བ་ལྟ་བུ་ཞིག་སྒྲོག་བཞིན་སྲང་ལམ་དོག་པོ་རུ་ཕར་ཚུར་གདོང་ཐུག་རྒྱག་ལ་ཁད་དུ་སྒྲ་མེད་འུར་མེད་ཀྱི་དབེན་གནས་སམ་བདེ་འཇགས་ཀྱི་ཚང་མལ་ཞིག་ལ་བྲེལ་སྟབས་ཀྱིས་སྙེག སྐད་ཅིག་གི་ཡུན་ལ་དྭངས་གཙང་ཞི་འཇགས་ཀྱི་གྲོང་ཁྱེར་འདིའི་མཁའ་དབྱིངས་ཡོད་ཚད་དུ་ནག་གིས་ཡོངས་སུ་ཁེབས་ཤིང་རྡུལ་འཚུབ་བེར་ག་ས་གང་དུ་སྐྱོབ་འབོད་ཀྱི་ཆོ་ངེ་ལྷང་ལྷང་དུ་མཆེད། དམག་འཁྲུག་གི་རྦ་རླབས་འཕྱུར་བའི་སྐབས་གླགས་འདིར་མགོ་ཐོག་ནས་བྱ་འཕུར་ས་ཞིག་དང་རྐང་འོག་ནས་གྲོག་མ་བགྲོད་ས་ཙམ་ཡང་མེད་སྟབས། སྐྱབས་མགོན་སུ་ཞིག་མཐོངས་དབྱིངས་སུ་ག་ལེར་ཕེབས་ནས་ཉེས་མེད་མགོན་མེད་ཀྱི་ཉམ་ཆུང་བའི་ཚེ་སྲོག་འདི་དག་བདེ་བླག་ངང་སྐྱོབ་ཐུབ་ཨང་། ཏག་ཏག་སྐབས་འདིར་འཆི་མེད་ཀྱིས་དགུང་སྔོན་པོ་བོས་ཀྱང་ཨ་ལན་མེད་པ་དང་ས་དོག་མོར་ཐོད་པ་གཏུགས་ཀྱང་སྙིང་རྗེ་མེད་པའི་ཐབས་ཟད་འུ་ཐུག་གི་སྐྱོ་ཤས་ཁུར་ནས་བུ་ཆུང་དང་ལྷན་དུ་ཁྱིམ་ཚང་ཞིག་གི་ར་སྐོར་དུ་འབྱོར་བ་ན། ཡིད་ཀྱི་གཏིང་དུ་བདེ་འཇགས་ཀྱི་ཚོར་བ་ཨེན་ཙམ་བྱིན། མོས་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་པའི་བུ་ཆུང་ནོར་བུ་བྱ་མོས་བྱ་ཕྲུག་རུམ་པ་དང་འདྲ་བར་ལག་ཟུང་གིས་པང་ཁུག་ལ་ཤུགས་ཀྱིས་བསྡམས་ཏེ་ར་སྐོར་གྱི་ཕུག་ཏུ་བུད་ཤིང་མཐོན་པོར་བརྩིགས་པའི་ཁོང་གསེང་དུ་འཛུལ་ནས་བདེ་བ་ཙམ་བཙལ། གློ་བུར་དུ་སྤྱི་གཙུག་ནས་འགད་རྫས་གས་པ་ནང་བཞིན་ཆོམ་སྒྲ་ཞིག་དང་ལྷན་དུ་མིག་ལམ་ནག་བརྡིབས་སེར་ཤེས་མེད་ཚོར་མེད་དུ་གྱུར།

