ཀྲུང་གོ་བོད་ཀྱི་དྲ་བ།

འགྱུར་ལྡོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྦྲ་ནག་པ་ཤེར་ལྡན།   སྤེལ་དུས། : 2019-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

བུ་ཆུང་ཕག་ཕྲུག་ནི་ལོ་འདིའི་མཐར་ཕྱིན་སློབ་མ་ཡིན་ཞིང་། ཕོ་སྒོ་ཡག་པོ་ཞིག་མེད་ཀྱང་། ཁོ་ལ་དགེ་སློབ་ཚོས་བསྟོད་བསྔགས་གནང་སའི་སྐད་ངག་བདེ་མོ་ཞིག་ཡོད་པར་མ་ཟད། གཞས་ལེན་པ་དང་གར་འཁྲབ་པ། ད་རུང་གྱེར་འདོན་བྱེད་པ་དང་སྙན་ངག་ཐན་ཐུན་རེ་འབྲི་བ།དཔེ་ཀློག་བྱེད་པ་སོགས་ནི་བུ་ཆུང་ཕག་ཕྲུག་ལ་ཚང་བའི་ཡོན་ཏན་དུ་བརྩི་ཆོག

ཕྱོགས་སོ་སོའི་སློབ་གྲྭ་དག་སློབ་མགོ་ཚུགས་ལ་ཉེ་ཞིང་། བྱིས་པ་ཚོ་སློབ་གྲྭར་འགྲོ་བའི་སྟ་གོན་བྱས། མཐར་ཕྱིན་སློབ་བུ་ཕག་ཕྲུག་ལ་མཚོན་ན། སྔར་དང་མི་འདྲ་བའི་ལས་ཀ་ཞིག་ལ་འཇུག་དགོས་ཏེ།སྔ་མོར་ཁོ་ཡང་སློབ་མ་ཞིག་གི་ཚུལ་གྱིས་རང་གི་རྒྱབ་ཁུག་ནང་གི་དཔེ་ཆ་དེ་ཚོ་ཁུར་ནས་སློབ་གྲྭར་འགྲོ་དགོས་པ་ཡིན་མོད། འོན་ཏང་། ད་ལོ་ནི་དེ་ལས་ལྡོག་སྟེ། དགེ་རྒན་ཞིག་གི་ཚུལ་གྱིས་གློག་ཀླད་ཆུང་ཆུང་དེ་གློ་ཟུར་དུ་བཏགས་ནས་རང་རྫོང་གི་སློབ་འབྲིང་ཞིག་ཏུ་དངོས་སྦྱོང་བྱེད་དུ་སོང་། དངོས་སྦྱོང་བྱེད་པ་ནི་ཁོ་རང་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་དེ་གའི་ལོ་རེའི་མཐར་ཕྱིན་སློབ་མ་ཚོ་ངེས་པར་འགྲོ་དགོས་པའི་རྒྱུན་སྲོལ་ལྟ་བུ་ཞིག་ཏུ་ཆགས་ཡོད། དེ་བས། ད་ལོའི་དགུན་སྟོད་ནས་སློབ་གྲྭ་འདི་གས་མཐར་ཕྱིན་སློབ་མ་ཚོའི་ལག་ཏུ་རེའུ་མིག་འགའ་རེ་སྤྲད་སོང་བ་དང་། དེ་ནི་སློབ་སྐབས་གཞུག་མར་མ་མཐའ་ཡང་ཟླ་གཉིས་ལྷག་ལ་དངོས་སྦྱོང་བྱེད་དགོས་པ་དང་། དེ་རྗེས་རེའུ་མིག་དེའི་ཐོག་དངོས་སྦྱོང་བྱེད་སའི་ལས་ཁུངས་ཀྱིས་ཐམ་ག་བརྒྱག་དགོས་པའི་དོན་སྟོན་གྱིན་ཡོད་པ་རེད།

དགུན་གནང་བཏང་རྗེས། བུ་ཆུང་ཕག་ཕྲུག་གིས་རང་གི་ཕ་མ་གཉིས་ལ་དོན་དེ་བཤད་པ་ནས། ཁོ་རང་དངོས་སྦྱོང་བྱེད་སའི་སྡོད་གནས་ཤིག་འཚོལ་དུ་སོང་། སྟབས་ལེགས་པ་ཞིག་ལ། སློབ་གྲྭའི་ཉེ་འཁོར་ནས་སྡོད་ཁང་ཞིག་གཡར་ཐུབ་སོང་བས། ཁོས་རང་གི་དཔེ་ཆ་དང་གློག་ཀླད་ཁུར་ནས་དངོས་སྦྱོང་གི་ལས་ལ་ཞུགས།

