ཀྲུང་གོ་བོད་ཀྱི་དྲ་བ།

སྲི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​རང་སྐྱེས།   སྤེལ་དུས། : 2019-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   “སྲི་ཐར།”ཨ་མ་རིག་ལེས་གྱང་ཁ་ནས་མགོ་བོ་འཇུར་ཏེ་སྲི་ཐར་འབོད་ཀྱིན་འདུག་པས་ད་ནི་དྲོས་ཇ་འཐུང་རན་པ་འདྲ།

མོས་ནམ་རྒྱུན“སྲི་ཐར”ཞེས་སྐད་འགྲགས་འགྲགས་ངང་འབོད་སྐབས། སྡེ་བའི་སྲང་མདོར་འཚོགས་པའི་རྒན་རྒོན་ཚོས་ཀྱང་དྲོས་ཇ་འཐུང་རན་པ་ཤེས་ཏེ། འཕོངས་མགོ་དང་ཐུ་སྣེའི་ས་རྡུལ་སྤྲུག་བཞིན་རང་རང་སར་ལོག་འགྲོ།ཁོ་ཚོའི་ཁྲོད་དུ་ཆུ་ཚོད་ཐོགས་ཡོད་མཁན་གཅིག་ཀྱང་མེད།དེ་ནི་སྲི་ཐར་གྱི་ཕུ་བོ་སྲི་གཅོད་དང་སློབ་གྲྭ་འགྲིམ་བཞིན་པའི་བྱིས་པ་དག་ལ་མཚོན་ན་བློ་ངོར་ཤོང་དཀའ་བ་ཞིག་རེད། ནམ་ཞིག་གི་ཚེ། ཨ་མ་རིག་ལེའི་སྐད་གོ་རྒྱུ་མེད་སོང་ན། ཁོ་ཚོས་ནམ་ཚོད་ཟིན་མིན་ལ་ཐེ་ཚོམ་ཟ་མཁན་ནི་སྲི་གཅོད་གཅིག་པུ་ཡིན་མི་སྲིད།

ད་ལོའི་སྟོན་ཁ་ནས་བཟུང་སྲི་གཅོད་ཀྱི་ནུ་བོ་སྲི་ཐར་ཡང་ཡུལ་ཚོ་དཀྱིལ་སྙིང་སློབ་གྲྭར་བསྐྱལ། ཉིན་དེར། ཨ་མ་རིག་ལེས་སྲི་ཐར་ལ་ལག་འཇུ་བྱས་ཏེ་ཡུལ་ཚོ་དཀྱིལ་སྙིང་སློབ་གྲྭའི་རྒྱ་སྒོ་ནས་ནང་ལ་འཛུལ་དུས། ལོ་གཉིས་སྔོན་གྱི་ཞོགས་པ་དེ་དང་འདྲ་བར་བྱིས་པ་མང་པོས་ཁོ་གཉིས་ཀྱི་མཐའ་བསྐོར་ཏེ་མིག་རིག་རིག་བྱེད་པ་ནི་ན་ལུང་སྐུ་ལོ་ཚང་ཕེབས་པའམ་གླུ་བ་མིང་གྲགས་ཅན་ཞིག་སླེབས་པ་དང་ཨ་ན་མ་ན་རེད། ཡིན་ཡང་། དེ་ནི་རྣམ་པ་ཙམ་ཡིན་པ་སྲི་ཐར་ཕུ་ནུ་གཉིས་ཀྱིས་མ་གཏོགས་ཤེས་མི་སྲིད།

“སྲི་ཐར། ཁྱོད་ལ་ནེ་ནེ་ཡོད་དམ”ལོ་གཉིས་ཀྱི་སྔོན་དུ་སྲི་གཅོད་ལའང་དྲི་བ་འདི་འདྲ་ཞིག་དྲིས་མྱོང་།

