ཀྲུང་གོ་བོད་ཀྱི་དྲ་བ།

གལ་ཏེ། སྒྲོལ་མའི་རྐང་སྣམ་བོར་མེད་ན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མདའ་བཙན་པོ།   སྤེལ་དུས། : 2019-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟོད།

གལ་ཏེ། སྒྲོལ་མའི་རྐང་སྣམ་བོར་མེད་ན་ངེད་གཉིས་ཀྱིས་ལག་གདང་བྱས་ཏེ་གཙང་པོ་འདིའི་ཁ་ནས་འཆམ་འཆམ་ལ་འགྲོ་ཆོག ཉི་ནུབ་འོག་གི་གཙང་པོ་ནི་ཡོངས་སུ་བཞུས་ཚར་བའི་སྙིང་དམར་པོ་དག་མི་ལ་འདྲོགས་པ་དང་འདྲ་བར་རྒྱང་ལ་བཞུར་གྱིན་འདུག

ཁོག་སྟོད་ཤ་རྗེན་ལ་བུད་པའི་རླུང་བསིལ་མོ་དག་གིས་ང་ཡི་དཔུང་བ་ལ་ཡང་ཡང་རེག་པར་བྱེད།ཚོར་བ་དེ་ནི་མགོ་བོ་ང་ལ་བསྙེས་པའི་སྒྲོལ་མའི་ལན་བུ་དང་འདྲ་ལ།དེ་ཡང་མ་ཡིན་པར་སྒྲོལ་མས་སྐད་ཆ་ལབ་སྐབས་ཀྱི་ཁ་རླངས་དང་ཡང་འདྲའོ། །

ན་ནིང་གི་ད་ཚོད་ཅིག་ལའང་དབྱར་ཀ་འདི་འདྲ་ཞིག་ཡོད་མྱོང་།དགོང་ཁ་འདི་འདྲ་ཞིག་ཀྱང་ཡོད་མྱོང་།

སྒྲོལ་མའི་མིག་མདངས་ཀྱི་ཆུ་རིས་སྲབ་མོ་དང་གཙང་པོའི་ངོས་ཀྱི་ཟེར་མ་དང་འདྲེས་པའི་ཆུ་རིས་སྲབ་མོ་གཉིས་ཀྱིས།ང་ཡི་རབ་ཏུ་ཚ་བའི་སྙིང་དམར་པོ་ལ་བསིལ་ཤ་ཡ་མཚན་ཞིག་སྟེར་ལ།དེ་ནི་མཚམས་རེར་སྒྲོལ་མའི་འཛུམ་ཀོང་དེ་དང་འདྲ་བར་འཇུབ་ན་འདོད་པ་ཞིག་དང་།ལན་རེར་སྒྲོལ་མའི་དགོད་སྒྲ་དང་འདྲ་བར་བྲང་ལ་གླན་ན་འདོད་པ་ཞིག་ཀྱང་རེད།

སྒྲོལ་མས་བཤད་ན“བརྩེ་དུང་ནི་ཕྱོགས་གཉིས་ཀའི་ལུས་པོ་དང་མི་འདྲ་བར།ཕྱོགས་གཉིས་ཀའི་ནང་སེམས་དང་འདྲ་བར་མཐོང་རེག་མྱོང་གསུམ་གྱིས་མ་ཟིན་པ་ཞིག་དང་།ཡང་ན་མཐོང་རེག་མྱོང་གསུམ་གྱིས་མི་ཆུམས་པ་ཞིག་ཡིན”ཟེར།

ངས་ཚོར་བའི་གསེབ་ན་འཚང་གིན་པའི“བསིལ་ཤ”དེ་ཡང་རླུང་དུ་བསྒོམས་ན་ཆར་དུ་འཁྲུལ་འགྲོ་བ་ཞིག་དང་།ཆར་དུ་རློམ་ན་འོད་དུ་འགྱུར་འགྲོ་བ་ཞིག་སྟེ་བརྩེ་དུང་ཟེར་བ་དེའི་བརྡ་རྟགས་རིགས་ཤིག་མིན་ནམ་སྙམ།

སྒྲོལ་མ་བྱ་བར་ཞུགས་མ་ཐག་ངེད་གཉིས་ངོ་ཤེས་སོང་ཟེར་ན་ཆོག་ལ།དགའ་རོགས་བཅས་སོང་ཟེར་ནའང་ཆོག

