མཚན་ལམ་རིང་མོ།

—— བྱིས་པ་མིང་མེད་ཅིག་གི་གཏམ་རྒྱུད། 

ང་རང་སྒེའུ་ཁུང་འགྲམ་གྱི་རྐུབ་སྟེགས་སུ་ཙོག་པུར་བསྡད་ནས། སྒེའུ་ཁུང་ཕྱི་རོལ་གྱི་གཏིང་མཐའ་བྲལ་བའི་མུན་ནག་གི་ཁ་དོག་ལ་བལྟས་ནས་ཡོད། དྲང་མོར་བཤད་ན་ངས་བསམ་བཞིན་དུ་སྒེའུ་ཁུང་ཕྱི་རོལ་ཏུ་བལྟས་ནས་ཡོད་པ་ཡང་མ་ཡིན་ཏེ། ང་རང་སྒེའུ་ཁུང་ཕྱི་རོལ་གྱི་མུན་ནག་གི་ཁ་དོག་ལ་ཧད་ནས་ཡོད་པ་ཡིན། སྐབས་དེར་ངའི་ཡིད་ལ་ཅི་ཡང་དྲན་གྱིན་མེད། སྣང་བའི་ཁམས་ཐམས་ཅད་སྟོང་ལྷང་ངེར་གནས། ཕལ་ཆེར་སྐབས་དེའི་ངའི་ནང་སེམས་ནི་སྣོད་སྟོང་བ་ཞིག་དང་ཀུན་ནས་འདྲ། སྣོད་དེའི་ནང་དུ་དངོས་པོ་ཅི་ཡང་མི་འདུག ཐ་ན་འབྱུང་བ་བཞི་ཡང་མི་འདུག དེ་ལ་གཡོ་འགུལ་ཅི་ཡང་མི་འདུག དེ་ཉིད་རྟག་བརྟན་ཐེར་ཟུག་གི་ཚུལ་དུ་གནས། དེ་ལ་ཁ་དོག་ཅི་ཡང་མི་འདུག རོ་ཅི་ཡང་མི་འདུག རེག་བྱ་ཅི་ཡང་མི་འདུག

ལོ་འདི་དག་གི་རིང་ང་རང་འདི་ལྟར་རྩིས་འཕྲུལ་མདུན་གྱི་རྐུབ་སྟེགས་འདི་རུ་རྣམ་ཤེས་བོར་བའི་བེམ་གཟུགས་ཤིག་དང་འདྲ་བར་དེ་ལྟར་ཡིད་ལ་ཅི་ཡང་དྲན་རྒྱུ་མེད་པར་བསྡད་མྱོང་། སྐབས་དེ་དག་ཏུ་དུས་ཚོད་ཀྱི་གཙང་པོའི་རྒྱུ་བ་འགག་ཅིང་། གོ་ལའི་འཁོར་སྐྱོད་ཀྱང་གནས་མལ་དེ་རུ་འགུལ་མེད་དུ་བསྡད་པ་དང་འདྲ། ཏག་ཏག་སྐབས་དེར་བར་ཁྱམས་ནས་ཀོ་ལྷམ་གྱི་རྟིང་ཀ་རྡོ་གཅལ་ལ་རེག་པའི་སྒྲ་ཞིག་ཐག་རིང་ནས་རིམ་གྱིས་ཐག་ཉེར་སླེབས་བྱུང་། སྒྲ་དེས་གཡོ་མེད་འགུལ་མེད་དུ་ཡོད་པའི་བདག་གི་ནང་སེམས་ཀྱི་རྒྱ་མཚོ་རུ་རླུང་དྲག་པོ་ཞིག་ལྡང་བ་བཞིན་གློ་བུར་དུ་གཡོ་སྐྱོམས་ཆེན་པོ་ཞིག་བཟོས་སོང་།

“འོ་རེད། མོ་ཡིན་ངེས།”