དེ་ནི་སྲི་ཐར་ལ་མཚོན་ན་བློར་ཤོང་དཀའ་བའི་དྲི་བ་ཞིག་ཡིན་སྲིད། དཔེ་ཁུག་གློ་དམར་ཁུར་པའི་བུ་མོ་ཞིག་གིས་གློ་རྡེག་ལ་ཁོར་དྲི་བ་དེ་འདྲ་ཞིག་དྲིས། སྲི་ཐར་སློབ་གྲྭ་མ་འགྲིམས་སྔོན་དུ། རྐང་སྣམ་འདོམས་མེད་རྐྱང་རྐྱང་གྱོན་ཡོད་པས་ཁོ་ཚོའི་སྡེ་བའི་ནང་དུ་ཁོ་ལ་དྲི་བ་དེའི་རིགས་འདྲི་མཁན་ཁྱོན་ནས་མེད། དེར་བལྟས་ན་བུ་མོ་དེ་ནི་སྡེ་བ་གཞན་ཞིག་གི་ཡིན་པ་འདྲ།

“ང་ལ་ནེ་ནེ་མེད་ན་ཁྱོད་ལ་ཡོད་དམ”སྲི་ཐར་ལོ་དྲུག་ལ་བུད་ཙམ་ཡིན་ནའང་། ཁ་རྒོད་པོ་བདག་མེད་ཅིག་ཡིན་པར་བལྟས་ན།ལག་ཆགས་རྗེས་གསར་མོ་མེ་ཏོག་འཐུ་འཐུ་བྱ་ངེས་རེད། ན་ལུང་སྡེ་བར་གསར་མོ་འཐུ་ན་ཡག་ཕོ་སྒོ་མི་གཙོ། རྒྱུ་འབྱོར་བའང་མི་གཙོ། གཏམ་ཁ་ལྕེ་ཡོད་ན་དེས་ཆོག

ཉིན་དེར། སྲི་ཐར་གྱིས་མོ་ཁ་སྐྱེངས་པར་བྱས་པས་ཡིན་ནམ། ཐེངས་དེར། མོས་ན་ཚོད་དང་མཉམ་པའི་བུ་མོ་སྐོར་ཞིག་ཁྲིད་དེ་བྲ་མ་གདོང་ཁར་ཁོར་བསྒུགས་འདུག

“སྲི་ཐར།ཁྱོད་ལ་ནེ་ནེ་ཨེ་ཡོད།”དྲི་བ་སྔར་བཞིན་གཅིག་རེད། ཡིན་ཡང་མི་གཅིག་གིས་མི་ཚད།

སྲི་གཅོད་བྲ་མ་གདོང་ཁ་ནས་འགྲོ་སྐབས།ནུ་བོའི་ཨག་སྐད་ཐོས་ཏེ་དཔེ་ཁུག་ཀྱང་ས་རུ་གཡུགས་ནས་སྲི་ཐར་གྱི་སྟེང་ལ་རུབ་པའི་བུ་མོ་དེ་དག་ལ་ལག་བསྲེས། ཐེངས་དེར།སྟབས་ལེགས་ཏེ་སྲི་ཐར་གྱི་རྐང་སྣམ་ཁ་འདིག་ལ་དགུ་མདུད་བརྒྱབ་འདུག་པས་བུ་མོ་པྲ་ཆལ་དེ་ཚོར་ཡང་ཐབས་ཟད་སོང་།དེ་ལྟ་ནའང་།ཁོ་མོ་ཚོའི་སེམས་སུ་སྲི་ཐར་ལ་ནེ་ནེ་ཡོད་མེད་ཀྱི་དོགས་པ་དེ་སྔར་ལས་ཇེ་ཆེར་གྱུར།