ཟླ་གསུམ་པའི་ཚེས་གཅིག་ནི་ལོ་རེར་ཞིང་འབྲོག་གི་སློབ་མ་ཚོས་དགུན་གནང་གི་འཚོ་བར་སྡུད་གསོག་བྱས་ཤིང་དཔེ་དེབ་དང་ཡང་བསྐྱར་གཙུབ་བརྡར་བྱེད་པའི་མགོ་བརྩམས་པ་ཡིན་པས། དེ་རིང་ཡང་སློབ་གྲྭའི་དགེ་རྒན་དག་སྔ་མོ་ནས་སློབ་གྲྭའི་ནང་དུ་ཐོན་ཞིང་ཚོགས་འདུ་བསྡུས་ཏེ། སློབ་སྐབས་འདིའི་འཆར་གཞི་དང་སྒྲིག་ལམ་སོགས་གོང་སློབ་གཙོ་དང་འོག་དགེ་རྒན་ཡན་ཆད་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཞིབ་པར་སྤྲོས་སོང་།བུ་ཆུང་ཕག་ཕྲུག་ཀྱང་ཚོགས་འདུ་དེར་ཐོན་ཡོད་ཅིང་། ཁོ་ཚོགས་ཁང་དེའི་ཆེས་གཞུག་གི་རྐུབ་སྟེགས་ཤིག་ཏུ་ཙོག་ནས་ཚོགས་ཐོག་གི་གཏམ་བཤད་དག་ཟིན་བྲིས་སུ་འདེབས་བཞིན་འདུག ཅུང་ཞིག་ནས་དགེ་རྒན་ཞིག་ཁོའི་གམ་དུ་ཐོན་ནས་ཁྱོད་གསར་དུ་ཐོན་པའི་དགེ་རྒན་ཞིག་ཡིན་ནམ། འདིར་རུས་མིང་ཞིག་འབྲི་རོགས་ཞེས་མིང་ཐོའི་རེའུ་མིག་ཅིག་ཚུར་བསྲིངས་སོང་བས། དགེ་རྒན་ཞེས་པའི་མིང་དེ་ཁོའི་སེམས་ལ་ལྟིག་སྒྲ་དང་བཅས་ལྷུང་བ་དང་། ཁོས་རང་ཉིད་སུ་ཡིན་པའང་བརྗེད་པའི་གནས་སུ་བསྐྱལ། ཁོས་ཡུད་ཙམ་ལ་ཅི་ཞིག་བཤད་དགོས་པ་ཡང་མ་ཤེས་པར་སེམས་ཧད་དེ་ལུས། དེ་རྗེས་ཧ་ཅང་ཡིད་མི་ཆེས་པའི་མགོ་བོ་ནང་དུ་ལྡེམ་ཙམ་བྱས་ཏེ་ཕག་ཕྲུག་ཅེས་པའི་ཡིག་འབྲུ་དེ་གཉིས་ཤོག་བུ་དཀར་པོའི་ཐོག་ཏུ་བྲིས། དེ་ནི་བསམ་གཟས་ནས་རང་གི་ཐེ་ཚོམ་ལ་རྒོལ་ལན་བསློགས་པ་དང་འདྲ་བོ་རེད།

ཚོགས་འདུ་གྲོལ་ལ་ཉེ་སོང་། སློབ་གཙོས་ཅི་ཞིག་དྲན་སོས་བྱུང་བ་བཞིན་སྐད་གདངས་མཐོ་རུ་བཀྱགས་ནས་གསར་ཕེབས་དགེ་རྒན་ཕག་ཕྲུག་ལ་དགའ་བསུ་གནང་རོགས་ཞེས་མཚམས་སྦྱོར་ཐུང་ངུ་ཞིག་ཀྱང་བྱས་སོང་། དགེ་རྒན་ཚོས་མགོ་བོ་རིག་རིག་ངང་མིག་ཟུང་གིས་བུ་ཆུང་ཕག་ཕྲུག་གི་གདོང་ནས་འཚང་ཀ་རྒྱག བུ་ཆུང་ཕག་ཕྲུག་ཡང་བསྐྱར་མགོ་འཐོམ་དུ་བཅུག་པ་དང་ཁོའི་ངག་ནས་བཀའ་དྲིན་ཆེ་ཞེས་སྐད་ཆ་རྡབ་རྡིབ་ཅིག་ཀྱང་ཐལ་སོང་།

གཉིས།

བུ་ཆུང་ཕག་ཕྲུག་ཕྱིར་རང་གི་སྡོད་གནས་སུ་ལོག་ཅིང་། དགའ་སྡུག་མ་ངེས་པའི་སེམས་ཁམས་དེས་ཁོ་རང་ཐང་ཆད་དུ་བཅུག ཡིན་ནའང་། ཁོ་ལ་མཚོན་ན། ལོ་འདི་ཚོར་དགེ་རྒན་གྱི་བྱ་བ་དེ་ལ་ཅུང་དགའ་མགུ་ཡི་རངས་བྱས་ཡོད་པ་དང་། རང་ཉིད་ཀྱང་དགེ་རྒན་ཞིག་བྱ་བསམ་པའི་འདུན་པ་ཐེངས་དུ་མར་ཡོད་མྱོང་། དེ་བས། ཁོས་རྐྱེན་དེ་ལ་བྱས་ནས་ཐེངས་འདིར་ཡང་ལས་ཁུངས་གཞན་པ་ནས་དངོས་སྦྱོང་མ་བྱས་པར་ཐད་ཀར་དགེ་རྒན་གྱི་ལས་འདི་ལྷུར་ལེན་བྱས་པ་ལའང་དམིགས་ཡུལ་མེད་པ་ཞིག་མིན་མོད། སློབ་ཁྲིད་ཀྱི་ཉམས་མྱོང་མེད་ཁར་ལོ་ན་ཆུང་བ་དང་། གཟུགས་ཀྱང་དེ་འདྲ་རིང་རྒྱུ་མེད་པའི་ཁོ་ལ་མཚོན་ན། སློབ་འབྲིང་སློབ་མ་ཞིག་གི་དགེ་རྒན་བྱེད་རྒྱུ་ལས་སླ་མོ་ཞིག་གདོད་ནས་མིན་པ་འདྲ།