ཇག་དམག་ཚོས་གྲོང་ཁྱེར་གྱི་སྡོམ་དྲ་བཞིན་བརྐྱངས་པའི་སྲང་མདོ་དང་བཤུལ་ལམ་གང་རུང་དུ་བྲེལ་མ་དངངས་ཀྱིས་གཞའ་སྐུང་བྱེད་པའི་མི་ཚོགས་ལ་དམིགས་ཏེ་མཆོང་རྒྱུག་དཀྲུམ་མདའི་མདའ་མཆུ་བཀན་གྱུག་གེར་མིག་ལ་གང་ཐོགས་གླང་ཆེན་གྱིས་གྲོག་མ་གཅིར་བ་ལྟར་སྐག་སྒྲ་དང་བཅས་ཉེས་མེད་ཉམ་ཆུང་དག་མཚོན་ཆས་འཁོར་ལོ་བསྐོར་ཏེ་གཙབ་ཤ་འཁོར་ལོ་བྱས་ནས་ཁྲག་ཐིགས་ཆར་བ་འབབ་འབབ་དང་ཤ་རུས་སེར་བ་གཏོར་གཏོར་བགྱིས་པའི་ཁར། མིག་ལ་མཛེས་པའི་ཁང་བརྩེགས་ཀྱི་བཟོ་བཀོད་ཆེ་མ་ཆུང་གསུམ་དང་མིས་བཟོས་སྐྱེད་མོས་ཚལ། སྤྱི་གླིང་སོགས་མེ་སྒྱོགས་ཀྱི་མདེའུ་རེ་རེས་ཐོ་ཡོར་རམ་སྡོང་དུམ་ལྟར་གཅིག་འགྱེལ་གཉིས་ལོག་ཏུ་ཤུལ་མེད་དུ་བསྣུབས་པ་རེད།

ཇག་ཚོགས་མ་སླེབས་པའི་སྔ་རོལ་ཏུ། དུས་བདེ་ཞོད་འཇགས་ཀྱི་གྲོང་ཁྱེར་འདི་ནས་རྒན་སྐྱོར་བྱིས་ཁྲིད་ངང་གླིང་ག་གཏོང་བའི་བག་ཕེབས་ཀྱི་དྲོ་སྐྱིད་འཚོ་བ་དང་། ཚན་རིག་ལག་རྩལ་གྱི་འཕུར་མདའ་ལ་བགྲོད་པའི་ཁེ་ལས་པའི་དཔུང་སྡེ། ཀློག་འདོན་གྱི་དབྱངས་རྟ་བར་མེད་བརྡོལ་བའི་སློབ་རའི་གླིང་གི་དགེ་སློབ་ཚོའི་བརྩོན་འགྲུས་ཀྱི་ངར་ཤུགས་སོགས་ཐོལ་བྱུང་གི་འུར་ཟིང་དང་ཆོམ་སྒྲ། འཛེར་སྒྲ། གས་སྒྲ་བཅས་སྟོང་བའི་མཁའ་རུ་བསྣོལ་མར་བསྡེབས་ཏེ་མདང་གི་རྨི་ལམ་བཞིན་བཅོམ་ཆག་སྐྱ་ཉིལ་དུ་བཏང་།  སྟབས་ལེགས་པ་ཞིག་ལ་མ་བུ་གཉིས་ཀ་ཁྱིམ་ཚང་དེ་གའི་དོང་ཞབས་མེད་ལྟ་བུའི་ལ་དོང་ཆེན་པོ་ཞིག་གི་ནང་དུ་ལྷུང་འདུག མོ་རང་དྲན་མེད་དུ་བརྒྱལ་བ་ལས་རེ་ཞིག་སད་མ་ཐག མིག་ལམ་ཧྲིལ་པོར་གནམ་ས་གཉི་ག་ནག་བརྡིབས་སེ་གཞི་གཅིག་ཏུ་སྣང་ཞིང་མེ་སྒྱོགས་དང་དཀྲུམ་མདའ། འགད་རྫས་གས་པའི་སྒྲ་སོགས་ཅི་ཡང་ཐོས་རྒྱུ་མ་བྱུང་། མོ་རང་ཡ་མཚན་ནས་ཐོག་མར་སེམས་སུ་དྲན་པ་ནི་བུ་ཆུང་ནོར་བུ་ལགས་རེད།  