སྐབས་དེར་ངའི་ཡིད་ཤེས་ཀྱི་མཁའ་དབྱིངས་སུ་འཕྲལ་དུ་གློག་འཁྱུག་པ་བཞིན་སྒྲ་དེ་ཁྱོད་ཀྱི་ཨ་མའི་རྡོག་སྒྲ་ཡིན་པ་ཚོར། དུས་ཚོད་འདིར་ཁྱོད་ཀྱི་ཨ་མ་ཕྱིར་ཁྱིམ་ལ་ལོག་པའི་དུས་ཚོད་ཡིན་ཏེ། ངས་འདི་ལྟར་མི་ལོ་སུམ་ཅུ་ལྷག་ལ་མོའི་རྡོག་སྒྲར་མཉན་ནས་ཡོང་བ་ཡིན་པས་འཕྱུག་རྒྱུ་ཡོད་མི་སྲིད། མོའི་དལ་ལྷོད་རན་པའི་གོམ་འགྲོས་ཏེ་ཐག་རིང་ནས་ཐག་ཉེར་སླེབས་ཏེ། རང་ཁྱིམ་གྱི་སྒོ་མོ་དལ་གྱིས་ཕྱེས་ནས་འཛུམ་ཤིག་ཤིག་གིས་ནང་དུ་སླེབས་བྱུང་།

མོས་འཛུམ་བག་དང་བཅས་རྩིས་འཕྲུལ་གྱི་མདུན་དུ་ཙོག་པུར་བསྡད་པའི་བདག་གི་ཕྱོགས་སུ་མོར་ཐོན་ཡོད་པའི་བརྡ་རུ་མགོ་བོ་གུག་ཙམ་བྱེད་པ་དང་། དེ་ནས་ཅི་ཡང་མི་སྨྲ་བར་དལ་ལྷོད་ལྷོད་ཀྱིས་ཟས་ཁང་དུ་ཟས་གཡོ་སྦྱོར་གྱི་ལས་ལ་བྲེལ་སོང་། མོ་ནི་དེ་འདྲའི་བུ་མོ་ལྷུན་ཆགས་ལྷོད་ཡངས་ཤིག་ཡིན་ཏེ། རྣམ་ཀུན་དེ་ལྟར་ལྷོད་ཤིག་ཤིག་གིས་རང་ཁྱིམ་དུ་འཛུམ་མདངས་དང་བཅས་སླེབས་ཡོང་ཞིང་། ང་རང་བྱ་བ་ཅི་ཞིག་ལ་བྲེལ་བའམ་ལྷག་པར་དུ་རྩོམ་འབྲི་བཞིན་པ་མཐོང་ཚེ། དེ་ལ་བར་ཆད་བཟོ་དོགས་ཀྱིས་ངག་ནས་ཅི་ཡང་མི་སྨྲ་བར་རང་བབས་ཀྱི་ལས་ལ་བྲེལ་འགྲོ།

སྤྱིར་འཇིག་རྟེན་འདིའི་མཛེས་སྡུག་གང་ལ་ཡང་སྐྱེས་བུ་དྲག་ཞན་མཐོ་དམན་སུ་ཞིག་ཡིན་ཡང་དང་པོ་དེ་ཉིད་འཐོབ་འདོད་ཀྱི་བློ་འགོག་ཏུ་མེད་པ་མདུང་སོ་གྱེན་དུ་བསྟན་པ་ལྟ་བུ་ཞིག་སྐྱེ་སྲིད་ཅིང་། དེ་རང་ལ་དབང་བའམ་དེ་ཉིད་ལོངས་སུ་སྤྱད་ཚར་རྗེས་དེ་ལ་ཡང་དེ་ཙམ་གྱི་སྙིང་པོོ་མེད་པར་འགྱུར་འགྲོ་མོད། མོ་ནི་དེ་ལས་ལྡོག་སྟེ་མཁའ་ཡི་ཁྲི་གདུགས་ཉི་མ་དང་འདྲ་བར་འགྲོགས་ཀྱིན་འགྲོགས་ཀྱིན་མདངས་ཇེ་གསལ་དང་འདྲིས་ཀྱིན་འདྲིས་ཀྱིན་དྲོད་ཇེ་ཆེར་འགྲོ་བའི་ས་སྟེང་གི་རིན་པོ་ཆེ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ཞིག་ཡིན། དེ་བས། མོ་ནི་བདག་གི་ཚེ་ཐོག་འདི་ཡི་རྙེད་པ་མཐའ་དག་གི་མཐར་ཐུག་དང་། མོ་ཡོད་པས་ད་གཟོད་བདག་གི་ཚེ་སྲོག་ལ་འོད་སྣང་ཡོད་པར་འགྱུར་ཞིང་། མོ་ཡོད་པས་གཡང་ཁྱིམ་གྲུ་བཞི་འདིར་སྤྲོ་སྐྱིད་ཀྱི་དྲོད་ཁོལ་འཁྱིལ་བ་ཡིན།