དར་ཁྱབ་ཆེ་བའི་གླུ་དབྱངས་ལེན་པར་དགའ་ལ།ལོངས་སྤྱོད་རིགས་ཤིག་ལ་ཕག་མ་ལྟོ་ལ་རེམས་པ་བཞིན་མགུ་བ་ནི་སྒྲོལ་མའི་དགའ་ཕྱོགས་ཀྱི་ལྟེ་བའོ། །

དྲང་མོར་བཤད་ན།སྒྲོལ་མ་ནི་འགྲོ་སྒོའི་སྲང་ལམ་ཆེན་པོ་ཞིག་དང་འདྲ་བས།མོ་ནི་ང་ཡིས“སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ”ཡང་ཡིན་པ་འདྲ།

ནུབ་ཕྱོགས་ནས་སྲིང་གིན་པའི་གྲིབ་མ་དེ་ནི་ཆུ་ལོག་ཆེན་པོ་ཞིག་དང་འདྲ་བར་དེས་ཉི་ཟེར་གྱི་ཞིང་ས་སྣུམ་པོ་དེ་སྣུབ་ཀྱིན་འདུག

གལ་ཏེ།སྒྲོལ་མའི་རྐང་སྣམ་བོར་མེད་ན།མོས་ང་ལ་གླུ་ཚིག་འདི་འདྲ་ཞིག་འདོན་ངེས།“ང་ནི་བསིལ་བསིལ་རླུང་ལ་སྐྲག་སྐྲག་སུ་དང་གང་ལ་མི་སྐྲག རླུང་དང་འདྲ་བའི་བྱམས་པ་ཟ་འགྲམ་བརྒྱུད་ནས་བུད་འགྲོ། གྲོགས་མེད་སེམས་ཀྱི་མུན་པར་ལྷན་པ་རྒྱག་མཁན་སུ་རེད”ཅེས་པའོ། །

སྒྲོལ་མ་ཡོད་དུས་མེད་དུས་གང་ཡིན་རུང་།ཉི་མ་ནུབ་ཤུལ་གྱི་ཐུན་མཚམས་ཀྱིས་ང་ལ་རང་གི་སྙིང་དམར་པོ་འཚིག་གིན་སོལ་བར་འགྱུར་གྱིན་པའི་སྣང་བ་ཞིག་སྟེར་ལ། ལས་དཀར་ནག་གཉིས་ལས་དཀར་པོ་ཉིན་མོ་འདྲ་བོ་ཧ་ཧ་ཧོ་ཧོ་དང་འུར་འུར་ཟིང་ཟིང་གིས་བཅོམ་རྗེས།ཉོན་མོངས་ཀྱི་སྒྲིབ་པ་མཐུག་པོ་ལྟ་བུའི་མཚན་མོའི་ཀློང་ནས་རྨི་ལམ་ལྟ་བུའི་འཕྲུལ་སྣང་ཅི་ཙམ་རང་གི་བུ་ཕྲུག་བཞིན་བསྙོར་དགོས།

སྐྱེ་རྒ་ན་འཆིའི་རྩེད་སྤྱད་ལྟ་བུའི་མི་ཚེ་འདི་བདག་ཐུབ་རུང་མི་ཐུབ་རུང་བདག་གིར་འཛིན་པ་ཟེར་བ་འདི་ལྭ་བ་བཞིན་གྱོན་ནས།ད་ལྟའི་དུས་ཚོད་འདིའི་མུན་པ་ནག་པོ་ལྟ་བུའི་ཤེས་སྒྲིབ་ཀྱི་སྲང་ལམ་རེ་རེ་བཞིན་ཉུལ་དགོས་ཨང་།