སྲི་ཐར་གྱིས་ཕྱི་དྲོ་རིང་མོར་གཅིན་སྦོས་པའི་ཁར་བུ་མོ་དེ་ཚོས་གསིག་འཐེན་བྱས་པས་རྐང་སྣམ་དུ་གཅིན་ཡང་ཤོར་སོང་།ཨ་མ་རིག་ལེས་ཁོའི་རྐང་སྣམ་ཁ་འདིག་བཅད་ཅིང་མོའི་སྐེ་རགས་ཀྱི་སྣེ་ནས་རས་ཡུག་ཅིག་གཤགས་ཏེ་ཁོ་ལ་རྐང་སྣམ་ཁ་འདིག་གསར་པ་ཞིག་བཟོས།

སྲི་ཐར་སློབ་གྲྭར་བསྐྱལ་ཉིན་ནས་ཨ་མ་རིག་ལེའི་དྲོས་ཇ་འཐུང་རན་པའི་སྐད་ཀྱང་གོ་རྒྱུ་མེད་པས། སྡེ་བའི་རྒན་རྒོན་ཚོས་ཉིན་གུང་གཟུར་ནས་ཕོ་ཁར་སྐྱུར་ལངས་དུས་ད་གཟོད་གུང་ཚིགས་ཡོལ་ཟིན་པ་ཤེས་ཏེ་འཐེང་འགྲོས་ཀྱིས་རང་རང་སར་ལོག་འགྲོ།

ཨ་མ་རིག་ལེ་ལོ་བཞི་བཅུར་བརྒལ་ཟིན་ནའང་།བྱིས་པ་གཉིས་ཀ་ད་དུང་ལོ་ན་བཅུར་ཡང་སོན་མེད།དེ་ནི་ཕྱི་ནས་ཡོང་བའི་མི་ཞིག་ལ་མཚོན་ན་འདང་མི་ཕོག་པ་ཞིག་ཡིན་སྲིད།ཨ་མ་རིག་ལེ་སྔོན་ཆད་སྡེ་བ་གཡས་གཡོན་དུ་གནས་ལ་སོང་སྟེ།བྱིས་པ་མང་པོ་བཙས་མྱོང་ནའང་།ཕྱིར་རང་ཡུལ་དུ་ལོག་སྐབས།སྲི་གཅོད་གཅིག་པུ་ལས་ཁྲིད་ཡོང་རྒྱུ་མེད།སྲི་གཅོད་ཀྱི་སྔོན་དུ་བཙས་པའི་བྱིས་པ་དེ་དག་ལས་ལ་ལ་མངལ་ཤོར་བ་དང་།ལ་ལ་སྲི་ལོག་པས་སྲི་གཅོད་ཀྱང་སྲི་ལོག་པར་སྐྲག་ནས་སྲི་གཅོད་ཅེས་བཏགས།

ཨ་མ་རིག་ལེ་ཕྱིར་ན་ལུང་སྡེ་བར་ལོག་ནས་ལོ་ངོ་གཅིག་མ་འགོར་བར།མོ་ལ་བྱིས་པ་ཐང་ལ་ཞིག་སྐྱེས།སྡེ་བའི་མི་རྐྱང་ཚོས་བཤད་ན།བྱིས་པ་དེའི་ཨ་ཕ་ནི་ཚེ་མགོན་ལག་རིང་ཡིན་ཟེར་ལ།རྒན་རྒོན་ཚོས་བཤད་ན་དཔལ་ལྡན་སྐེ་ཁྲ་ཡིན་ཟེར།དོན་གྱིས་ཁོ་ཚོ་ཚང་མ་ནོར་སོང་།དེ་ལྟ་ནའང་།གསལ་ཐག་ཆོད་པ་ཞིག་ཨ་མ་རིག་ལེར་ཡང་བཤད་རྒྱུ་མེད།དེ་བས་སྡེ་བའི་ནང་གི་ཁ་འཁྲུལ་བཤད་མཁན་དེ་ཚོར་ཡང་ཁག་མེད།བརྒྱ་ལ་ཨ་མ་རིག་ལེར་གསལ་ཆ་ཡོད་ཀྱང་།མོས་ཚོད་མེད་དུ།རུ་སྡེ་བ་གཉིས་ལ་དེ་ལྟར་ཁྲོམ་བསྒྲགས་བྱ་མི་སྲིད།

