ཀྲུང་གོ་བོད་ཀྱི་དྲ་བ།

ཆང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་རྗེ་དོན་གྲུབ།   སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་དེར། ཐར་འབུམ་གར་སོང་ཆ་མེད་དུ་གྱུར་རྗེས།སློབ་གྲྭ་དང་ཡུལ་སྡེ།འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ་བཙལ་ཀྱང་མ་རྙེད་པས།ད་ལྟ་ཁོའི་ཕ་མ་གཉིས་དམུས་ཕྱུང་སྟེ་སྨན་ཁང་དུ་ལུས་ཡོད་པར་སྐད།

ངས་ཚི་དྲེག་ཆགས་ཤིང་སྲུབས་ཀའང་གྲོག་རོང་ལྟར་ཁ་ཤོ་སྣ་རལ་དུ་གྱུར་པའི་མལ་ཐུལ་དེའི་གུད་དུ་ཤོར་བའི་རྐང་པ་གཡོན་པ་དེ་ཕྱིར་ཕྱུང་པའི་ཞར་ལ།གླལ་སྒྱིང་བྱས་ཏེ་ཆུ་ཚོད་ལ་ལྟ་དུས།ཏག་ཏག་ནམ་གུང་གི་ཆུ་ཚོད་བཅུ་གཉིས་ལ་ཁེལ་འདུག ཉིན་གང་པོར་གཉིད་ཀྱི་གཏིང་ལ་བྱིངས་པས་མགོ་བོའང་འཐོམས་ཤིང་སྦྲིད་འདུག མདང་ནུབ་ཆང་ཕོར་རེ་འགའ་རྔམ་འཐུང་བྱས་པས་མགྲིན་པ་ནས་འཚངས་འོངས་པའི་དྲི་ངན་དེས་ནང་མ་ཁང་ག་གེ་མོའི་གྲུ་ཟུར་ནས་ལུས་པའི་ཆང་གི་ལེའུ་ཞིག་དྲན་པའི་ཁུད་དུ་དྲུད་འོང་གིན་གདའ།མདང་ནུབ་ཀྱི་ཆང་དེ་ཙམ་ལས་ཟས་ཏིལ་འབྲུ་ཙམ་ཡང་ཁར་རེག་མ་ཐུབ།འོན་ཏེ།ཞེ་མེར་བའི་དྲི་ངན་དེས་ང་ལ་ཟ་མ་ཟ་འདོད་ཀྱི་ཡི་གའང་གཏིང་ནས་ཆད་སོང་།མལ་ཁྲིའི་སྟེང་གི་མལ་ཐུལ་རལ་པོ་དེ་གཞོགས་ཤིག་ཏུ་དེད་ཅིང་།དེའི་སྟེང་རྒྱབ་སྔས་ཙམ་བྱས་ཏེ་ཁང་པའི་ནང་གི་ཅ་ལག་མཐའ་དག་ལ་མིག་བཤེར་ཐེངས་ཤིག་བྱས་ལ།ཏག་ཏག་སྐབས་དེར་རྡོ་ཁང་གྲུ་བཞི་དེའི་གནམ་ངོས་སུ་ཐུར་དུ་དཔྱངས་པའི་གློག་སྒྲོན་དེའང་ཕར་གཡོ་ཚུར་གཡོ་བྱེད་ཅིང་མཆིས་ཏེ།ང་རང་དངངས་སྐྲག་ཅིག་སྐྱེས་ཏེ་མིག་གིས་གཟབ་ནན་ངང་ཕྱོགས་བཞིར་བལྟས་ཙ་ན།སྒེའུ་ཁུང་ནས་ལྡང་བའི་རླུང་བུ་འཁྱམ་པོ་ཞིག་གིས་ལྷིང་འཇགས་ལ་འཁང་ར་བྱེད་པ་ལྟར་སྣང་ཞིང་།དོན་དུའང་ངའི་སེམས་ཀྱི་ལྷིང་འཇགས་ཀྱང་དཀྲོགས་སོང་།སྐབས་དེར་ངའི་ལུས་ཤེས་ལ་གྲང་བའི་ཚོར་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྦྱིན་ཡོང་ལ།དེ་དུས།ང་རང་ཡར་ཙོག་ཅིང་མལ་ཐུལ་གཡང་ལུགས་སུ་གྱོན་ཏེ་བསྡད་པ་ཡིན།ཏག་ཏག་སྐབས་དེར།ཁ་གཏད་ཀྱི་གྱང་ངོས་སུ་བཀལ་བའི་འབག་བཙོག་གིས་བསླུས་པའི་པར་རིས་ཤིག་མིག་ལམ་དུ་མངོན་བྱུང་།ངས་ཡང་བསྐྱར་མིད་པ་ནས་འཚངས་འོངས་པའི་དྲི་ངན་དེ་ཕྱིར་ཕྱུང་སྟེ་གྱང་ངོས་སུ་བཀལ་བའི་པར་རིས་དེར་ཅུང་གཟབ་ནན་གྱིས་བལྟས་ཙ་ན། དེའི་སྟེང་དུ་སྐྱུགས་རོ་འགོས་འདུག་པས། དེས་ངའི་སེམས་ཀྱི་འདུ་ལོང་རྣམ་པར་གཡོས་ཏེ་ཆང་གི་གཙང་པོ་ཞིག་ཁྲེལ་དགོད་བྱེད་བཞིན་ངའི་དང་གར་འཁྱིལ་ཡོང་།