བུ་ཆུང་ཕག་ཕྲུག་གིས་ཡར་མར་ལ་འདང་མང་པོ་ཞིག་བརྒྱབ་རྗེས། སེམས་ཀྱི་དྲ་རྒྱ་གཏོར་བའི་ཐབས་ཤེས་ཤིག་མ་རྙེད་ཀྱང་། རང་ཉིད་འདི་རུ་ཡོང་དོན་གངས་དཀར་སེམས་ན་རྟ་མེད་ན། ཕུ་དོང་ནང་དུ་སྲབ་འཛིན་པའི་སྲོལ་ཞིག་གང་ན་ཡོད། འདི་ནི་བུ་ཆུང་ཕག་ཕྲུག་གིས་རང་ལ་སེམས་གསོ་བྱེད་སྟངས་ཤིག་སྟེ། སློབ་ཁྲིད་ལ་དངོས་སུ་ཞུགས་མེད་པའི་ཁོ་ལ་མཚོན་ན། སེམས་ན་ཐེ་ཚོམ་ཅི་རིགས་ཤིག་ཡོད་པའང་རྒྱུན་ལྡན་མིན་ནམ།

“ཏིང་ཏིང་ཏིང……”ཁ་པར་གྱི་དྲིལ་བརྡ་གྲགས་བྱུང་།

འདང་རྒྱག་ཏུ་ཚུད་པའི་བུ་ཆུང་ཕག་ཕྲུག་གིས་ཡར་མར་ལ་བསམ་བློ་གཏོང་བར་བྲེལ་བས། རང་གི་མཛའ་མོ་དྲན་པ་ལྷ་མོ་ལ་ཁ་པར་གཏོང་རྒྱུ་ཡང་བརྗེད་འདུག སྔོན་ཆད། ཁོ་སྐར་མ་ཁ་ཤས་ལ་ཡང་སྡོད་ཐབས་མེད་པར་དྲན་པ་ལྷ་མོར་ཁ་པར་རིང་གཏོང་ཐུང་གཏོང་བྱེད་མོད། དེ་རིང་དོན་དག་དེ་ཡང་བརྗེད་འདུག་པ་དེས་ཁོས་རང་གི་སློབ་ཁྲིད་གྲ་དག་ཅིག་བྱེད་ཐུབ་མིན་ལ་སེམས་ཁྲལ་བྱེད་ཀྱིན་ཡོད་པ་འདྲ།

“འོ། ཅི་བྱེད་ཀྱིན་ཡོད། ”

“ཁ་རོག་བསྡད་ཡོད། ”

“ཟ་མ་ཟོས་ཚར་རམ། ”

“ཟོས་ཚར། ”

“ཡ་ཡ། དེ་རིང་སློབ་གྲྭའི་ནང་དུ་སོང་ངམ། ”

“སོང་ནི་ཡིན། ཕྱིར་ཐོན་མ་ཁད་ཡིན། ”

“……”

ཁོ་གཉིས་ཀྱིས་ཆུ་ཚོད་གཅིག་ལྷག་ལ་ཁ་བརྡ་བྱས་ཡོད་པ་དང་། བུ་ཆུང་ཕག་ཕྲུག་གིས་དྲན་པ་ལྷ་མོ་ལ་དེ་རིང་གི་གནས་ཚུལ་དག་གསར་འགྱུར་སྒྲོག་མཁན་ཞིག་དང་འདྲ་བར་ཁོ་མོར་བཤད་པ་དང་། དེའི་རྗེས། རང་ཉིད་དགེ་རྒན་བྱས་ན་སློབ་མ་ཚོར་ཕན་ཐོགས་མིན་དང་ལས་གནས་དེ་རང་ལ་འཚམ་མིན་སོགས་རང་གི་སེམས་ཀྱི་དོགས་པ་མང་པོ་ཞིག་མོར་བཤད།

དྲན་པ་ལྷ་མོ་ནི་ཕག་ཕྲུག་ལ་ཡིད་ཆེས་ཞེ་དྲག་ཡོད་ཅིང་། ཁྱོད་ཀྱིས་མི་ཐུབ་ན་སུས་ཐུབ་ཅེས་ལྡོག་འདྲི་བྱས་པ་དང་། ཁྱོད་ཀྱི་གྲོགས་པོ་དག་གིས་བཤད་ན། ཕག་ཕྲུག་ཁྱོད་སློབ་སྦྱོང་ལ་ངར་བ་ཞིག་ཡིན་པར་བཤད་ཀྱིན་འདུག་སོགས་སྐད་ཆ་མང་པོ་ཞིག་བཤད། དྲན་པ་ལྷ་མོ་ལ་མཚོན་ན། སྐད་ཆ་དེ་ནི་ཁ་ཡག་ཅིག་མིན་པར་ཁོ་མོས་དངོས་གནས་དེ་ལྟར་འདོད་ཀྱིན་ཡོད་མོད། ཕག་ཕྲུག་ལ་མཚོན་ན། རང་ཉིད་ཀྱི་རིག་གནས་དང་སློབ་སྦྱོང་ཆུ་ཚད་སོགས་གཞན་ལས་ལྡབ་འགྱུར་ཞིག་ཡིན་པར་ནམ་ཡང་བསམས་མེད་ལ། གཞན་གྱི་སྐད་ཆ་དེ་དག་ནི་ཁོ་ལ་མཚོན་ན་དཔག་རིན་ཡོད་པ་ཞིག་ཀྱང་མ་རེད། སྐབས་རེར། ཁོས་བསམ་པར་སྐད་ཆ་དེ་དག་ནི་དོན་ལ་གནས་པ་ཞིག་ཡེ་ནས་མ་རེད་བསམས།