སྙིང་ནས་བརྩེ་བའི་བདག་གི་བུ་ཆུང་ལགས། ཡང་ན་མི་རིང་བར་སླེབས་པར་འགྱུར་བའི་བདག་གི་བུ་ཆུང་ལགས། ཡང་ན་གཏན་དུ་བསླེབ་མི་སྲིད་པའི་བདག་གི་བུ་ཆུང་ལགས། ཁྱོད་ཀྱི་ཨ་མ་མ་སླེབས་པའི་སྔ་རོལ་ཏུ་ང་རང་རྩིས་འཕྲུལ་མདུན་གྱི་རྐུབ་སྟེགས་སུ་ཙོག་པུར་བསྡད་ནས་ཅི་ཞིག་འབྲི་བཟོ་བྱས་ནས་ཡོད་པ་ལས། དོན་གྱིས་སྒེའུ་ཁུང་ཕྱི་རོལ་གྱི་མུན་ནག་གི་ཁ་དོག་ལ་ཧད་ནས་ཡོད་པ་ཡིན། ཡིན་ན་ཡང་མོ་སླེབས་པ་དང་། ངའི་རྣམ་རིག་གི་སྒོ་མོ་ཆེས་ཆེར་ཕྱེས་ནས་ཡིག་ཚོགས་ཀྱི་ཆར་ཤ་དྲག་ཏུ་བརྡོལ་བྱུང་། ཁྱོད་རང་མི་འགྱངས་པར་བསླེབ་སྲིད། ཁྱོད་ཀྱི་ཨ་མ་དང་ངེད་གཉིས་ཀྱི་ཚེ་ཐོག་འདིའི་རེ་འདུན་ཆེས་ཆེ་ཤོས་ནི་ཁྱོད་རང་འཇིག་རྟེན་འདིར་འཛུམ་མདངས་དང་བཅས་སླེབས་ཏེ། འཛུམ་མདངས་དང་བཅས་ནར་སོན་པ་དང་། འཛུམ་མདངས་དང་བཅས་ཁྱིམ་ཐབས་འཛིན་རྒྱུ་དེ་ཡིན།

ངས་ཁྱོད་ནར་སོན་པ་ལ་གྲ་སྒྲིག་དང་སྟ་གོན་མང་པོ་བྱས་མྱོང་། ཐ་ན་ངས་ཁྱོད་ལ་བསླབ་དགོས་པའི་བསླབ་བྱ་དང་། ཁྱོད་ལ་བཤད་དགོས་པའི་གནའ་གཏམ། ཁྱོད་ཀྱིས་བཀླག་དགོས་པའི་དཔེ་ཆ་སོགས་ཀྱི་སྐོར་ལ་ཡང་བསམ་བློ་མང་དུ་བཏང་མྱོང་། འོན་ཀྱང་། ཁྱོད་རང་འཇིག་རྟེན་འདིར་དངོས་སུ་སླེབས་པའི་དབང་དུ་བཏང་ན། ངས་ཁྱོད་རང་གི་མི་ཚེ་ལ་བཀའ་བཀོད་ཅི་ཡང་མི་འཐེན་པར་ཁྱོད་རང་རང་དབང་གིས་ནར་སོན་དུ་འཇུག་ངེས།