རེབ་དེའི་གྲོགས་པོའི་འདུ་འཛོམས་ནི་གྲོང་ཁྱེར་གྱི་ཟུར་ངོགས་ག་གེ་མོ་ན་རང་ཉིད་ལ་འཚམ་པའི་ཁེ་སྤོགས་རེར་ཤ་འབད་རུས་འབད་བྱེད་ཀྱིན་པའི་གྲོགས་པོའི་འདུ་འཛོམས་ཐེངས་ཤིག་ཡིན་ལ།ལྷག་དོན་གྲོགས་པོ་གང་མང་ཞིག་ནི“ཆང་རྐྱལ”ཞེས་པའི་ཆོ་ལོ་ཀྱང་བཞེས་ཡོད་མཁན་དག་དག་རེད།

མདང་ནུབ། ང་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ནང་མ་ཁང་ག་གེ་མོར་འཛོམས་རྗེས། བོད་ཟས་མདུན་ཅོག་གང་བསྒྲིགས་ཏེ་རང་ཚོད་ཀྱིས་ནུབ་ཚལ་གྱ་ནོམ་པ་ཞིག་འཐུང་།སྐབས་དེར།གསང་བདག་གིས“ཆང་མེད་པའི་ཟ་མ་ནི་སྤྲང་ཟས་འདྲ”ཟེར། དེ་དུས། སྦྱིན་བདག་སྟོབས་རྒྱལ་གྱིས་དངུལ་རྩིས་སྤྲོད་སའི་སྟེགས་བུ་ལས་ང་རང་ཚོའི་ཕྱོགས་སུ་མགོ་བསྲིངས་ཏེ་ལྟ་བཞིན་འདུག སྐབས་དེར་ཕུན་ནོར་གྱིས་ཚི་ལེན་གྱི་ཕུ་ཐུང་བརྫེས་ཏེ་རྫུ་བག་ཅི་ཡང་མེད་པར་ཀུ་རེ་དང་བཅས“དེ་འདྲ་ཟེར་སྲོལ་ག་ལ་ཡོད།ཁྱོད་འདིས་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་མི་ཞིག་ལ་དེ་ལྟར་བཤད་ཕོད་དམ།གལ་ཏེ་དེ་ལྟར་བཤད་ཐུབ་པའི་དབང་དུ་བཏང་རུང་ཁྱོད་འདིས་ཁ་འདི་ཤ་ཉོག་རུས་ཉོག་ཏུ་གཏོང་སྲིད”ཟེར།ཕུན་ནོར་གྱིས་དེ་སྐད་བཤད་པས་ང་ལའང་སེམས་གཏིང་ནས་གནོན་དཀའ་བའི་དགོད་ཁ་ཞིག་ལངས་ཀྱང་ཁ་བཙན་གྱིས་བཙུམས་ནས་བསྡད། སྐབས་དེར།གསང་བདག་གིས་སྦྱིན་བདག་གི་ལག་ནས་ལྦུ་རག་སྒམ་གསུམ་བླངས་ཤིང་ངེད་ཚོའི་མདུན་ཅོག་གི་གུད་དུ་བཞག་སྟེ།“ཆང་དལ་མོར་བཞེས་དང་།དོ་ནུབ་ཡིད་ཚིམས་པ་ཞིག་འཐུངས།ལོ་འདི་འགར་ཆང་གྲ་དག་ཅིག་ཀྱང་འཐུང་མ་མྱོང”ཟེར་ཞོར་ལག་པ་མདུན་ཅོག་འོག་ཏུ་བསྲིངས་ཏེ། ཆང་ཤོག་སྒམ་གཅིག་གི་ཁ་གཏོར་ཏེ་ཤེལ་དེམ་ལྔ་དྲུག་ཙམ་ཕྱིར་ལེན་ཞོར་རེ་རེ་བཞིན་མདུན་ཅོག་སྟེང་གི་སྡེར་མའི་གསེང་དུ་བསྒྲིགས་བྱུང་།