ཕག་ཕྲུག་གིས་རང་གི་མཛའ་མོར་ཁྱོད་རང་ང་ལ་ཡིད་ཆེས་ཀྱང་ཆོག མ་ཆེས་ནའང་ཆོག གང་ལྟར་གཞན་གྱི་སྐད་ཆ་ལ་དོ་སྣང་དེ་ཙམ་མ་བྱེད། སྐད་ཆ་དེ་དག་ང་ལ་མཚོན་ན་རྣར་འགྲོ་བ་ཞིག་མ་རེད། ང་ལ་ཆ་རྒྱུས་ཡོད་པ་ང་ཁོ་ན་ཡིན་རྒྱུ་རེད། ཁྱོད་ཀྱིས་སྐད་ཆ་དེ་ལྟར་བཤད་པ་དེས་ང་ལ་གནོད་པ་ཅི་ཡང་མེད་མོད། གལ་ཏེ། ང་ནི་གཞན་གྱིས་གླེང་གིན་པའི“ང”ལྟ་བུ་ཞིག་མ་ཡོང་བ་དང་། ཡང་ན་ཁྱོད་ཀྱི་སེམས་ན་ཡོད་པའི“ང”ནི་ཁྱོད་ཀྱི་འདོད་པ་ལྟར་གྱི“ང”དེ་མིན་ན། ངས་ཁྱོད་རང་སེམས་ཕམ་པར་སྐྲག་པས། དེ་བས། ངས་ཁྱོད་ལ་རྣམ་དག་ཡིན་པ་འདི་ཁོ་ན་ཁྱོད་ཀྱི་བདེན་པར་འཛིན་པ་ལས་དེ་མིན་གྱི་སྐད་ཆ་དང་རེ་བ་ཆེན་པོ་མ་བཅངས་མ་གཏོགས། མཐའ་གཞུག ཕམ་སྲིད་པ་ཁྱོད་ཡིན་པ་དང་། དེ་ནི་ངས་ཆེས་སེམས་ཁྲལ་བྱེད་ས་དེ་ཡང་རེད་ཅེས་བཤད། མོར་ཐེ་ཚོམ་ཅི་ཡང་མེད་པའི་ངང་། ཕག་ཕྲུག་ཁྱོད་ཀྱིས་ཁེངས་སྐྱུང་བྱེད་མི་དགོས། ང་ཁྱོད་ལ་ཆ་རྒྱུས་ཡོད། ཁྱོད་སེམས་ཕམ་དགོས་པ་མ་རེད་ཅེས་ཡང་ཡང་བཟླས་སོང་བས། བུ་ཆུང་ཕག་ཕྲུག་གིས་ཀྱང་མུ་མཐུད་དུ་མ་བརྩད་པར། གཅེས་ཕྲུག་མ་ཞེས་ཁ་པར་གྱི་འཆར་ཤེལ་ཐོག་ཏུ་འོ་ཞིག་བྱས། 

གསུམ།

ཟླ་བཞི་པའི་ཚེས་དགུ་ནི་བུ་མོ་དྲན་པ་ལྷ་མོའི་སྐྱེས་སྐར་ལ་ཁེལ་ཡོད་པས། བུ་མོ་དྲན་པ་ལྷ་མོ་དང་བུ་ཆུང་ཕག་ཕྲུག་གཉིས་སློབ་གྲྭ་ནས་ཁ་ཁར་འགྲོ་སྐབས། བུ་ཆུང་ཕག་ཕྲུག་གིས་དྲན་པ་ལྷ་མོ་ལ་ཉིན་མོ་དེར་མོའི་དྲུང་དུ་འབྱོར་ཐུབ་པར་ཁས་བླངས། དེ་བས། ད་ལྟ་སློབ་གྲྭའི་ནང་ན་འདུར་རྒྱུག་མོད་པའི་སྔོན་ཆད་ཀྱི་བུ་ཆུང་ཕག་ཕྲུག་དང་ད་ལྟའི་དགེ་རྒན་ཕག་ཕྲུག་ནི་སྤྱིར་ཁ་ལས་ཅུང་དགེ་བཞིན་པའི་སྐབས་ཡིན་མོད། ད་ལྟ་ཁོ་ལ་སེམས་ཁྲལ་གཞན་ཞིག་ཡོད་པ་ནི། ཐབས་ཅི་འདྲ་ཞིག་འཐེན་ནས་ཕྱིར་སློབ་གྲྭར་ལོག་རྒྱུ་དེ་རེད།