གལ་ཏེ།སྒྲོལ་མའི་རྐང་སྣམ་བོར་མེད་ན།ངས་རང་གི་གྲིབ་མ་ལྟར་ནག་པའི་སྡུག་བསྔལ་འདི་འདྲུད་དགོས་དོན་མེད་ལ།ལུས་པོ་འདི་བཙོན་ར་ལྟ་བུ་ཞིག་གི་ཚད་དུ་བཞག་ནས་ཁེར་རྐྱང་གི་གདུང་བ་འདི་ཡང་འཁུར་དགོས་དོན་མེད་མོད།སྣང་བའི་ཆོ་འཕྲུལ་ལ་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་འདི་ནས་རང་གི་གཅེས་པའི་ཚེ་སྲོག་ཀྱང་རླུང་ཁའི་མར་མེ་བཞིན་ནམ་འཆི་ལ་ཆ་མེད་པས་ན།སྒྲོལ་མའི་རྐང་སྣམ་མི་འབོར་བའི་གདེང་ཚོད་ནི་སུ་ལའང་མེད་མོད།སྒྲོལ་མས“རྐང་སྣམ་ཞིག་གི་མགོ་ཡང་མི་ཐོན་པའི་མི་ཞིག་ལ་སུ་རློམ་མམ”ཟེར་ནས་བུད་སོང་།

གློག་འོད་ནི་ཤམ་ལྭ་དཀར་པོ་ཞིག་ལྟར་ཁང་མིག་ནང་དཔྱངས་འདུག

གལ་ཏེ།སྒྲོལ་མའི་རྐང་སྣམ་བོར་མེད་ན།མོས་མིག་གི་ཆུ་རིས་ལ་སྲེད་པའི་ཟེར་མ་འཁྱུག་གིན་དུ།དམར་ལ་སྣུམ་པའི་མཆུ་སྒྲོས་ཀྱིས་ཅི་ཞིག་ལ་སྣོམ་པ་བཞིན་དུ།ད་ལྟའི་ང་ཡི་ཁེར་རྐྱང་གི་པང་འདི་ནས་ཙོག་སྲིད་ལ།དེ་ནས་མོས་ང་རང་འཁྲིག་པའི་ཁམས་ཀྱི་གདུང་ཡང་བདེ་བའི་ཁྲག་ནི་འབར་བྱེད་པའི།འཚུབ་ཀྱང་སྣང་བའི་རུས་པ་ལྷོད་བྱེད་པའི།ཡིད་འོང་སྙིང་སྡུག་འདོད་རྒུའི་དཔལ་ནི་སྦྱིན་བྱེད་མོད།ད་ནི་ངས་རང་གི་དབུགས་འབྱིན་རྔུབ་ཀྱི་འདུ་བྲལ་ལ་ཉན་པ་ལས་ཅི་ཞིག་བྱེད་ཨང་།

ཞོགས་པ་རེ་རེ་བཞིན་གསར་འགྱུར་ལ་ཉན་པར་དགའ་བའི་མི་དེ་ཚོས“ཁྱོད་བཟང་ང་བཟང”ཟེར་གྱིན་གཅིག་གི་གོ་ས་གཅིག་གིས་འཕྲོག་པར་བྱེད་པ་བཞིན།སྒྲོལ་མས་ཀྱང་ཉལ་སའི་ནང་ནས“སྦྲིད”ཐེངས་རེ་རེར“ཁྱོད་ནི་མཆིན་པ་ཁྱོད་ནི་གློ།ཁྱོད་ནི་སྙིང་ཆུང་ཁྱོད་ནི་མཁལ་མ”ཟེར་གྱིན་དབུགས་འཚུབ་འཚུབ་དང་ངུ་ཤུམ་ཤུམ་བྱེད་མོད།མོས་ངོ་གདོང་བཀྲུ་བ་ནི་མདང་ནུབ་ཀྱི་བརྩེ་དུང་བཀྲུ་བ་དང་འདྲ་བར།ཉིན་མོ་གསར་པ་ཞིག་གི་མགོ་བརྩམས་པ་ན་སེམས་ཁམས་གསར་པ་ཞིག་གི་མདོག་བསྟན་ཡོང་།

ཨེ།བུད་མེད་འདི་དག་ནི“ཡིད་རྟོན་མི་རུང་སྲིད་པའི་ཕུན་སུམ་ཚོགས”རིགས་ཤིག་ཡིན་པ་འདྲའོ། །