མོ་འཚུབ་ཆ་ཞིག་ལངས་ཏེ་ལ་དོང་གི་ནམ་མཁའ་ཆུང་ངུར་ལག་ཟུང་སླེབས་ཚད་ལ་ཡར་མར་དུ་བརྐྱངས་པ་ན། ཐོགས་རེག་བཀག་ཙམ་གྱི་དངོས་པོ་རྩི་ཐུར་འདྲ་བ་ཞིག་ལའང་མཛུབ་རྩེ་ཡིས་རེག་སྐལ་མ་བྱུང་། མོའི་སྣང་ངོར་ད་ཅིར་འོད་སྣང་སྲང་ལམ་དུ་མི་རོ་ཐང་མ་བརྡལ་བརྡལ་དང་མི་ཁྲག་ཡུར་ཆུ་བཞུར་བཞུར་གྱི་བེམ་པོ་དག་གཅིག་ཐོག་གཅིག་ལ་བརྩེགས་ནས་ཁ་ཤས་ཀྱི་ཀླད་ཞོ་དཀར་ཆིལ་ལེར་གཏོར་འདུག་པ་དང་ལ་ཤས་ཀྱི་བེམ་པོའི་རྐང་ལག་བཞི་བོ་ཁྲག་གིས་བརྫིས་ཏེ་རང་རང་སར་སྤྱུགས་པའི་སྣང་བརྙན་འཇིགས་ཡེར་བ་དག་གློག་བརྙན་བཞིན་གསལ་པོར་འཆར་བ་ན། མོའི་ལྷ་ཕྲུག་འདྲ་བའི་གཅེས་ལོའང་བེམ་པོ་དེ་དག་གི་གནས་གང་རུང་ཞིག་ཏུ་ས་རུ་འགྱེལ་ཡོད་ཨང་སྙམ་སྟེ་མིག་ཆུ་རྐ་ཆུ་བཞུར་བཞུར་དང་ཨག་རིང་བར་སྣང་ལ་མི་ཤོང་པ་ཞིག་བཏབ། མོས་སེམས་ཀྱི་སྡུག་བསྔལ་མ་ཐེག་པར“ནོར་བུ། ནོར་བུ། ཁྱོད་གང་ན་ཡོད”ཅེས་སྐད་ཆེན་པོ་བཏོན་ཏེ་བོས་པར། ས་སྟོང་ལ་མདའ་སྟོང་བརྒྱབ་པ་ལྟར་ཨ་ལན་ཕྲན་བུ་ཙམ་ཡང་མ་བྱིན། སྔ་མོ་ནས་གཉེན་ཉེ་བཟའ་ཟླ་དག་ཕྱི་མའི་ཡུལ་དུ་གཤེགས་ནས་ལོ་མང་འགོར་བའི་འཆི་མེད་མ་བུ་གཉིས་ལ་མཚོན་ན་འཇིག་རྟེན་འདིའི་སྟེང་དུ་བདེ་སྐྱིད་ཀྱི་ཉི་འོད་ག་ཙམ་བསྐྱུར་ཡོད་ཨང་། ལྷག་པར་རང་གི་ཤུལ་འཛིན་གཅིག་པུ་བུ་ཆུང་ནོར་བུ་ཡང་ཤི་གསོན་ལ་ཆ་མ་འཚལ་བའི་སྐབས་འདིར་སུས་ཀྱང་ཚོར་དཀའ་བའི་སྡུག་བསྔལ་གནམ་གྱིས་མི་ཁེབས་པ་དང་ས་ཡིས་མི་ཐེག་པ་ལྟ་བུའི་སྐྱོ་སྣང་ལྕི་མོ་ཞིག་གིས་རབ་ཏུ་མནན་ཡོད་པ་གོར་མ་ཆག མོས་པུས་མོའི་ལྷ་ང་ས་ལ་བཙུགས་ཤིང་ལག་ཟུང་ཐང་ལ་བསྙབས་ཏེ་ཡར་ཡར་བཙལ་ཞིང་མར་མར་རེག་པ་ན།  