དེ་ཡང་ཁྱོད་རང་ཕྱུག་འཚོ་བའི་འབྲོག་པ་ཞིག་བྱེད་པའམ་ཞིང་འདེབས་པའི་སོ་ནམ་པ་ཞིག་བྱེད་པ། ཡང་ན་གཞན་ལ་ཡོན་ཏན་བསླབ་པའི་དགེ་རྒན་ཞིག་བྱེད་པའམ་མི་འདོད་ནད་ཀྱི་གཉེན་པོ་འཚོ་བྱེད་སྨན་པ་ཞིག་བྱེད་པ། ཡང་ན་གཞན་གྱིས་བཀའ་བཀོད་འོག་ཏུ་འཚོ་བའི་གཞུང་ཞབས་པ་ཞིག་གམ། ཚེ་འདི་བློས་གཏོང་བའི་རྣལ་འབྱོར་བ་ཞིག ཡང་ན་གནས་ངེས་མེད་དུ་འཁྱམ་པའི་ལྡོམ་པོ་ཞིག་བྱེད་པའམ། སྲང་ལམ་དུ་གད་སྙིགས་འཐུ་བའི་སྤྲང་པོ་ཞིག་བྱས་ཀྱང་། ངས་ཁྱོད་ལ་ལས་འདེད་དང་འཁང་ར་གཏན་ནས་བྱེད་མི་སྲིད། རྒྱུ་མཚན་ཁྱོད་ཀྱི་ཨ་ཕ་ནི་འཇིག་རྟེན་དུ་སླེབས་ནས་མི་ལོ་སུམ་ཅུ་ལྷག་འགོར་ཡང་། འཇིག་རྟེན་འདིའི་ལས་གང་ལ་ཡང་སྙིང་པོ་མ་རྟོགས་མཁན་ཞིག་ཡིན། དེ་ཡང་ཁ་བཤད་ཙམ་མ་ཡིན་པར་རང་གིས་མྱོང་བས་གྲུབ་ཡོད་མཁན་ཞིག་ཡིན།

སྤྱིར་འཇིག་རྟེན་འདིའི་ལས་རིགས་ཀུན་ལ་ཡང་ཕྱི་ཚུལ་གྱི་མཐོ་དམན་དྲག་ཞན་བཟང་ངན་རབ་འབྲིང་སྣ་ཚོགས་ཤིག་ཡོད་ཀྱང་། དོན་གྱིས་འཇིག་རྟེན་པའི་ལུགས་ཀྱི་མཐོ་བ་རྒྱལ་ཁབ་ཀྱི་གཙོ་འཛིན་ནས་དམའ་བ་སྲང་ལམ་གྱི་སྤྲང་པོའི་བར་གྱི་འགྲོ་མི་ཀུན་ཀྱང་འཁོར་བ་ཡི་བྲན་དང་གཡོག་འཁོར་ཙམ་ལས། དེ་ལ་མཐོ་དམའ་དྲག་ཞན་བཟང་ངན་ཞིག་ཡོད་པ་ཕ་ཡིས་ལར་ནས་མི་རྟོགས། དེ་བཞིན་དུ་འཁོར་བའི་མི་ཀུན་གྱིས་རང་བབས་ཀྱི་ལས་གང་ལ་ཡང་སྙིང་པོ་ཅི་ཞིག་ཡོད་མདོག་མདོག་བྱེད་མོད། འཁོར་བའི་ལས་འདི་ཀུན་ཀྱང་དོན་གྱིས་སམ་མཐར་ཐུག་གི་སྙིང་པོོ་ཞིག་ཡོད་པ་གཏན་དུ་རྟོགས་ཐབས་བྲལ།