གྲོང་ཁྱེར་འདིར་ནང་མ་ཁང་མང་པོ་མེད་ཅིང་།ཡོད་པ་དེ་དག་ཀྱང་འབྲོག་པས་ས་རྩོད་དང་ཞིང་པས་ཆུ་རྩོད་ལྟར་འདུག་གནས་ཀྱང་མི་འདང་།འོན་ཏེ།དོ་ནུབ་ཀྱི་མཚན་ངོགས་འདིར།ང་ཚོས་འདུག་གནས་རྩོད་པའི་ཟློས་གར་དེ་འཁྲབ་མི་དགོས་པར།སྦྱིན་བདག་ཚང་གིས་སྒོར་བདའ་རག་བར་དུ་ནང་མ་ཁང་དེའི་གྲུ་ཟུར་ཞིག་ཏུ་ལུས་སོང་།

གསང་བདག་གིས་དབུགས་ཐེངས་ཤིག་གིས་ཆང་དེམ་དེ་སྟོང་རྗེན་རྗེན་དུ་བཏང་ལ།ཁོས་ཕུན་ནོར་དང་ངེད་གཉིས་ཀྱི་གདོང་ལ་ཧད་དེ“《ཆུ་ངོགས་གཏམ་རྒྱུད》ལ་བལྟས་མ་མྱོང་ངམ།ཨ་ཨ།བརྙན་འཕྲིན་ཟློས་གར་དེས་ང་རང་དཔའ་ངར་ལྡན་པའི་མི་བུ་དེ་དག་ལ་ཡིད་སྨོན་སྐྱེ་རུ་བཅུག་མྱོང”ཟེར་ཞོར་ཤེལ་དམ་གཉིས་གསུམ་ཙམ་གྱི་ཁ་གཏོར་ཏེ་ཕུན་ནོར་ངེས་གཉིས་ཀྱི་སྔུན་ལ་གཏད་བྱུང་།ཕུན་ནོར་གྱིས་སྟོད་གོས་ཕྱི་མ་དེ་ཕུད་ཅིང་གསང་བདག་གི་ལག་གི་ཤེལ་དེམ་དེ་ལེན་ཞོར“ཁྱོད་འདིས་ཁ་ཕོད་ཅན་གྱི་སྐད་ཆ་རེ་མདའ་ལྟར་འཕེན་ཨང་།ཆང་གི་སྐྱེས་པ་བླངས་པར་ཆ་མ་འཚལ་སྙམ།ཧ་ཧ།དང་ཐོག་སློབ་གྲྭ་རུ་ཡོད་དུས་ཐར་འབུམ་དང་ལྷན་དུ་དགེ་སློབ་ཚང་མ་སྡུག་ལ་གཏད་མྱོང་མོད……”ཟེར། དེ་དུས། ངའི་སེམས་སུ་ཆང་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་གིས་ལྗིད་ཏིག་གེར་སྙིང་ཁར་མནན་བྱུང་།ངས་མིག་ཉུལ་ཅིག་བྱས་ཏེ་ཅུང་གཟབ་ནན་ངང“ནང་མ་ཁང་འདིར་བཤམས་པའི་ཐང་ག་འདི་དག་བལྟས་བལྟས་རིག་རིག་ལ་དུ་ཆང་གིས་སྦགས་པ་མིན་ནམ། ཉུང་ཙམ་བཞེས་རོགས། རྔམ་འཐུང་བྱས་ནས་ཡོང་རྒྱུ་ཅི་ཡོད”ཅེས་བཤད། 