ལ་དོང་ནང་དུ་ཁྱིམ་ཚང་དེ་གའི་ལ་ཕུག་དང་ཞོག་ཁོག་སོགས་མཉམ་བསྲེས་སྒོས་གཅལ་དུ་བཀྲམ་པ་ལས་དངོས་པོ་གཞན་ཅི་ཡང་རེག་རྒྱུ་མ་བྱུང་། འཆི་མེད་ཀྱི་སེམས་སུ་རྔོན་པའི་མེ་མདའི་ཁ་ལས་ཐར་བའི་ཡུ་མོ་ཇི་བཞིན་རེ་ཞིག་དབེན་གནས་ཤིག་ཏུ་སླེབས་ན་ཡང་། ང་ལ་བུ་ཆུང་ནོར་བུ་མེད་ཚེ་ཚེ་ཐོག་འདི་རུ་གསོན་ཡང་སྙིང་པོ་ཅི་ཞིག་ཡོད་ཨང་སྙམ་སྟེ་སྙིང་ཁར་སྦར་འབྲད་བྱས་ཤིང་སེམས་རྩར་མདུང་གིས་གཙག་པ་ལྟར་ལྷོད་འཇགས་སུ་འབབ་ཐབས་བྲལ།  མོས་ངུ་ངག་འདྲེས་མས་ཡང་དང་བསྐྱར་དུ“ནོར་བུ། ནོར་བུ”ཞེས་གཅིག་མཇུག་གཉིས་མཐུད་དུ་བོས་པ་ན། མོའི་ཐོས་འཛིན་གྱི་སྒོ་མོ་རུ་བྱིས་པ་ཞིག་གི་ལུ་སྐད་ཕྲན་ཙམ་གྲགས་བྱུང་། མོ་རང་གསེར་རྐོན་ཚོས་གློ་བུར་དུ་གསེར་རྡོག་ཅིག་རྙེད་པ་ལྟར་གདོང་ལ་སྔར་མེད་ཀྱི་འཛུམ་མདངས་ཤིག་ལངས་ཏེ་ལུ་སྐད་ཀྱི་ཕྱོགས་སུ་གོག་བགྲོད་དུ་ནུར་བའི་ཚེ། དངོས་གནས་བུ་ཆུང་ནོར་བུ་ཡིན་འདུག ཉག་ཕྲ་བའི་སྐད་གདངས་གཉོམ་པོས“ཨ་མ། ཨ་མ”ཞེས་ལན་འགའ་བོས་པ་ན། ཨ་མས་དགའ་སྣང་དང་བཅས་བུ་ཆུང་ནོར་བུ་ལ་དམ་དུ་འཁྱུད་དེ་དགའ་སྡུག་འདྲེས་མའི་མིག་ཆུའི་ཐིགས་པ་མཁུར་མགོ་ནས་ནེམ་ནུར་བྲལ་བར་བུ་ཆུང་གི་གདོང་ལ་ཟགས། བུ་ཆུང་གིས་ཀྱང་ཅི་ཡིན་ཆ་མ་འཚལ་བར“ཨ་མ། གནས་འདི་གང་ཞིག་རེད”ཅེས་དྲིས་པར། ཨ་མས་གདོང་ལ་རེ་བས་ཁེངས་ཏེ“འདི་ནི་ངེད་མ་བུ་གཉིས་ལ་དབང་བའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་རེད”ཅེས་ལྡོན་པ་ན། རིང་མོ་རྣ་ཡིས་མི་གོ་ཞིང་། ཉེ་མོ་མིག་གིས་མི་མཐོང་བའི་ཁོར་ཡུག་འདིར་བུ་ཆུང་ཡ་མཚན་ཞིང་དོགས་པ་ཟ་ཞོར“མུན་པ་ཁོ་ན་ལས་མེད་དོན་ཅི་རེད”ཅེས་སྨྲས། ཨ་མས་ཕྱིར་ལན་དུ“ཨ་མ་ཉི་མ་ཚང་ལ་འགྱ་བས་སང་ཉིན་འོད་ཟེར་སྟོང་ལྡན་གྱི་ཉི་མ་གཞོན་ནུ་དབང་ཕྱོགས་ལྷུན་པོའི་རྩེ་ནས་འཆར་ངེས་རེད”ཅེས་ཉི་འོད་ལྟ་བུའི་དྲོད་འཇམ་གྱི་ལན་ཞིག་བྱིན་པར་བུ་ཆུང་ནོར་བུ་དགའ་བ་འབུམ་གྱིས་མྱོས་ཏེ་དངོས་གནས་མུན་ནག་སྨག་གི་ཕྱི་རྗེས་སུ་སེར་གྱི་ལེའི་ཉིན་བྱེད་ཀྱི་གཟི་མདངས་དྲོན་མོ་ཞིག་འཆར་ངེས་པར་བློས་བསླངས་ཀྱི་གཤོག་པ་བརྐྱངས།

མ་བུ་གཉིས་ཀ་ལྷན་འཛོམས་བྱུང་བའི་རྣམ་པ་འདི་སེམས་ལ་སྒོམ་ཐེངས་རེར་སྐོམ་པའི་ཆུ་འདོད་པ་ལྟ་བུའི་ཡིད་ཆེས་ཀྱིས་ཁེངས་ཏེ་བདེ་སྐྱིད་ཀྱི་འཚོ་བར་བསྙེགས་ན་བསམ་ཡང་། ཡང་མཚམས་རེར་རེ་ཐག་རྩ་བ་ནས་ཆད་འགྲོ། ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་དམར་པོའི་འཇིགས་པ་ལ་ཞེད་སྣང་སྐྱེས་ཏེ་གནམ་བསྐོས་གོང་མར་ཡང་སྡང་སེམས་སྐྱེ་འོངས། མིའི་རིགས་ཀྱི་བརྩེ་བ་འཕོངས་ཕྱིས་ཀྱི་རྡོ་བཞིན་དོར་ཞིང་ཡ་ང་བའི་ཞེ་འཁོན་རྦ་རླབས་ལྟར་ལང་ལོང་མཆེད་པའི་རྩྭ་མི་ཤིང་མིའི་གསོན་འདྲེ་དེ་དག་གིས་འཇིག་རྟེན་འདིའི་སྟེང་དུ་ཉམ་ཆུང་གི་ཚེ་སྲོག་ཡོད་དོ་ཅོག་ཁྱུར་མིད་དུ་བཏང་བའི་བྱས་ཉེས་ལ་ཡིད་ནག་གཏིང་ནས་ཆད་འགྲོ། ད་ནི་སྙིང་རྗེའི་སྣུམ་དང་བྲལ་བའི་དམག་འཁྲུག་གིས་ངའི་སེམས་པ་གཏིང་མཐའ་ནས་འཁྱག་རེངས་སུ་གྱུར། འཆི་མེད་ནི་ཁེར་རྐྱང་གི་ཐོ་ཡོར་ཞིག་དང་ཚོས་མདོག་ལོག་པའི་འཇག་རྩྭ་ཞིག་དང་འདྲ་བར་རྣམ་ཤེས་བོར་ཞིང་ཚོར་བ་བྲལ་བར་སྟོང་འདང་གི་དབྱིངས་སུ་ཞུགས།

མི་ལོ་དུ་མའི་ཡར་སྔོན་དུ་རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས་ཕན་ཚུན་ཞེ་འགྲས་ནས་མངའ་ཁོངས་བདག་འཛིན་དང་དབང་ཆ་འཕྲོག་རེས་ཀྱི་སྐྱོ་གར་འཁྲབ་པས་མིའི་རིགས་ཀྱི་ཚེ་སྲོག་ཡོད་ཚད་ཁྱུར་མིད་དུ་གཏོང་མ་ཐུབ་མོད། སྒེར་འཛིན་དང་ཧམ་ཐོབ་ཀྱིས་ཀུན་ནས་བསླངས་པའི་ཞེ་འཁོན་གྱི་མེ་ལྕེ་ནམ་ཡང་གཞིལ་མ་ནུས་པས་ད་ཆའི་འཇིགས་རུང་གི་ཆགས་འཇིག་ང་ཚོའི་མགོ་ཐོག་ཏུ་སྨིན་པ་རེད་སྙམ་བྱུང་།