གལ་ཏེ།སྒྲོལ་མའི་རྐང་སྣམ་བོར་མེད་ན།ངས་རྐང་སྣམ་དེ་དང་རང་གི་དྲན་པ་གཉིས་ཀྱི་བར་ལ་ཟྭ་རྒན་སྲ་མོ་ཞིག་བརྒྱག་ངེས།དེ་ནས་སྒྲོལ་མའི་ལག་མགོ་དང་རང་ཉིད་ཀྱི་ལག་མགོ་གཉིས་ལ་གཏོར་མི་ཐུབ་པའི་ལྕགས་སྒྲོག་ཅིག་བརྒྱག་ངེས།དེ་ནས་སྒྲོལ་མ་ཟེར་ན་ང་དང་ང་ཟེར་ན་སྒྲོལ་མ་ཡིན་ངེས་པ་ཞིག་ཏུ་གཏོང་འདོད་མོད།འོན་ཀྱང་ཟེར་བའི་དུས་ཚོད་ཀྱི་དཀྱོགས་མཚམས་རེ་ནས་འུ་ཚོར་དབང་བ་ནི་སྤར་མོ་སྟོང་བ་སྟོང་ནག་དེ་མ་ཡིན་ནམ།

སྐབས་འདིར་མལ་སའི་ནང་དུ་མུན་པ་འཁྱུག་བྲིས་བྱེད་པའི་འོད་འཁྱག་པ་ཞིག སྟོང་པ་ཞིག སྙིང་ལྡིང་བའི་སྒྲ་སིལ་བུར་འཐོར་བ་དག་དང་ལྷན་དུ་འདར་གྱིན་འདུག

སྨད།

ཆར་བ་མཚམས་མི་ཆད་པར་འབབ་ཀྱིན་འདུག ངས་རང་ཉིད་ཀྱི་སྐྱོ་གདུང་མཚོན་བྱེད་ཁོ་ནའི་སྐད་ཆ་སྨྲས་པ་མ་ཡིན་ཏེ།ཆར་བ་མུ་མཐུད་དུ་འདི་ལྟར་བབས་ན་དབྱར་ཀར“དྲོ”ཟེར་རྒྱུ་ཡང་ཧ་ཅང་དཀའ་བ་འདྲ།

མིའི་རིགས་ཀྱི་སྐད་ཆའི་ཁྲོད་ཀྱི་བྱ་ཚིག་དག་ནི་གཟེབ་ཏུ་ཚུད་པའི་བྱིའུ་ཆུང་དང་འདྲ་བར་ཅི་འདྲས་ཉམ་ཆུང་ནུས་མེད་ཅིག་རེད་ཨང་།

ཆར་བ་མུ་མཐུད་དུ་འདི་ལྟར་བབས་ན།འབབ་ཟེར་རྒྱུ་ཤིན་ཏུ་དཀའ་སྟེ་ཐེད་ཟེར་ན་འགྲིག་པ་འདྲ།ཆར་བ་ཐེད་པོ་འདི་རྫོང་མཁར་ཆུང་ཆུང་འདིའི་གཞོག་མ་ཐུབ་པའམ་སྒྲིག་མ་ཤེས་པ་ལྟ་བུའི་ཁང་བརྩེགས་དག་གི་གསེབ་ཏུ་མཚམས་མེད་དུ་འབབ་དུས།ངས་མི་ཚོས་ལབ་ཀྱིན་པའི་འབྲུག་མོས་དམོད་ཚིག་དག་དྲན་བྱུང་།

“སྐད་སྒྲ་རྣ་ཡིས་མི་གོ་རྒྱུ་དེ།རྒྱུ་མ་ལག་མགོར་དཀྲུ་རྒྱུ་དེ།ཚེ་རྩད་ནས་ཆད་རྒྱུ་དེ།མིག་འདྲུ་རྒྱུ་དེ།ལྕེ་འབལ་རྒྱུ་དེ།ངེད་ཚང་གི་སྒོ་ཁར་ཐོན་རྒྱུ་ཞིག་ཡོད་ན།ངས་དེ་གསོན་ཐོག་ནས་མི་བསྐྱུར།ང་དེའི་རོ་ཐོག་ལ་འབུད་རྒྱུ།དེའི་གནའ་ཤི་ད་འགྱེལ་པོ།དེའི་ཕ་རོ་མ་རོ།དེའི……”འབྲུག་མོས་སྡིགས་ཀྱིན་སྡིགས་ཀྱིན་ཆར་བ་འདི་བཞིན་མཚམས་མེད་དུ་ངུས་བྱུང་ཟེར།