ཕུན་ནོར་གྱིས“དུས་ཚོད་ཀྱི་ཐག་པས་དམ་དུ་འཁྱུད་པའི་ང་ཚོས།རང་ཉིད་ཀྱི་མི་ཚེའི་གཏམ་རྒྱུད་མང་པོ་ཞིག་ལོ་ཟླའི་གཙང་པོར་དྲངས་ཡོད་ལ།ཐར་འབུམ་གྱི་མི་ཚེ་ཆང་རག་གི་རྒྱ་མཚོར་འདྲེས་ཡོད”ཟེར།

སློབ་གྲོགས་ཐར་འབུམ་ནི་གསང་བདག་དང་ཡུལ་སྡེ་གཅིག་ལ།ཕུན་ནོར་གྱི་རྩོམ་གྲོགས་དང་ངའི་སློབ་འབྲིང་སྐབས་ཀྱི་སློབ་གྲོགས་ཀྱང་ཡིན།ཁོ་ནམ་རྒྱུན་སློབ་བྱོལ་བྱས་ཏེ་སློབ་གྲྭར་མི་ལོག་པའི་ཁར།ཆང་འཐུངས་ཏེ་དོན་དག་འདྲ་མིན་སྣ་ཚོགས་ཏག་ཏག་བཟོས་མྱོང་བས།ད་ལྟ་ཁྱིམ་བདག་དང་དགེ་སློབ་ཚང་མའི་ཡིད་ངོར་ཐར་འབུམ་གྱི་སྣང་བརྙན་བརྒྱ་ཕྲག་ཡོད་པར་སྐད།

གསང་བདག་གིས་མདུན་ཅོག་སྟེང་གི་ཆང་ཕོར་སྟོང་བ་དག་ལག་པ་གཉིས་ཀའི་སྤར་མོའི་ནང་བསྡམས་ཏེ་སིང་ངེར་མདུན་ཅོག་འོག་ཏུ་གཡུགས་ཤིང་།ཡང་བསྐྱར་ཤོག་སྒམ་ཞིག་གི་ཁ་གཏོར་ཏེ་དམ་བེ་ལྔ་དྲུག་ཙམ་མདུན་ཅོག་སྟེང་དུ་བསྒྲིགས་བྱུང་།སྐབས་དེར།སྦྱིན་བདག་སྟོབས་རྒྱལ་ངེད་ཚོའི་འཁྲིས་སུ་འོངས་ཏེ།“གྲོགས་པོ།ཤེལ་དམ་པང་གཅལ་ཏུ་མི་གཡུགས་པར་མཁྱེན།ན་ནིང་ཡང་གྲོགས་པོ་གཟུགས་སྟོབས་རན་ཞིང་མ་ནེ་འོག་ན་སྨེ་བ་ཡོད་པ་ཞིག་བཟི་སྟེ་དགོང་མོར་འདི་གར་ལུས་སོང་ལ།དེའི་ཁར་བཟི་རྟགས་བསྟན་ཏེ་ཤེལ་ཕོར་མང་པོ་བཅག་མྱོང་།ལྷག་དོན་པང་གཅལ་འདི་དག་ལྷ་སའི་ཉིང་ཁྲི་ནས་ཉོས་འོངས་པ་ཡིན……”ཞེས་རྒྱུ་མཚན་མང་པོ་ཞིག་དྲངས་འོངས་ཏེ།ད་དུས་ངའི་སེམས་པ་འདི་བྲག་ཁ་ན་གནས་པ་ལྟ་བུའི་སེམས་ཁུར་གྱི་རལ་གྲིས་དུམ་སེ་སྙིང་ཁར་མནན་པ་ལྟ་བུའི་ཚོར་སྣང་ཁྱད་པར་བ་ཞིག་སྐྱེས་ཏེ།ང་རང་འདུག་གནས་ནས་འཕྲལ་མར་ཡར་ལངས་ཏེ་སྦྱིན་བདག་ལ་གུས་གསོལ་ངང་དགོངས་འགལ་ཞུས་པ་ཡིན།ངའི་གམ་དུ་ཙོག་པའི་ཕུན་ནོར་གྱིས་ལྐོག་ཏུ་ངའི་ལག་པར་འཐམས་ཏེ“ཙོག”ཅེས་གསང་བརྡ་གཏོང་གིན་འདུག་ཅིང་།ངའི་ཁ་གཏད་དུ་ཙོག་པའི་གསང་བདག་གིས་འཛུམ་དམུལ་དམུལ་ངང“སྣང་གཡེལ་ཅན་གྱི་མི་དེ་དག་ཙོག་ཡ”ཟེར། མཐར་སྦྱིན་བདག་སྟོབས་རྒྱལ་གྱིས་ང་ཚོའི་མདུན་ཅོག་སྟེང་གི་སྡེར་མ་སྟོང་བ་དག་ཁྱེར་ནས་ཐབ་ཚང་དུ་འཛུལ་སོང་།

ནང་མ་ཁང་འདིར་གནས་པའི་མགྲོན་པོ་ཕལ་ཆེ་བ་བཞུད་ཚར།ཡིན་ཡང་མགྲོན་པོ་རེ་འགའ་གྲུ་ཟུར་དུ་འཛུལ་ཏེ་ཆང་འཐུང་བ་དང་དུ་བ་འཐེན་པའམ་ཁ་བརྡའི་ཀློང་དུ་ལུས་འདུག་སྟེ། ནང་མ་ཁང་འདིའི་རྩིགས་ལྡེབས་ངོས་སུ་བཀལ་བའི་ཐང་ག་རེ་འགའ་དང་།སྒོའི་ནང་དུ་འཛུལ་ཁའི་གཡོན་ཕྱོགས་སུ་གནས་པའི་དངུལ་རྩིས་སྤྲོད་སའི་རྩིབས་ལོགས་ཀྱི་གྱང་ངོས་སུ་མཆོད་ཁྲི་ཆུང་ཆུང་ཞིག་ཀྱང་བཤམས་འདུག་ལ།གློག་གི་མཆོད་མེ་རེའང་བཀར་འདུག འོན་ཏེ། ཐབ་ཚང་ནས་བརྔོས་པའི་ཤ་དང་ཚོད་མའི་དྲི་ངད་སོགས་ཟས་རིགས་གཡོས་སྦྱོར་གྱི་དྲི་མ་སྣ་ཚོགས་དང་།དེའི་ཁར་དུ་འཐེན་དག་གིས་སྣ་ཁུང་ནས་བསྙིལ་བའི་དུ་སྨུག་སྟུག་པོ་ཞིག་གིས་ནང་མ་ཁང་ཆུང་ཆུང་འདི་ཡོངས་སུ་བཏུམས་ཤིང་།དེ་མིན་ཆང་རག་གི་དྲི་ཁྱད་པར་བ་ཞིག་ཀྱང་འཐུལ་འདུག ངའི་སེམས་པའང་བློང་བློང་པོར་གྱུར་ཅིང་།གལ་ཏེ།ང་ལ་དུ་ཆང་གིས་བཏུམས་པའི་རྣམ་པ་འདི་ག་འདྲ་ཞིག་རེད་ཅེས་དྲིས་ཚེ།ངས་དེར་ཆ་འཇོག་ཅི་ཡང་རྙེད་མི་སྲིད།