དེ་ཡང་འཇིག་རྟེན་འདིར་སྙན་གྲགས་དང་ངོ་སོ་མཐོ་བའི་མཁས་པ་དང་གསར་གཏོད་པ། སྒྱུ་རྩལ་པ་དང་སྙན་ངག་པ། མཚན་ཉིད་རིག་པ་བ། ཆོས་པ་ཆེན་པོ་གང་ཞིག་ཡིན་ཡང་། འཁོར་བའི་ཆེད་དུ་འཁོར་བར་འཁོར་བ་དང་འཆི་བར་བསྒུག་ཡུན་རིང་དྲགས་ནས་དོན་མེད་ཀྱི་ལས་མང་པོ་ཞིག་བྱས་པ་ལས། དོན་ལ་ཅི་ཡང་མ་ཡིན། དེ་བས་ཕ་ལོ་ང་ཁྱོད་ཀྱི་མི་ཚེ་ལ་རེ་བཞག་ཆེན་པོ་གང་ཡང་མེད། ཁྱོད་ཀྱིས་མགོ་རྔ་མ་བྱས་ནས་འགྲོ་བ་དང་། རྔ་མ་མགོ་བྱས་ནས་སོང་ཡང་། ང་ལ་སྐད་ཆ་གང་ཡང་མེད། ངས་དེ་བཏང་སྙོམས་སུ་འཇོག་ནུས། ཡིན་ན་ཡང་། ཁྱོད་རང་ངའི་འཇིག་རྟེན་གྱི་དཀྱིལ་འཁོར་དུ་འོད་འཁྱུག་གེར་སླེབས་པ་ནི་ངའི་མི་ཚེ་འདིའི་རེ་བཞག་དང་སྨོན་འདུན་ཆེ་ཤོས་དེ་ཡིན།

ང་རང་ནང་ཆོས་ལ་བློ་སྦྱོང་དང་ཐུབ་པའི་རྗེས་འཇུག་པ་ཞིག་ཏུ་འགྱུར་མྱོང་བའི་ཆ་ནས། ངས་རྣམ་ཀུན་ཏུ་ཐོས་བསམ་སྒོམ་སྒྲུབ་ཆགས་མེད་དུ་བྱེད་པ་དང་། ཁྱོད་རང་འཇིག་རྟེན་འདིར་མྱུར་བར་བསླེབ་པའི་སླད་དུ་དཀོན་མཆོག་ལ་གསོལ་འདེབས་དང་། ལྷ་ཚོགས་ལ་མཆོད་སྦྱིན། ཡི་དམ་ལ་བཅོལ་དམ། སྲུང་མ་ལ་གསོལ་མཆོད་བྱེད་ཀྱིན་ཡོད་མོད། ཁྱོད་རང་མི་ལོ་བཅུ་ལྷག་ལ་མཁའ་ཡི་མེ་ཏོག་དང་ས་ཡི་འཇའ་ཚོན་བཞིན་ངའི་འཇིག་རྟེན་དུ་བསླེབ་རྒྱུ་མ་བྱུང་།

ངས་རྟག་པར་རང་ལ་བུ་མེད་པའི་སྐོར་ལ་བསམ་བློ་གཏོང་སྐབས་རྣམ་རྟོག་གི་མེ་ལོང་ངོས་སུ་འདས་དོན་རབ་རིབ་ཅིག་རི་སྐེད་ཀྱི་སྨུག་རྒྱུ་བཞིན་འཕྱུར་ཡོང་། དེ་ནི་མི་ལོ་བཅུ་གྲངས་ཤིག་གི་སྔོན་ཏེ། ཁྱོད་ཀྱི་ཨ་མ་ངེད་གཉིས་གློ་བུར་དུ་ངོ་ཤེས་ཤིང་། གློ་བུར་དུ་ལུས་འབྲེལ་བྱུང་། གློ་བུར་དུ་བུ་འཁོར་བའི་སྐོར་གྱི་འདས་དོན་ཡིད་ལ་དྲན་ན་སྣང་བ་གཟེང་ཞིང་སྙིང་ལ་ཙག་ཤད་རྒྱུག་པ་དེ་རེད། གློ་བུར་གྱི་ལས་དེས་ངའི་མི་ཚེའི་ལམ་ཐིག་ལ་དཀྱོགས་མཚམས་ཆེན་པོ་ཞིག་བཟོས་སོང་།