ཉིན་དེ་ནི་ཆེས་སྤྱིར་བཏང་གི་དཔྱིད་ཀའི་ཉིན་མོ་ཞིག་ཡིན།ཡིན་ནའང་། ཉིན་དེ་གསལ་ཐག་ཆོད་པ་ཞིག་སུས་སྣང་ངོར་ཡང་དྲན་རྒྱུ་མི་འདུག “སྲི་ཐར་གྱིས་བླ་མས་གནང་བའི་ཚེ་མདུད་བོར་སོང”ཟེར་བཞིན་བྱིས་པ་སྣབས་ལུག་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་སྡེ་བའི་སྲང་མདོར་བརྒྱུགས་ཡོང་།ཨ་མ་རིག་ལེས་སྐད་ཆ་དེ་གོ་དུས་སུ།མོ་སྡེ་བའི་མ་སྲུ་ཁ་མཁས་བཙུན་མ་སྐྱིད་སོགས་དང་མཉམ་དུ་རྐ་གྲོག་ཁར་ཙོག་སྟེ་ཧབ་ཆ་དིར་རེ་ཡོད།ཏག་ཏག་སྐབས་དེ་ནི།སྡེ་བ་འདིའི་མི་སུ་ལ་མཚོན་ནའང་འཁྱོལ་ཡུན་རིང་བའི་སྤྱིར་བཏང་གི་དཔྱིད་ཀའི་ཉིན་མོ་ཞིག་རེད།རྒན་རྒོན་ཚོ་སྡེ་བའི་རྒྱབ་ཀྱི་མ་ཎི་ཁང་དང་དེའུ་འབུར་གམ་དུ་བསྡད་དེ་ཉི་མར་ལྡེ་བ་དང་།སྐྱེས་པ་ཚོ་ཁང་པའི་བྱ་འདབ་དང་ཁྱིམ་གྱི་ཚ་ཐབ་སྟེང་བསྡད་ནས་འཆད་མི་ཚར་བའི་ལབ་གླེང་ལ་མགོ་འཁོར་ཡོད།

ཏག་ཏག་བྱིས་པ་ཚོ་གྲམ་གཞུང་དུ་དར་ཤུད་སྟེག་བཞིན་པའི་སྒང་ལ།སྲི་ཐར་གྱིས་ཅི་ཆ་མེད་པར་ཕེ་རིང་ཞིག་བཏབ་ནས་ཕྱི་དྲོ་དེའི་ཞོ་ལྟར་ཆགས་པའི་ལྷིང་འཇགས་དཀྲོགས་སོང་།ངུ་སྐད་དེ་བྱིས་པ་རེ་རེའི་རྣ་སྒོ་ནས་རྩ་ལམ་རེ་རེར་ཁྱབ་ཏེ་རྐང་མཐིལ་ལ་ཙག་ཤད་ཅིག་བརྒྱུགས་ཤིང་བ་སྤུ་རེ་ཟུང་ཡང་ཕྱོགས་སུ་གཡོས་ཤིང་། ཏབ་ཅིག་ལ་ཉིན་གང་པོར་ཟེད་ཟེད་ལང་ལོང་བྱེད་པའི་གྲམ་གཞུང་འདི་ཆུ་ལ་དར་ཆགས་པ་བཞིན་དལ་ཅག་གེར་སོང་།གནས་ཚུལ་འདི་ཨ་མ་རིག་ལེ་དང་མ་སྲུ་ལྟ་སྤྱོད་ཅན་དེ་ཚོར་བཤད་མཁན་ནི་འབྲུག་ཐར་འབུམ་ཚང་གི་བུ་ཆུང་བ་དུང་བྷེ་ཡིན།ཁོ་དབུགས་ཧལ་ཧལ་ངང་བརྒྱུགས་ཡོང་ནས་ཇ་ཡུན་ཙམ་ལ་སྣབས་ཡར་འཇིབ་ཙམ་དང་ལུད་པ་ལུ་ཙམ་དུ་མིག་འཇུར་བཞིན“ཨ་མ་རིག་ལེ།སྲི་ཐར་ཀྱི་སྲུང་འཁོར་ཆུ་ནང་དུ་ལྷུང་སོང”ཟེར།དེར་ཡོད་མ་སྲུ་ཚོ་སྐད་ཅིག་ཙམ་ལ་ཁ་རོག་གེར་བསྡད་ནས་འཚེར་སྣང་གིས་ཕན་ཚུན་གྱི་གདོང་ལ་ཐེངས་གཅིག་བལྟས་རྗེས་ཀུན་པོས་ཨ་མ་རིག་ལེའི་གདོང་ལ་ཧྲིག་གེར་ཅེར།