ཉིན་མོ་དེར་ཁོ་ལ་སློབ་ཁྲིད་མེད་པས། ཁོ་སློབ་གཙོའི་གཞུང་ལས་ཁང་དུ་སོང་ནས། ངས་འདི་ག་ནས་སློབ་ཁྲིད་བྱས་ཏེ་ཟླ་གཅིག་ལྷག་ལོན་སོང་། ཉིན་ཁ་ཤས་ཀྱི་རྗེས་ནས་རྒྱུགས་རེ་ལེན་རྒྱུ་ཡོད་པས། ད་ནི་ཕྱིར་སློབ་གྲྭར་སོང་ན་ཆོག་གམ་ཞེས་བཤད་པས། སློབ་གཙོ་བསྟན་པས་མི་འཐད་པའི་རྣམ་འགྱུར་ཅི་ཡང་མ་བསྟན་པར། འོ་ན་ཆོག་གི སྤྱིར་སློབ་གྲྭ་འདིར་དགེ་རྒན་གྱིས་འདང་གི་མེད་པས་ཁྱོད་ཚོ་ཡོད་ན་ཕན་ལས་གནོད་དུ་མི་འགྱུར་མོད། འོན་ཀྱང་ཁྱོད་ལ་མཚོན་ན། བྱ་བ་འཚོལ་རྒྱུ་དེ་དངོས་སྦྱོང་ལས་ཀྱང་གལ་ཆེ་བས་མར་སོང་ནས་དཔེ་ཆར་ལྟོས་དང་། གོ་སྐབས་ཡོད་ན་ངེད་ཚོའི་སློབ་གྲྭས་ཀྱང་དགེ་རྒན་འགའ་རེ་བསྡུ་གྲབས་ཡོད་པས། རྗེས་མར་ལྟ་ཞེས་བཤད་པས། དགེ་རྒན་ཕག་ཕྲུག་གི་གདོང་ལ་འཛུམ་ཞིག་ལངས་ནས་རྒན་བསྟན་པ་ཐུགས་རྗེ་ཆེ། དེས་ན་ང་ལ་ཡིག་ཆ་ཁ་ཤས་ཡོད། དེ་རུ་ཐམ་ག་རེ་བརྒྱག་དགོས་པས། ཕྱི་དྲོ་ཁྱེར་ཡོང་ན་སྐྱོན་ཡོད་དམ་ཞེས་དྲིས་པ་ན། སློབ་གཙོ་བསྟན་པས། ཆོག་གི། ཆོག་ག་ཞེས་མགོ་བོ་ནང་དུ་ལྡེམ་ཙམ་བྱས།

དགེ་རྒན་ཕག་ཕྲུག་གིས་ཟླ་གཅིག་ལྷག་ལ་སློབ་གྲྭ་དེ་གའི་འཛིན་གྲྭ་བཞི་ལ་བོད་ཡིག་དང་ལོ་རྒྱུས་གཉིས་ཀྱི་དགེ་རྒན་བྱས་པས། ད་ནི་ཐད་ཀར་སློབ་བུ་དེ་ཚོ་བསྐྱུར་ནས་འགྲོ་དགོས་ན། བློས་མི་ཐོངས་པ་ལྟ་བུའི་བག་ཆགས་ཤིག་ཀྱང་ཡོད་པས། ཁོ་འཛིན་གྲྭའི་ནང་དུ་སོང་ནས་སློབ་མ་ཚོར་གྱེས་བརྡ་བཏང་། དགེ་རྒན་ཕག་ཕྲུག ཁྱོད་ཀྱིས་ཁ་ཉིན་ཁྱོད་ཟླ་གཉིས་ལ་འདུག་ཅེས་གཏམ་པ་མིན་ནམ། གློ་བུར་དུ་འགྲོ་དགོས་དོན་ཅི་ཞིག་རེད་སོགས་སློབ་མ་དག་གི་སེམས་ལའང་བློས་མི་ཐོངས་པ་ཞིག་ཏུ་གྱུར། དགེ་རྒན་ཕག་ཕྲུག་གིས་ང་གནས་སྐབས་ཕྱིར་སློབ་གྲྭར་འགྲོ་དགོས་པ་རེད། གལ་ཏེ། ལས་ཡོད་ན་རྗེས་མར་ང་ཕྱིར་སློབ་གྲྭ་འདིར་བྱ་བ་བསྒྲུབ་པར་ཡོང་ཡང་སྲིད། དེ་དུས་ང་ཚོ་ཐུག་ན་ཐང་། ཡིན་ནའང་། ང་སེམས་ཁུར་ཡོང་ས་དེ་མ་རེད། ངས་ཁྱོད་ཚོར་སློབ་ཁྲིད་བྱས་པའི་ཟླ་གཅིག་འདིའི་རིང་མ་ཤེས་ཤེས་ཁུལ་དང་ཉམས་མྱོང་གིས་དབུལ་བ་སོགས་ཀྱིས་ཁྱོད་ཚོར་བློ་བསྐྱེད་ཆེན་པོ་ཞིག་སྟེར་ཐུབ་ཡོད་ས་མ་རེད། ཡང་གཅིག་བཤད་ན། ང་སྤྱིར་བཏང་གི་སློབ་མ་ཞིག་ཡིན་པ་ལས། དགེ་རྒན་ཡིན་ནི་མ་རེད། ང་འདིར་ཡོང་དོན་ཡང་སློབ་གྲྭས་བཀོད་སྒྲིག་ལྟར་རང་ཉིད་སྦྱོང་བརྡར་བྱེད་དུ་ཡོང་བ་ཡིན་པས། ཁྱོད་ཚོར་སྦྱོང་བརྡར་ཅི་ཡང་བྱེད་ཐུབ་མེད་ཀྱང་། གང་ལྟར། ཁྱོད་ཚོས་ཕྱིར་ང་སྦྱོང་བརྡར་བྱས་སོང་བ་དང་ཁྱོད་ཚོ་ནི་ད་གཟོད་ངའི་དགེ་རྒན་རེད་སོགས་དགེ་རྒན་ཕག་ཕྲུག་གིས་རང་གི་སེམས་གཏམ་དག་སློབ་མ་ཚོར་བཤད།

དགེ་རྒན་ཕག་ཕྲུག ཁྱོད་ང་ཚོའི་དགེ་རྒན་ཡིན་ན་དགའ། ཁྱོད་ཀྱིས་སློབ་ཁྲིད་ཡག་པོ་བྱས་སོང་། ངོ་མ་ཡིན། ཚང་མས་མགྲིན་གཅིག་ཏུ་དེ་ལྟར་བཤད། དེ་ནི་དགེ་རྒན་ཕག་ཕྲུག་ལ་མཚོན་ན། སེམས་པ་དྲོད་གྱི་ལེར་བཏང་བའི་སྐད་ཆ་ཞིག་ཅི་ལ་མིན། ཁྱོད་ཚོ་ཚང་མར་ཐུགས་རྗེ་ཆེ། འུ་ཚོའི་སློབ་གྲྭའི་ནང་གི་ང་མིན་པའི་དགེ་རྒན་ཚང་མར་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ནི་རེད། ང་ལ་སློབ་ཁྲིད་ཀྱི་ཉམས་མྱོང་ཅུང་ཙམ་ཡང་མེད་པས། ཡག་པོ་ཞིག་ཁྲིད་ཐུབ་མེད་ཀྱང་། ལོ་རྒྱུས་ཁྲིད་ནའང་ཆོག་གི། བོད་ཡིག་ཁྲིད་ནའང་ཆོག་གི། སློབ་ཁྲིད་སྐབས་ངས་བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་བོད་རང་གི་ལོ་རྒྱུས་སོགས་ཆ་ཤས་ཆུང་ཤས་ཀྱིས་ཁྱོད་ཚོར་ངོ་སྤྲོད་ཉུང་ངུ་རེ་བྱས་པ་ཡིན། ང་ཚོ་ཚང་མ་བོད་ཕྲུག་འབའ་ཞིག་ཡིན་པས། སྤྱིར་གཞན་གྱི་ལོ་རྒྱུས་དང་རིག་གནས་ལ་ཆ་རྒྱུས་ཡོད་དགོས་མོད། དེ་བས་ཀྱང་རང་གི་རིག་གནས་ཀྱི་མ་རྐང་ཅུང་ཙམ་མེད་ན། ཉེན་ཁ་ཆེ་བས་གནས་ལུགས་འདི་ཁྱོད་ཚོས་ཡུན་གྱིས་རྟོགས་སྲིད། དགེ་རྒན་ཕག་ཕྲུག་ལ་སྔར་ལས་ལྷག་པའི་སྤོབས་པ་ཞིག་ཐོན་ནས་མུ་མཐུད་དུ་བཤད་པར། ཁྱོད་ཚོ་མི་འགྱང་བར་འབྲིང་རྒྱུགས་དང་རིམ་བཞིན་མཐོ་རྒྱུགས་ལ་ཞུགས་དགོས་པས། བསླབ་ཚན་ནང་གི་ཤེས་བྱ་དག་མ་ཤེས་ན་དཀའ་ཁག་ལ་འཕྲད་སྲིད་པས་བསྐྱུར་རུང་བ་མ་རེད། ཡིན་ནའང་། ངས་ཟླ་གཅིག་འདིའི་རིང་ལ་བསླབ་ཚན་དུ་མེད་པའི་རྒྱུན་ཤེས་ཀྱི་ཤེས་བྱ་ཁ་ཤས་ཁྱོད་ཚོར་ངོ་སྤྲོད་བྱེད་དོན། ང་འདི་ནས་ཡུན་རིང་ལ་མི་འདུག་པས་སློབ་ཁྲིད་ཀྱི་མཇུག་རྫོགས་ཐུབ་ནི་མ་རེད། དེ་བས། རྒྱུན་ཤེས་ཀྱི་ཤེས་བྱ་རེ་ཟུང་ངོ་སྤྲོད་བྱས་པ་ལས་བསླབ་ཚན་ལ་དེ་ཙམ་བསྟུན་མེད་ཀྱང་། དགེ་རྒན་གཞན་པ་ཚོས་ཁྲིད་རྒྱུ་རེད་ཅེས་བཤད། དེའི་རྗེས་དགེ་རྒན་ཕག་ཕྲུག་གིས་སློབ་མ་ཚོ་དང་ལྷན་དུ་པར་ཞིག་བསྐྱོན་རྗེས་སློབ་ཁང་དང་གྱེས།

བཞི།

བུ་ཆུང་ཕག་ཕྲུག་གིས་དྲན་པ་ལྷ་མོར་གནས་ཚུལ་དེ་བཤད་པ་ན། དྲན་པ་ལྷ་མོ་དང་ཐོག་ཡིད་དེ་འདྲ་མི་ཆེས་ཀྱང་། བུ་ཆུང་ཕག་ཕྲུག་གིས་སློབ་གྲྭ་ནས་འགྲོ་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་དང་། རྒྱུགས་ལ་ཞུགས་དགོས་པ་སོགས་མ་གསང་གསོང་པོར་ལབ་པས། དྲན་པ་ལྷ་མོ་ཡིད་ཆེས་མི་བྱེད་ཀ་མེད་བྱུང་།

བུ་ཆུང་ཕག་ཕྲུག་དང་བུ་མོ་དྲན་པ་ལྷ་མོ་གཉིས་ནི་སློབ་གྲྭ་ནས་ངོ་ཤེས་པ་དང་། ངོ་ཤེས་ནས་དགའ་རོགས་སུ་གྱུར་པས། ཁོ་གཉིས་འགྲོགས་ནས་ཏག་ཏག་ཟླ་བཞི་ལས་ལོན་མེད་ཀྱང་།ཕན་ཚུན་ལ་ཁྱོད་དགའ་ང་མཐུན་གྱི་བརྩེ་བ་གཏིང་ཟབ་པ་ཞིག་ཆགས་ཡོད། ཁོས་སྙན་ངག་ཅིག་ཏུ་སྐད་ཆ་འདི་འདྲ་ཞིག་ཐལ་ཡོད་དེ།