མཚན་མོ་དེ། ངའི་ཡིད་ཀྱི་མཁའ་དབྱིངས་ངོས་སུ་རྟག་བརྟན་དུ་གནས་པའི་ཉི་ཟླ་བཞིན་གསལ་གྱི་ལེར་གནས་ཤིང་གང་དུ་ཡང་འདོར་ཐབས་མི་འདུག མཚན་མོ་དེའི་སྨག་ཤིན་ཏུ་མཐུག ཆར་བ་དྲག་ཏུ་བབས། གློག་འཁྱུག་ཅིང་། འབྲུག་ལྡིར་བའི་མཚན་མོ་དེ་ངས་གཏན་དུ་བརྗེད་ཐབས་མི་འདུག འདི་ནི་བདག་གི་ཚེ་འདིའི་ཆེས་སྤྱིར་བཏང་གི་མཚན་མོ་གྲངས་མེད་ཀྱི་ནང་ནས་ཆེས་སྤྱིར་བཏང་མིན་པའི་མཚན་མོ་ཞིག་ཡིན།

སྤྱིར་ཁྱོད་ཀྱི་ཨ་ཕ་ང་ནི་མི་ནུས་མེད་དཔའ་གདེང་མེད་པ། སེམས་ཆུང་དྲགས་པ་རྩྭ་མགོའི་ཟིལ་བ་ཐང་དུ་ལྷུང་བ་ལ་ཡང་སེམས་ཚགས་ཤོར་མཁན་ཞིག་ཡིན་ཡང་། ཁ་ཏན་ཚིག་ལ་གནས་པའི་ཚུལ་ནི“ཚུལ་ཁྲིམས་གན། མི་ཟེར་ན་གོར་མོ་རྡོ་འདྲ་བ་ཞིག་ཡིན”ཞེས་སྡེ་མི་ཀུན་གྱི་ཁ་ན་རླུང་ལྟར་གྲགས། ཡིན་ན་ཡང་། མཚན་མོ་དེར་ཁྱོད་ཀྱི་ཨ་ཕས་མི་ལོ་ཉི་ཤུ་ལྷག་ལ་ཆར་བས་སྦངས་སུ་མ་བཅུག ཉི་མས་སྐམ་དུ་མ་བཅུག་པར་བསྙོར་ནས་ཡོང་བའི་ཚུལ་ཁྲིམས་ཀྱི་མེ་ཏོག་ཡིད་དུ་ཡོང་བ་དེ་དེ་ལྟར་གློ་བུར་དུ་སད་ཀྱིས་བཅོམ་སོང་། དེ་ལྟར་ཤེས་མེད་ཚོར་མེད་དུ་སླེབས་པའི་གློ་བུར་བའི་ཚོར་བ་དེ་ཨང་། ཚོར་བ་དེས་མི་ལོ་ཉེར་ལྔའི་རང་གི་དཀའ་སྡུག་དང་དངུལ་ཆུ་ཡོད་ཚད་སྐད་ཅིག་གིས་ས་ལ་བསྲེས་བཞག

དེ་སྔོན་ངས་རང་གི་སྡོམ་པ་དེ་དེ་འདྲའི་ལས་སླ་བོ་ཞིག་གི་ངང་ནས་ཤོར་འགྲོ་བར་ཡིད་ཀྱི་དགུ་ལ་ཡང་ཤར་མ་མྱོང་། དེ་ཡང་ལས་དབང་འདི་ལ་བློ་གཏད་དང་རྟག་བརྟན་མེད་པ་མཁའ་ཡི་སྤྲིན་པ་དང་འདྲ་སྟེ། དེ་ཉིད་འགྲོ་འདོད་ཚེ་ནམ་མཁའ་ཧྲིལ་པོ་སྐད་ཅིག་གིས་དྭངས་ནས་འགྲོ་ཞིང་། ལོག་འདོད་ཚེ་ཉི་ཟླའི་དཀྱིལ་འཁོར་ཡང་སྐད་ཅིག་གིས་བསྒྲིབས་ནས་འགྲོ། གནག་འདོད་ཚེ་ནམ་མཁའི་དཀྱིལ་ཆེན་པོ་འདི་ཡང་སྐད་ཅིག་གིས་གནག་ནས་འགྲོ། དེ་བཞིན་དུ་ང་ཚོས་རྟག་པར་དཔེ་མི་སྲིད་དཔེ་མི་སྲིད་སྙམ་པའི་དོན་དེ་དག དཔེ་རུ་སྲིད་ནས་མངོན་སུམ་དུ་རང་གི་མགོར་སླེབས་ཡོང་དུས“སྟེང་ལ་སླེབས་པའི་ལེབ་རྒན། འོག་ལ་མི་འཛུལ་ག་མེད་ཡིན”ཟེར་བ་བཞིན་མི་འདོད་བཞིན་དང་དུ་མི་ལེན་ག་མེད་ཡིན།

ཨ་ཕའི་ཕ་ལོ། ཁྱོད་ལ་མ་གསང་དྲང་མོར་བཤད་ན། ཁྱོད་མ་སླེབས་པའི་སྔ་རོལ་ཏུ་ཁྱོད་ཀྱི་ཨ་མའི་མངལ་དུ་བྱིས་པ་ཞིག་འཁོར་མྱོང་སྟེ། སྐབས་དེར་ང་ནི་སྟོན་པའི་ན་བཟའ་གྱོན་པའི་དགེ་འདུན་པ་ཞིག་དང་། མོ་ནི་སློབ་མཐར་མ་ཕྱིན་པའི་སློབ་མ་ཞིག་ཡིན། ངེད་གཉིས་ཀྱིས་རང་རང་གི་ལས་དབང་ལ་མགོ་བསྒུར་མ་འདོད་པར། ངས་སྡོམ་པ་བསྐྱར་དུ་ཞུས་ནས་མུ་མཐུད་དུ་དགོན་པར་བསྡད་པ་དང་། མོ་རང་མུ་མཐུད་དུ་སློབ་གྲྭར་ཆས་ནས་ཁྱོད་ཀྱི་ཕུ་བོའམ་ཨ་ཅེ་རུ་འགྱུར་སྲིད་པའི་རྣམ་ཤེས་ཆུང་ཆུང་དེ་དེ་ལྟར་གནས་ལུགས་དང་རྒྱུ་མཚན་མེད་པར་སྒེར་སེམས་ཆེན་པོས་སྣང་བའི་ཁམས་ནས་མེད་པར་བྱས་བཞག དོན་གྱིས་མི་ཞིག་བསད་བཞག་པ་རེད། གཏམ་འདི་ཐོས་ཚེ་ཁྱོད་རང་བདག་གི་སྟེང་ལ་སྙིང་ལངས་སྲིད། ཡིན་ན་ཡང་། བདག་གིས་དེ་ལ་གནས་ལུགས་དང་རྒྱུ་མཚན་ཅི་ཡང་ཞུ་མི་སྲིད། རྒྱུ་མཚན་འདི་ནི་བདག་གི་ཚེ་ཐོག་འདིར་བསྒྲུབས་པའི་ནོར་འཁྲུལ་ཆེས་ཆེ་ཤོས་ཀྱི་ལས་དེ་ཡིན། དེ་ནི་ཁྱོད་རང་ད་བར་དུ་འཇིག་རྟེན་འདིར་ཡོང་མི་ཐུབ་པའི་རྒྱུ་མཚན་ཡང་ཡིན་སྲིད། “ལས་རྒྱུ་འབྲས་རྒྱུ་མ་འཁོར་འཁོར”ཟེར་བ་དེ་དངོས་གནས་བདེན་པར་འདུག ཁྱོད་ཀྱི་ཨ་ཕ་ནི་ཚེ་ཐོག་འདིར་སུ་ལ་ཡང་ཡིད་ཆེས་མེད་ཅིང་། གང་ལ་ཡང་སྙིང་པོ་མེད་པར་བཤད་པའི་མི་སྐོར་ལོག་ཅིག་ཡིན་མོད། ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན། དེ་བས། ཕ་ངས་བུ་ཁྱོད་ལ་མི་ཚེའི་ཉམས་མྱོང་གི་སྡོམ་མམ་གདམས་ངག་ཆིག་ཐུབ་ཅིག་བཤད་དགོས་ན། ཁྱོད་རང་མི་དྲང་མོ་ལས་རྒྱུ་འབྲས་དཔྲལ་བའི་མིག་བཞིན་སྲུང་མཁན་ཞིག་བྱེད་དགོས་ཞེས་བཤད་ངེས། དེ་ནི་བདག་གི་འཆི་ཁའི་ཁ་ཆེམས་ཀྱང་ཡིན་ངེས།