སྲི་ཐར་བྱིས་པ་གཞན་དག་དང་ལྷན་དུ་རྩེད་མོར་གཡེང་ནས་རང་ཉིད་ཁ་སྦུབ་ཏུ་སི་ལི་མའི་གཞུང་ལ་ལྷུང་བ་ལས་ཅི་ཡང་མ་ཤེས།སི་ལི་མ་ཧྲུག་སེ་གྲུག་པའི་ཤེལ་སྒྲོམ་ཞིག་དང་འདྲ་བར་གས་པའི་སྒྲ་ཐོས་དུས་རང་ཉིད་ཀྱང་གྲམ་ཆུའི་གཞུང་ལ་ཁ་བུབ་ཏུ་འགྱེལ་འདུག ཁོ་ངུ་རྒྱངས་དང་བཅས་ཡར་ལངས་དུས་སྐེ་ཡི་སྲུང་འཁོར་ཚེ་མདུད་དེ་ཆད་ནས་གྲམ་ཆུས་ཁྱེར་སོང་།

གནས་ཚུལ་དེ་ཐོས་མ་ཐག་ཨ་མ་རིག་ལེས་སྐད་ཆ་ཚིག་གཅིག་ཀྱང་མི་སྨྲ་བར་གྲམ་པའི་ཕྱོགས་སུ་ཤབ་རྒྱུག་བྱས།དོན་དེ་ཐོས་པའི་སྡེ་མི་རེ་འགའ་དང་བྱིས་པ་ཚོ་ཡང་མིའི་རྗེས་སུ་ལྟད་མོ་མཚར་པོ་ཞིག་ལ་ཞོགས་ལངས་པ་བཞིན་གང་མགྱོགས་རྩོད་བཞིན་བརྒྱུགས། རྨོ་ལོག་བརྒྱབ་མ་ཐག་པའི་རྣང་ཞིང་བརྒལ་ནས་བརྒྱུགས་ཤིང་།མོའི་རྗེས་སུ་ས་སྐྱའི་རྡུལ་འཚུབ་ལང་ལོང་དུ་འཚུབ་ནས་རྗེས་སྙེག་མཁན་གྱི་བྱིས་པ་ཚོའི་ཁ་ཤར་ལུད་པའི་སྣབས་དང་ཚི་དྲེག་ཆགས་པའི་མཁུར་མགོ་དང་དཔྲལ་བར་འགོས།མོས་ཨམ་གཙིགས་བསྡམས་ནས་བརྒྱུགས་པས་རྐང་སྣེ་ཅི་ཞིག་ལ་ཐོགས་པར་ཁ་ཡ་ཡེ་ནས་བྱེད་ཁོམ་མེད།མོའི་ཆ་ག་ཉིས་རྩེག་དང་སྨིན་མའི་ཕྲ་རྒྱན་བཏབ་པའི་མིག་ཟུང་སྔར་ནས་སྡེ་འདབས་ཀྱི་གྲམ་གཞུང་དུ་ཞོགས་ཟིན།ཞིང་ཚིགས་སུ་མོའི་རྐང་སྣེ་ཤུར་སྒང་དུ་ཐོགས་ནས་པུས་ཚུགས་སུ་འགྱེལ་ལ་ཁད་བྱས་མོད།དེ་མ་ཐག་ཏུ་གོག་མ་ལང་གིས་མདུན་ལ་བརྒྱུགས་འགྲོ།