ཁོ་མོ་ང་ཡི་སེམས་ལ་སོང་ནས་ཟླ་བ་གཉིས་ཀྱང་ཟིན་པ་མེད་ཀྱང་། །

ཁོ་མོས་ང་ཡི་འཇིག་རྟེན་འགྲིམ་ནས་དུས་ཚོད་རིང་པོ་ཞིག་ལོངས་མེད་ཀྱང་། །

ཉིན་ཞག་ཟླ་བ་ཐུང་ཐུང་ཞིག་ཏུ་འབུས་པའི་བརྩེ་བ་དྭངས་མ་འདི་ཀོ། །

མི་ཚེ་གང་པོ་ཧར་གྱིས་གཟད་ཀྱང་འགའ་ཞིག་དོ་ཟླར་ཡོང་ས་མ་རེད། །

འདི་ནི་སློབ་གྲྭའི་གུང་གསེང་མ་བཏང་བའི་སྒང་ལ་བུ་ཆུང་ཕག་ཕྲུག་གིས་བུ་མོ་དྲན་པ་ལྷ་མོར་བྲིས་པ་ཡིན་མོད། ད་ལྟ་ད་རུང་ཡང་ཟླ་བ་གཉིས་ལྷག་ལ་མ་མཇལ་བའི་ཁོ་གཉིས་ཀྱིས་ཕན་ཚུན་བསྒུགས་ནས་ཡུན་རིང་ལོན་པ་འདིས་ཀྱང་ཕན་ཚུན་ལ་བརྩེ་བ་རྣལ་མ་ཞིག་བཅངས་ཡོད་པ་ཤེས་ཐུབ།

ཕག་ཕྲུག་ནི་དྲན་པ་ལྷ་མོས་ཁོ་ལ་གཅེས་མིང་དུ་འབོད་པའི་མིང་ཞིག་ཡིན་མོད། ཁོ་མིང་དེར་ཧ་ཅང་དགའ་བ་མ་ཟད། ཁོ་དངོས་སྦྱོང་ལ་འགྲོ་དུས་ཀྱང་མིང་འདི་ཁོ་ན་སྤྱད་ཡོད་པ་ལས། ཁོ་ལ་དངོས་མིང་གཞན་པ་ཞིག་ཡོད་པ་སློབ་གྲྭ་དེ་གའི་དགེ་སློབ་སུས་ཀྱང་མི་ཤེས་ལ། ཐ་ན་ཁོ་རང་གིས་ཀྱང་ཕག་ཕྲུག་ལས་མིང་གཞན་པ་ཞིག་ཡོད་པ་དྲན་གིན་མེད།

ཕག་ཕྲུག་ཕྱིར་སློབ་གྲྭར་ལོག་གིན་ཡོད་པའི་གནས་ཚུལ་དེ་དྲན་པ་ལྷ་མོར་བཤད་པ་ན། མོའི་སེམས་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་ཞིག་སྐྱེས་ནས། ངའི་ཕག་ཕྲུག ཁྱོད་ཕྱིར་ཡོང་ན་ངའི་སེམས་ཅི་འདྲ་ཞིག་དགའ་བ་ཤེས་སམ་ཞེས་དྲིས། བུ་ཆུང་ཕག་ཕྲུག་གིས་ཕྱིར་འཁོར་ནས། སྙིང་ཉེ་ལགས། ངས་ཤེས་ཡོད། དེ་ནི་ངའི་དགའ་སྤྲོ་འདིའི་ཕྱེད་ཀ་རེད། ང་ཅི་ཙམ་དགའ་ན་ཁྱོད་ཀྱང་དེ་ཙམ་དགའ་བ་རེད། ཡང་གཅིག་བཤད་ན་བུད་མེད་ནི་སྐྱེས་པའི་ཁྱིམ་རེད། ཁྱིམ་མེད་པའི་སྐྱེས་པ་དེ་ནི་ཅི་འདྲ་ཞིག་ཡིན་རྒྱུ་རེད། ཁྱིམ་ན་སྐྱེས་པ་མེད་ན་ཡང་ཅི་འདྲ་ཞིག་ཡིན་རྒྱུ་རེད། གནས་ལུགས་དེ་ག་ལས་མ་འདས་ཏེ། ང་ལ་ཁྱོད་མཁོ་ལ་ཁྱོད་ལ་ང་མཁོ། དེ་བས། དྲན་པ་ལྷ་མོ། ང་ནམ་ཡང་ཁྱོད་ཀྱི་ཕྱོགས་སུ་ཡོང་མཁན་དེ་ཡིན། ད་ནས་བཟུང་ང་ཁྱོད་དང་འབྲལ་རྒྱུ་མིན། བུ་ཆུང་ཕག་ཕྲུག་གིས་དེ་སྐད་ལབ་པ་ན་མིག་མཐའ་ནས་ཅི་ཞིག་གིས་འཁྱག་ཤུར་ཤུར་བྱས།

དྲན་པ་ལྷ་མོ། ད་ང་རང་གཉིད་རྒྱུ་ཡིན། རླངས་འཁོར་གྱི་སྤ་སེ་ཡང་ཉོས་ཚར་ཡོད་པས། སང་དགོང་ཕལ་ཆེར་ཁྱོད་སར་ཐོན་རྒྱུ་རེད། ཟླ་འདི་དག་གི་རང་ལ་ཁྱོད་དྲན་པའི་གདུང་བ་ནི་ཅི་འདྲའི་ལྕི་ཨང་། ཡིན་ནའང་གདུང་བ་འདི་རང་གཅིག་པུས་མྱངས་པ་ག་ལ་ཡིན་ཏེ། ད་རུང་ཁྱོད་ཀྱང་དེ་བཞིན་མིན་ནམ། ཞེས་བུ་ཆུང་ཕག་ཕྲུག་གིས་དེ་སྐད་ཐལ་རྗེས། རྨི་ལམ་གྱི་ཞིང་ལ་འགྲིམས།

ལྔ།

ལོ་ཟླ་ནི་ཆུ་བོ་བཞིན་བཞུར་ནས་བུད་སོང་། བུ་ཆུང་ཕག་ཕྲུག་གིས་སྒྲུང་ཐུང་འདི་བྲིས་ནས་ལོ་གསུམ་ལྷག་འགོར་འདུག ད་ལྟ་ཁོས་སྔོན་གྱི་དངོས་སྦྱོང་བྱེད་སའི་སློབ་གྲྭ་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་འདུག ཁོ་ལ་མཚོན་ན། ལོ་ངོ་གསུམ་གྱི་ཡར་སྔོན་གྱི་ཕུགས་བསམ་དང་བརྩེ་བ། འཚོ་བ་སོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་མེད་མོད། ཐོབ་པ་མང་ན་ཤོར་བ་ཡང་མང་ཞེས་པའི་དཔེ་ལྟར། ཁོ་ལས་གནས་འདིར་ཞུགས་པ་ནས་བྱ་བར་བྲེལ་འཚུབ་ཆེ་ཞིང་ནམ་རྒྱུན་དྲན་པ་ལྷ་མོ་དང་ཐུག་འཕྲད་ཀྱི་ལོ་ཟླ་དེ་ཇེ་ཉུང་དུ་སོང་གཤིས། ལེ་བར་སྟོང་གིས་བཅད་པའི་ཁོ་གཉིས་ཀྱི་བརྩེ་བ་དེ་རིམ་བཞིན་རྒྱུས་ཡོད་ནས་རྒྱུས་མེད་དང་རྒྱུས་མེད་ནས་ཐ་ན་ཁ་པར་གཏོང་བའི་མཚམས་ཡང་ཆད་སོང་བ་ནི་ཁོའི་འཚོ་བའི་ཐད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་ཏུ་གྱུར་སོང་།

ལོ་ངོ་བཞི་ལྷག་ལ་ཤ་འདྲེས་པགས་འདྲེས་སུ་གྱུར་པའི་ཁོ་གཉིས་ཀྱི་བརྩེ་བ་དེ་བྱ་བ་དང་ས་ཐག་གིས་བཅད་འགྲོ་བ་ནི་ཁོ་གཉིས་ཀྱི་ཡིད་ཀྱི་རྒུ་ལའང་ཤར་མྱོང་མེད་མོད། དོན་དངོས་ཀྱི་མདུན་དུ་མི་ནི་ནམ་ཡང་སྒྲོག་གིས་བཅིངས་པའི་སེམས་ཅན་ནུས་མེད་ཅིག་རེད་ཨང་།

བུ་ཆུང་ཕག་ཕྲུག་གིས་དེ་ལྟར་སྙམ་བཞིན་ཀློག་ཀླད་ངོས་ཀྱི་རང་གི་བྲིས་རྩོམ་ལ་ལྟ་བཞིན་པའི་སྐབས་སུ། སློབ་མ་ཞིག་གིས་ཕྱི་ནས་དགེ་རྒན་ལགས། ཞེས་འབོད་ཀྱིན་པ་ཐོས་པས། ཁོ་ཕྱིར་དྲན་དང་དྲན་གདུང་གི་དྲ་རྒྱ་ལས་ཕྱིར་དྲངས། ད་གཟོད་སློབ་ཁང་དུ་རང་གི་སྐྱོ་དུབ་དང་དགོད་སྒྲ་བྱོ་ཆོག་སའི་བརྩེ་བའི་ཁྱུ་ཚོགས་ཤིག་གིས་བསྒུགས་ཡོད་པ་གཞི་ནས་དྲན་པས། ཁོས་སྐད་ཡིག་གི་སློབ་དེབ་དང་སློབ་ཁྲིད་གྲ་སྒྲིག་གི་ཟིན་ཐོ་སོགས་མཆན་དུ་བཙུར་ནས་སློབ་ཁང་དུ་བརྒྱུགས་སོང་།

ད་ནི་ཁོ་ལ་བློས་གཏོང་མི་ཐུབ་པ་ཅི་ཡང་མེད། གལ་ཏེ་ཡོད་ན་དེ་ནི་འབྲི་དེབ་དང་ཡི་གེའི་གསེབ་ཀྱི་གཏམ་རྒྱུད་ཁོ་ནའོ། ། ད་ནི་ཁོ་ལ་ཞེ་འཁྲེང་ས་ཅི་ཡང་མེད། གལ་ཏེ་ཡོད་ན་དེ་ནི་སློབ་ཁྲིད་དང་ལས་ཀའི་ཁྲོད་ཀྱི“རྒྱལ་ཕམ”གྱི་རེ་ལྟོས་དེའོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།