ཕུན་ནོར་གྱིས་ཡར་ལྟ་མར་ལྟ་ཙམ་བྱས་རྗེས་མགོ་བོ་དམའ་མོའི་ངང་ཅོག་ཙེ་སྟེང་བསྒུར་ཏེ“ སྦྱིན་བདག་གིས་བཤད་པའི་མི་དེ་ཐར་འབུམ་མིན་ནམ”ཟེར།གསང་བདག་གིས་ལག་གི་ཆང་ཕོར་དེ་ཁྲོག་སེ་མདུན་ཅོག་སྟེང་བཞག་སྟེ།“ཡིན་ས་འདུག འོན་ཏེ།ཐར་འབུམ་གྱིས་བཟི་རྟགས་བསྟན་པའི་མཇུག་འབྲས་དེ་གཞུང་ཡིག་ངོར་ཐམ་ག་བརྒྱབ་པ་དང་འདྲ་སྟེ། སློབ་གྲྭའི་དགེ་སློབ་ཡོངས་དང་།གྲོང་ཁྱེར་འདི་གའི་ཆང་ཁང་མང་པོ་ཞིག་གི་ལས་གཉེར་པའི་སེམས་ནས་སུབ་ཐབས་མེད”ཅེས་བརྗོད་བྱུང་། ཕུན་ནོར་གྱིས་གཙང་ཤོག་གིས་ཐོད་པ་ནས་སྣ་མགོར་ཉིལ་ལ་ཉེ་བའི་རྔུལ་ཆུ་དེ་འབྱིད་ཞོར་ཀུ་རེའི་ཚུལ་དུ“གྲོགས་པོ་ཐར་འབུམ་དེ་གཏམ་རྒྱུད་ཀྱི་ཁུངས་སྣེ་བྱས་ཏེ་སྒྲུང་རིང་ཞིག་ཀྱང་འབྲི་ཐུབ”ཟེར་ཞིང་། དེའི་མུར། ངའི་དྲན་སྣང་གི་སྒོ་སྲུབས་ནས་འཇུར་འོངས་པའི་ཐར་འབུམ་དེ། དང་ཐོག་རྒྱུགས་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཏེ་མི་རིགས་སློབ་ཆེན་ག་གེ་མོར་རྒྱུགས་འཕྲོད་ཅིང་།ཡུལ་སྡེ་དང་སློབ་འབྲིང་དེ་གའི་དགེ་སློབ་ཟུང་གི་མཚན་སྙན་ཡང་དགུང་ལ་གཏད་མྱོང་བའི་ཁར།སློབ་ཆེན་གྱི་སློབ་ཞུགས་རོགས་དངུལ་ཡང་རེག་ཐུབ་སོང་ལ།སློབ་གྲོགས་གང་མང་ཞིག་གི་ཡིད་ཀྱི་འདོད་སྲེད་དང་འཁང་ར་ཡི་ལྕགས་ཀྱུ་རྣོན་པོའང་ཚུར་བཀུག་མྱོང་ཡོད།དེ་ནི་ཐར་འབུམ་གྱི་མི་ཚེས་བཤུལ་ལམ་ཁྲོད་ཀྱི་གཟི་བརྗིད་འོད་སྟོང་འབར་བའི་ལེའུ་ཞིག་ཀྱང་ཅི་ལ་མིན་སྙམ།

གསང་བདག་གིས་འབོལ་ཁྲི་དེར་རྒྱབ་སྔས་ཙམ་བྱེད་ཅིང་།དེ་ནས་ཅུང་གཟབ་ནན་ངང“དོན་དམ་དུ་ཐར་འབུམ་གྱིས་བཟི་རྟགས་བསྟན་མིན་དང་། ཡང་ན་ཁོ་ནི་ཆང་སྐྱོན་ཕུད་མཁན་ཞིག་ཡིན་མིན་དེ་གྲོང་ཁྱེར་འདིའི་ཆང་ཁང་ག་གེ་མོའི་སྦྱིན་བདག་དང་ཞབས་ཞུ་པ་རེ་རེ།སློབ་གྲོགས་རེ་འགར་གསལ་ཆ་ཡོད་མོད།གང་ལྟར།ན་ནིང་དོ་ཚིགས་ཁོ་གར་སོང་ཆ་མེད་དུ་གྱུར་རྗེས།སྡེ་མི་ཁ་ཤས་ཀྱིས་འབྲོག་ཕྱོགས་ཀྱི་དགོན་པ་ག་གེ་མོའི་སྐུ་ལོར་གྱུར་སོང་ཟེར།ཁ་ཤས་ཀྱིས་ཆང་འཐུངས་ཏེ་སྒོར་མོ་གསབ་རྒྱུ་མེད་པས་རྐུ་ལ་ཕྱིན་ཏེ་བཟུང་ཡོད”ཟེར།