ཁོང་མ་བུ་གཉིས་ཁོ་རོག་གེར་ཁུ་སིམ་མེར་དུས་ཚོད་ཀྱི་སྐར་ཆ་རེ་རེ་ཕར་ལ་བདའ་ན་ཡང་། བུ་ཆུང་གིས་རེ་བའི་ངང་སྒུག་པའི་ཉི་མ་གཞོན་ནུ་ད་དུང་རྒྱང་ཐག་རིང་དུ་ཆོད་པས། ཨ་མས་ཚུལ་དེ་བསམས་ནས་ལོ་ན་དགུར་སོན་པའི་བུ་ཆུང་ནོར་བུ་ལ་ཉན་སྤྲོ་བའི་གཏམ་རྒྱུད་ཅིག་གིས་སྤྲོ་སྣང་བསླངས། གཏམ་རྒྱུད་ཁྲོད་ཀྱི་ཚོན་སྣ་ལྔ་ལྡན་གྱི་མཛེས་སྡུག་གི་ཁོར་ཡུག་རེ་རེ་དང་བྱམས་དང་བརྩེ་བས་ཤན་པའི་མི་སྣའི་གཏམ་སྤྱོད་རེ་རེ་ཡིས་བུ་ཆུང་གི་མགོ་བོ་རིམ་བཞིན་ཨ་མའི་གྲུ་ཁུག་ཏུ་ཁེན་ཏེ་མལ་དུ་གཟིམ། དེར་མཐུད་འཆི་མེད་ཀྱང་སུ་ཞིག་གིས་ཁ་རོག་གེར་གཉིད་སྨན་ཐུན་ཞིག་བླུད་པ་བཞིན་མིག་མདུན་གྱི་བྱ་དངོས་དག་རིམ་བཞིན་མག་མོག་ཏུ་གྱུར་ཏེ་མོ་ཡང་བུ་ཆུང་དང་ལྷན་དུ་བདེ་དགའི་གཉིད་ཀྱི་ཞིང་ཁམས་སུ་འགྲིམས།  གཉིད་ཀྱི་རྟ་རྔ་རླུང་གིས་སྒུལ་བཞིན་རིམ་བཞིན་ཨ་མ་འཆི་མེད་རྨི་ལམ་གྱི་འཇིངས་སུ་ཞུགས། རྨི་ལམ་དུ་གྲིབ་གཟུགས་ཆེན་པོ་ཞིག་མ་བུ་གཉིས་ཀྱི་ཀླད་གཙུག་ནས་ལྡིང་སྐོར་རྒྱག་ཞོར་གཤོག་ལྕག་གིས་ཨེན་ཙམ་བྲབ་རྗེས་སླར་ཡང་མཐོངས་དབྱིངས་སུ་གཤོག་ཟུང་ལྡེམ་བཞིན་འདི་སྐད་ཐལ།

“ཁྱོད་གཉིས་ལ་བདེ་སྐྱིད་ཐོབ་འདོད་ན་ངའི་གཤོག་སྣེར་འཇུས་དང་། ངས་ཁྱེད་གཉིས་ཤམ་བྷ་ལའི་ཞིང་ཁམས་སུ་འཁྲིད་ངེས”ཞེས་གསུངས་པར། འཆི་མེད་དགའ་སྤྲོ་དཔག་མེད་པ་ཞིག་སྐྱེས་ཏེ་བུ་ཆུང་མཆན་བར་དུ་བཙིར་ནས་ཡར་ལ་ཤུགས་ཀྱིས་ལྡིང་ཡང་གཤོག་སྣེ་རུ་འཕྲད་ཙམ་འཕྲད་ཙམ་ལས་འབྱར་མ་ཕོད། བྱ་རྒྱལ་རྒོད་པོས་ལ་དོང་ཆེན་པོའི་བར་སྣང་དུ་སྐོར་གཡེང་བྱེད་ཞོར“ཉིན་འདི་འགའི་རིང་དུ། འུ་ཅག་གི་ཞི་བདེ་རྒྱལ་ཁབ་འདྲེ་དམག་གིས་བཙན་འཛུལ་བྱས་སྟབས། ངས་རླུང་དམར་པོའི་རྩུབ་རྒོད་གཤོག་སྣེ་ཡིས་བརྡར་ཞིང་སྤྲིན་དཀར་བང་རིམ་བཅོ་བརྒྱད་འཕྲེད་ཀྱིས་གཏུབ་ཞོར་ཞི་བདེ་རྒྱལ་ཁབ་ཀྱི་པང་བ་ན་འཚོ་བའི་འབངས་མི་སེར་ཚོའི་ཉམ་ཆུང་གི་ཚེ་སྲོག་རེ་རེ་སྡེར་འོག་ནས་བདེ་བླག་ཏུ་བསྐྱབས་པ་ཡིན”ཞེས་གཟི་བརྗིད་ངང་དེ་ལྟར་བརྗོད། མོས་ཀྱང་རྒྱལ་ཁའི་གཟི་མདངས་ཤིག་གདོང་ལ་བཀལ་ཏེ་བསྐྱར་དུ་ཤེད་ཤུགས་ཡོད་ཚད་བཏོན་ཏེ་ཡར་ལ་འཇུ་བསམས་ནས་ལྡིང་བ་ན། བྱ་རྒོད་ཀྱི་བྱ་སྤུ་ཉག་མ་གཅིག་ལས་འཛིན་ཐབས་བྲལ་སོང་། ཁོ་མོ་རྣམ་རྟོག་དང་རེ་ཆད་ཀྱི་ཉམས་ཤིག་ཤར་ཏེ་སྤོབས་པ་ཆེན་པོས་གྲུ་ལག་དཔུང་རྩར་བརྫེས་ནས་སྟོབས་ཤུགས་ཡོད་དགུ་འདོན་བསམ་དུས་གློ་བུར་གཉིད་གུང་ནས་ཁད་ཀྱིས་སད། ཁོ་མོ་ཐེ་ཚོམ་དང་བཅས་ཏེ་མགོ་བོ་ཡར་བཏེགས་ནས་བར་སྣང་དུ་བལྟས་པར་མིག་ལམ་དུ་བོངས་ཆེན་པོའི་གཟུགས་བརྙན་ཞིག་སྐད་ཅིག་ཉིད་ལ་ཡལ།

ཁོ་མོས་རེ་ཐག་ཆད་པའི་མིག་ཟུང་ཡུན་གྱིས་ཧྲིག་གེར་ཕྱེ་པ་ན་མིག་མདུན་ཡོད་ཚད་རྟ་རོ་ཤི་བ་བཞིན་གཅིག་འགྱེལ་གཉིས་ལོག་ཏུ་བེམ་པོའི་སྟེང་འོག་མཐའ་དག་ཁྲག་གིས་བརྫིས་ཤིང་། རྣ་ལམ་དུ་གསོད་གཏུབ་ཀྱི་སྒྲ་དབྱངས་དང་འཐབ་འཛིང་གི་ཆོ་ངེ་ད་དུང་མཚམས་མེད་དུ་རྒྱང་རིང་ཞིག་ནས་ཐག་ཉེར་མཆེད་བྱུང་། ཐག་ཉེར་མཆེད་པས་འཁྱག་སིབ་བེའི་ཁྲག་གི་ཐིགས་པ་རེ་རེ་མྱ་ངམ་ཐང་གི་བྱེ་ཟེགས་ཀྱི་ཁོང་དུ་སེར་སྣ་མེད་པར་འཛར་བའི་སྒྲ་དབྱངས་ཀྱང་ཇེ་གསལ་ནས་ཇེ་གསལ་དུ་གྱུར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།