དེ་ཡང་ང་ཚོ་འཇིག་རྟེན་གྱི་མི་ཕལ་མོ་ཆེ་ལ་དཀར་ནག་གི་ངོས་གཉིས་ཡོད་དེ། ང་ཚོས་རྟག་པར་མི་ཀུན་གྱིས་མཐོང་སར་ངོས་དཀར་པོ་དེ་ལས་སྟོན་མི་སྲིད་ཀྱང་། ཀུན་གྱིས་མི་མཐོང་སའམ་ལྐོག་ཏུ་ད་གཟོད་ངོས་ནག་པོ་དེ་མངོན་ཡོང་། བདག་ཀྱང་དེ་ལས་མ་འདས། ཁྱོད་ཀྱི་ཨ་མ་དང་ཁྱོད(དོན་ལ་ཁྱོད་ཀྱིས་ཀྱང་ཤེས་མེད)ཕུད་པས། འཇིག་རྟེན་གྱི་མི་སུ་ཞིག་གིས་ཀྱང་། ང་རང་མི་གསོད་ལག་དམར་ཞིག་ཡིན་པ་ཤེས་མི་སྲིད། མི་ཀུན་གྱི་མདུན་སར་ང་ནི་ན་འདམ་སོགས་སུ་འབུ་ཞིག་ཤི་ལ་ཉེ་བར་མཐོང་བ་ན་ཡང་མྱུར་དུ་དེའི་སྲོག་སྐྱོབ་པ་དང་། ཨ་ང་ཙི་ཞིག་ལག་མགོར་བབས་ནས་ཁྲག་འཇིབ་ཀྱང་གསོད་རོགས་མི་ཆོད་པའི་མི་སྙིང་རྗེ་ཅན་དེའི་རིགས་ཡིན་པས། ང་རང་མི་གསོད་ལག་དམར་ཞིག་ཡིན་པ་སུ་ཞིག་གིས་ཡིད་ལ་འཁོར་སྲིད་ཨང་། ལྷག་པར་དུ་རང་གི་བུ་གསོད་མཁན་གྱི་ལག་དམར་ཞིག་ཡིན་པ་དེ་བས་ཀྱང་ཡིད་ལ་འཁོར་མི་སྲིད་ཨང་། སྙིང་ནས་བརྩེ་བའི་བུ་ལགས། ཨ་ཕ་མདོ་མེད་ངས་ཁྱོད་དང་ཁྱོད་ཀྱི་ཨ་ཅེའམ་ཕུ་བོ་རུ་འགྱུར་སྲིད་པའི་རྣམ་ཤེས་ཆུང་ཆུང་དེ་ལ་དགོངས་དག་ཞུ།

ངའི་རྣམ་རྟོག་ངོས་ཀྱི་བུ་ཆུང་ལགས། ད་ལྟ་སྒེའུ་ཁུང་ཕྱི་རོལ་གྱི་སྨག་ཇེ་མཐུག་ནས་ཇེ་མཐུག་ཏུ་འགྲོ་བཞིན་འདུག་ལ། ཡང་བསྐྱར་རྫོགས་མཐའ་བྲལ་བའི་མཚན་མོ་ཞིག་གི་དབུ་ཚུགས་སོང་། ཁྱོད་ཀྱིས་ཨ་མས་ཟས་ཀྱི་སྡེར་ཁ་སྣ་ཚོགས་བསྒྲིགས་ནས། འཛུམ་གྱི་ལེར་ང་རང་འབོད་ཀྱིན་འདུག མོའི་འཛུམ་དེའི་ཁུད་དུ་སྦས་པའམ་ལྐོག་ཏུ་ཡིབ་པའི་ཡི་ཆད་དང་སྐྱོ་སྡུག་གི་ལོ་ཟླ་རིང་མོ་དེ་ང་མིན་འཇིག་རྟེན་འདིའི་མི་སུ་ཞིག་གིས་ཀྱང་རྟོགས་མི་སྲིད་ཨང……

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།