ཕུན་ནོར་གྱིས“ཐར་འབུམ་གྱིས་ཆང་འཐུངས་པའི་མཐའ་འབྲས་ལ་སློབ་ཆེན་ལོ་རིམ་གསུམ་པའི་སྐབས་སློབ་གྲྭ་ནས་སྤྱུགས་ཏེ།སྤྱི་ཚོགས་སྟེང་ཉུལ་མཐར།བྱ་བ་འདྲ་མིན་སྣ་ཚོགས་བཟོས་ཏེ་མཐར་གླིང་ག་ཞིག་གི་སྐྱིལ་ཆུའི་ནང་མཆོངས་ཏེ་ཤི་སོང”ཟེར།

ཕུན་ནོར་གྱི་སྐད་ཆ་དེས་ང་རང་གློ་བུར་དུ་མགྲིན་པ་བརྣངས་པར་གྱུར་ཏེ་ཚིག་གཅིག་ཀྱང་བརྗོད་མི་ནུས་པར་གྱུར་ལ།ཚོང་རར་བཤམས་པའི་འཇིམ་སྐུ་ཇི་བཞིན་ཧད་དེ་ལུས།སྐབས་དེར།གསང་བདག་ངའི་སྔུན་སར་བསྒུར་ཏེ“ཆང་ཤེལ་དམ་གཅིག་གི་ཆད་པ་ཡིན”ཞེས་བརྗོད་བྱུང་།

ཕུན་ནོར་གྱིས་འཛུམ་དམུལ་དམུལ་གྱིས“ཐར་འབུམ་ནི་སྙན་ངག་འབྲི་བར་དུངས་པའི་སློབ་མ་ཞིག་ཡིན་ལ།ཡང་ཅིག་བཤད་ན།ཁོའི་སྙན་ངག་བརྩམས་ཆོས་དེ་དག་ཀྱང་ཆང་གིས་རྐྱེན་པས་ཚོར་བ་རྣོན་པོ་དེའི་འོག་ཏུ་བྲིས་པ་ཏག་ཏག་ཡིན་ཞེས་བརྗོད་མྱོང་ལ།གཟའ་མཇུག་ཏུ་ཕྱི་རོལ་ཏུ་སོང་སྟེ་ཁེར་རྐྱང་ངང་ཆང་འཐུང་བའི་ཞོར་ལ་བྲིས་པའི་སྙན་ངག་ནི་རང་ཉིད་ཆེས་བློར་འབབ་སའི་སྙན་ངག་ཡིན་ཟེར”ཞེས་བཤད། གསང་བདག་གིས་ཡང་བསྐྱར་མདུན་ཅོག་སྟེང་གི་ཆང་ཤེལ་དམ་སྟོང་བ་དག་ཅོག་ཙེའི་གཞོགས་ཤིག་ལ་དེད་དེ། ཅོག་ཙེའི་གུད་དུ་བཞག་པའི་ལྦུ་རག་ཚང་མ་ཕྱིར་བསྙིལ་ཏེ་གྲ་དག་པོར་བསྒྲིགས་རྗེས“དོ་ནུབ་ང་ཚོས་ཀྱང་ཐར་འབུམ་གྱི་ཆང་འཐུང་འཐུང་བྱེད་ཡ།གསར་བུའི་སྒང་དུ་མི་འཐུང་ནམ་འཐུང་ཟེར”བཞིན་ལྦུ་རག་ཚང་མའི་ཁ་གཏོར་ཏེ་ཕུན་ནོར་ངེད་གཉིས་ཀའི་སྔུན་ལ་བསྒྲིགས་བྱུང་།མ་གཞིར་ངས་ཆང་མི་འཐུང་ཡང་། གསང་བདག་གིས“ཆང་འཐུང་མ་མྱོང་བའི་གསར་བུ་ངས་ཕོ་རབ་ཅིག་གི་གྲལ་ལ་འཇོག་གིན་མེད”ཟེར།