འབྲུག་མོས་རྣ་ཡིས་གོ་མི་འདོད་པ་དང་མིག་གིས་རིག་མི་འདོད་པ་དེ་ནི་ང་ཡིན།

མཚམས་མི་ཆད་པའི་ཆར་བ་ནི་སྒེའུ་ཁུང་ཕྱི་ཡི་ཤེལ་ངོས་ན་སྐྱོ་གདུང་ཟེར་བ་དེ་ང་ལ་སྟོན་པ་དང་འདྲ་བར་མར་ཟགས་ཀྱིན་འདུག

གལ་ཏེ།ཆར་བ་འདི་དག་ལའང་མི་དང་འདྲ་བར་འཆི་བ་ཞིག་ཡོད་ན།འཆི་ས་ནི་དེ་འདྲའི་ཕྱི་ནང་གསལ་བ་ཞིག་ཡིན་རུང་།འཆི་རྐྱེན་ནི་རང་སྲོག་གཅོད་པ་དང་འདྲའོ། །   

ང་རང་འདི་ལྟར་སྒེའུ་ཁུང་འགྲམ་དུ་ལངས་ཡོད་རུང་།འཚོ་བ་ཟེར་བ་དེ་ནི་འབྲུག་མོའི་དམོད་ཚིག་དག་མོའི་ཁ་ནང་ནས་དང་།ཁྱིམ་ནང་ནས་ཕྱི་རོལ་ཏུ་འཆམ་བཞིན་དུ་བདེ་སྡུག་གཉིས་ཀྱི་སྒང་གཞོང་བརྒྱུད་ནས་གང་སར་ཉུལ་གྱིན་འདུག

སྐབས་འདིར་ང་ལ་སྡུག་བསྔལ་དང་མནར་གཅོད་སྟེར་བྱེད་ནི་ལག་མགོའི་ཆུ་ཚོད་འཁོར་ལོ་རེད།མདའ་རྟགས་རིང་ཐུང་བར་མ་གསུམ་པོ་ནི་ངའི་ལུས་དང་།ངག་དང་།ཡིད་གསུམ་ཕིགས་བྱེད་དང་འདྲ་བར་འཁོར་སྐྱོད་ཀྱི་གཞུ་རྒྱུད་ནས་ང་ཡི་ལུས་ལ་ཟུག་ནས་ན་བར་བྱེད་ལ།ང་ཡི་ངག་ལ་བབས་ནས་ལྐུགས་པར་བྱེད།ང་ཡི་སྙིང་ལ་འཛུལ་ནས་སྐྱོ་ལ་གདུང་བར་བྱེད་དོ། །

ཆུ་ཚོད་ཀྱི་ཐག་སྒྲ་ཞིབ་མོ་དག་ནི་ལྕགས་ཀྱི་ཐོ་བས་རྡུང་གིན་པའི་རྡོ་བ་རེ་རེ་དང་འདྲ་ལ།དེ་ཡིས་རྡོ་བ་རེ་རེ་བཞིན་བཅག་ཚར་རྗེས་ང་ཡི་རུས་པའང་སིལ་བུར་རྡུང་མི་འགྲོ་འམ་སྙམ་མོད།དུས་ཚོད་ཀྱིས་མི་ཞིག་ཐད་ཀར་བསད་མི་འགྲོ་བ་འདྲ་སྟེ།དཔེར་ན།སྒྲོལ་མས་རང་ཉིད་ཀྱི་རྐང་སྣམ་དང་མཉམ་དུ་ངེད་གཉིས་ཀྱི་བརྩེ་དུང་ཡང་འབོར་དུ་བཅུག་མོད།དེ་ཡིས་ང་ལ་ཁེར་རྐྱང་འགྲོ་སའི་སུན་སྣང་གི་སྲང་ལམ་ཙམ་ཞིག་བཟོས་པ་ལས་གནོད་པ་ཆེར་མ་བྱས།

འོན་ཀྱང་།མོས་ང་ཡིས་བསྐུར་བའི་འཕྲིན་པ་དེ་བཀླགས་རྗེས།

“ང་ཁྱོད་ལ་རྣམ་རྟོག་ལངས་ཀི ང་ཁྱོད་ལ་ཞེན་པ་ལོག་གི ཡིད་ཆད་ཀི ཁྱོད་ནི་ལས་ཁུངས་ཤིག་གི་བོང་བུ་རེད།རྐང་སྣམ་ཤིག་ཀྱང་བདག་མི་ཐུབ་པའི་ཟྭ་ཆག་རོ་ཞིག་རེད”ཟེར་གྱིན་མོ་རང་གི་མིང་ཡང་བརྗེས་ཏེ་འབྲུག་མོ་ཞེས་པར་བསྒྱུར།