ནང་མ་ཁང་འདི་གའི་མགྲོན་པོ་ཚང་མ་བཞུད་ཚར་སོང་ལ།ཞབས་ཞུ་པ་ཁ་ཅིག་གིས་གཙང་སྦྲ་བྱེད་ཅིང་།དེའི་གྲས་ཀྱི་ལས་མི་ཞིག་གིས་ང་རང་ཚོའི་ཕྱོགས་སུ་ཕུར་ཚུགས་སུ་བལྟས་འདུག་སྟེ།ཁོས་ཉིན་གཅིག་གི་ཞབས་ཞུའི་ངལ་དུབ་ཀྱི་རྫོགས་ཚིག་ཀྱང་མདུན་ཅོག་སྟེང་འོག་གི་ཆང་ཕོར་དེས་དགོད་པར་སེམས་ཁུར་དང་སུན་སྣང་སྐྱེས་པ་ལྟ་བུའི་སྣང་བ་ཞིག་ངའི་མིག་ལམ་དུ་ཤར་ཏེ་སེམས་གཏིང་དུ་ལྷུང་སོང་།

ཆུ་ཚོད་བཅུ་གཉིས་ལ་གཟིར་འདུག་པས། ངས་ཁོ་གཉིས་ལ་རང་རང་གི་ལོག་མལ་ཏུ་འགྲོ་རན་པའི་བཟོ་ལྟ་ཞིག་བསྟན་ཅིང་།ཕུན་ནོར་གྱིས་དབུགས་ཧལ་ཧལ་ངང་སྣ་ཁུང་ནས་དུ་བ་ཞིག་ཕྱིར་ཕྱུང་སྟེ།“ངེད་གཉིས་སྒོ་ལམ་མཐུན་པའི་ཁར་མལ་ཤག་དང་ཐག་ཉེ་བས།རྗེས་ཀྱི་ཆང་ཕོར་དག་སྟོང་བར་བཏང་རྗེས་འགྲོ་ཆོག ཁྱོད་དེ་འདྲའི་བཟི་མེད་པས་སྔ་ས་ནས་ག་ལེར་བཞུད་ཡ”ཞེས་བརྗོད་བྱུང་།

ངས་ཀྱང་ཆང་རག་གིས་བཙས་པའི་ངལ་དུབ་ལྕི་མོ་དེ་ཁུར་ནས་སེམས་ཀྱི་ལོག་མལ་ཏུ་ཕྱིན།མལ་ཤག་ཏུ་ལོག་སྟེ་མལ་ཁྲིའི་སྟེང་དུ་ཅུང་ཙམ་བསྡད་ལ།དེའི་མུར།ལྟོ་བར་ཅི་ཞིག་འཛུལ་ཏེ་གང་ཞིག་ལ་གད་དར་བྱེད་པ་ཇི་བཞིན་སྐྱུར་དྲི་འཐུལ་བའི་ཆང་རག་ཁམ་གང་ཙམ་མགྲིན་པར་ལུད་འོངས་ཏེ།དེའི་གླགས་སུ་ཁ་སྐྱུག་སྣ་སྐྱུག་བྱས་ཏེ་ཟས་སྙིགས་ཏོག་ཙམ་གྱང་ངོར་ཆོལ་ལ།ངས་རང་ཚོད་ཀྱིས་རྣམ་རིག་བསྒྲིམས་ཏེ་ཕར་བལྟས་ཚོད་ལ་གྱང་ངོའི་པར་རིས་དེའི་སྟེང་དུ་ཆོལ་འདུག ཡང་བསྐྱར་མིག་ཟུང་ཆེར་བགྲད་དེ་ཞིབ་བུར་བལྟས་ཀྱང་པར་རིས་སྟེང་གི་ཐར་འབུམ་རྙེད་མ་བྱུང་ལ།གང་ལྟར།ངའི་ལུས་སྟེང་དུ་འཐུལ་བའི་ཆང་རག་དེ་རླུང་བུའི་བྱབས་ཁྲུས་མཛད་ཅིང་།བཟི་ཁ་དེའང་དབང་པོ་ཤོར་བའི་སྨྱོན་པ་ལྟ་བུ་ལས་གསེད་བཀྲོལ་བཏང་རྗེས།ཐར་འབུམ་རྙེད་ཨེ་འགྲོ་སྙམ་པའི་ཚོར་སྣང་ཞིག་སྐྱེས་འོངས།ལན་རེར།ང་རང་ཡང་ཐར་འབུམ་ལྟར་བོར་ཨེ་འགྲོ་སྙམ་པའི་སེམས་ཁྲེལ་ཞིག་ཀྱང་སྐྱེས་འོངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།