འུ་ཅག་གིས་གཙང་པོ་སྒྲོལ་བྱེད་ཀྱི་ཟམ་པ་ཞིག་བཟོ་བར་ཆ་རྐྱེན་རྫོགས་མེད་ཅིག་འབུལ་དགོས་མོད།འོན་ཀྱང་མི་གཉིས་ཀྱི་བར་ལ་འགལ་བ་སློང་བྱེད་ཀྱི་ཕྲ་མ་དག་ལ་ནི་ཟམ་པ་མི་དགོས་པར་གཙང་པོ་རབ་མེད་ཅིག་ཤར་གྱིས་བཅད་ནས་ཤུར་རེར་སོ་སོའི་རྣ་སྒོར་བསླེབ་ཐུབ།

ཆར་བ་མཚམས་མེད་དུ་འབབ་ཀྱིན་འདུག་ལ།ངས་རང་གི་གྲོད་པ་མི་བདེ་བའི་སྡུག་བསྔལ་ནི་འབྲུག་མོས་བཟོས་པར་འདོད་དེ།མོས་ངའི་ལུས་སྟེང་གི་དྲོད་ཚ་མོ་དག་སོལ་བར་བཏང་ནས་མོ་རང་གི་གྲིབ་མར་བསྒྱུར་ནས།སྲང་ལམ་རེ་རེ་ལ་ཁྱི་རོ་བཞིན་འདྲུད་ཀྱིན་ཡོད་ལ།ངའི་ལུས་སྟེང་གི་སྟོབས་ཤུགས་ཡོད་ཚད་ཀྱང་ཁང་མིག་ཆུང་ཆུང་འདིའི་མཁའ་དབུགས་གྲང་མོར་བསྲེས་ནས།ང་ལ་ཅི་ཡང་མེད་པའི་སྟོང་བ་དང་ཁུ་སིམ་པོ་དག་བསྐྱུར་བ་འདྲའོ། །

“ལུས་རྟེན་གཅིག་ལ་སྐྱེ་བ་མང་དུ་བརྗེ་བའི”སྒྲོལ་མའམ་འབྲུག་མོ་ལགས་ཡོད་དུས་ཀྱི་ཕྱི་ནང་གསལ་བའི་ཉི་ཟེར་ལམ་ལམ་གྱི་ནམ་མཁའ་དེ།ད་ནི་ན་བུན་མཐུག་པོའི་གཟེབ་ལ་བཅུག་ཏེ་ཆར་བ་ཐེད་པོ་དག་ང་ཡི་དམར་ལ་འཁྱག་པའི་སྙིང་གི་སྲང་ལམ་དུའང་ཤག་ཤག་འབབ་ཀྱིན་འདུག ཤག་ཤག་གི་ཆར་སྒྲ་ཁོ་ནས་ཀྱང་ང་ཡི་ཀེང་རུས་ཀྱི་རི་བོའི་སྒང་གི་རྩ་ལམ་གྱི་རྨུ་ཐག་མང་པོ་ཞིག་ཀྱང་དུམ་བུར་དུམ་བུར་གཅོད་ཀྱིན་པ་འདྲ།

ད་ལྟ་ངས་ཕར་ལ་མཆོད་པ་ལྟར་ཕུལ་རུང་ཕྱིར་ལ་གཏོར་མ་བཞིན་ཕངས་པའི་འཕྲིན་པ་དེ་ལག་ཏུ་བཟུང་ཡོད།ཤོག་བུ་རེ་རེ་འདས་དོན་བཞིན་བཤགས་ནས་མཐོང་མེད་དུ་གཏོང་དུས།ངའི་ལུས་པོའི་གསེབ་ཅིག་ནའང་མཚམས་མི་ཆད་པའི་ཆར་བ་ཐེད་པོ་ཞིག་ཨ་ཐང་ཆད་པ་ལྟར་འབབ་ཀྱིན་འདུག

མགོ་ཐོག་གི་ནམ་ཟླ་བཞིན་འགྱུར་བ་ཆེ་བའི་འཚོ་བའི་ཁྲོད་ཀྱི་མི་ཚེ་ནི་འཁྱག་པ་ལ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།