གནས་ཚུལ་དེ་ཆེས་མཇུག་མཐར་གོ་མཁན་ནི་སྲི་ཐར་གྱི་ཕ་རྒན་ཡིན་ཟེར་བའི་ཚེ་མགོན་ལག་རིང་དང་སྐྱེས་པ་སྐོར་ཞིག་ཡིན།ཁོ་ཚོ་ཁང་པའི་བྱ་འདབ་འོག་ཏུ་བསྡད་དེ་ཡར་མར་བཅོ་བརྒྱད་ཅིག་ལབ་ནས་སྣང་བ་ར་བཟི་བའི་སྒང་དེར།ཨ་མ་རིག་ལེས་སྲི་ཐར་པང་སྟེ་མི་ཚོགས་ཀྱི་གཞུག་འབྲངས་ཏེ་རྒྱ་སྒོ་ལས་ཡར་འཛུལ་ཡོང།

ཨ་མ་རིག་ལེས་ཁོ་ལ་ཚེ་མདུད་ཀྱི་གལ་ཆེན་རང་བཞིན་བཤད་པ་གྲངས་ཀ་མེད།ཡིན་ནའང་།ཁོས་རང་ཉིད་ཁ་སྦུབ་ཏུ་སི་ལི་མའི་གཞུང་ལ་འགྱེལ་དུས་མ་གཏོགས་ཨ་མའི་སྐད་ཆ་དེའི་གབ་དོན་མ་རྟོགས།ཕྱིས་སུ་ཁོས་ཨ་ཁུ་གྲགས་པའི་སྐད་ཆར་ཉན་དུས་དེ་ལ་གོ་བ་སྔར་བས་གཏིང་ཟབ་པ་ཞིག་ལོན།སི་ལི་མ་ཧྲུག་སེ་སོང་བ་ནི་ཁོའི་སྒལ་ཚིགས་དང་ཡང་ན་མིང་འབོད་མི་ཤེས་པའི་རྩ་རྒྱུས་སམ་རུས་པ་རྩ་ཆེན་ཞིག་དུམ་སེ་ཆད་པ་དང་འདྲ།དངོས་འབྲེལ་རུས་རྐང་ལས་ཀྱང་རིན་ཆེ་བ་ཞིག་ཆད་སོང་།ཚེ་མདུད་གྲམ་ཆུའི་གཞུང་ལ་ཁུར་དུས་ཁོ་རྟབ་རྟབ་པོར་གྱུར་ནས་ངུ་སྐད་ཀྱང་རེ་ཞིག་འཇགས། 

སྐབས་དེ་ཤེད་ལ་ཁོའི་མིག་ཟུང་གློ་བུར་དུ་ཕྱེ་བ་དང་འདྲ།སུ་ཡིན་མི་ཤེས་པའི་མི་ནག་རྟ་ནག་ཅན་ཞིག་གིས་རང་ཉིད་བྲག་དམར་གྱི་གཡང་ལ་འདེད་ཀྱིན་པ་དང་ཡང་འདྲ་བར།གཡའ་དག་དྲི་མེད་ཀྱི་འཇིག་རྟེན་ཆུང་ཆུང་འདི་ནི་སེ་གོལ་གཏོགས་ཡུན་ཙམ་ལ་གནམ་ས་ཁ་སྤྲད་པ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ།ཁོས་རྦད་དེ་ངོ་མི་ཤེས་པར་གྱུར།ཅལ་སྒྲ་ཞིག་གྲགས་པའི་ཡུན་དེར་འཇིག་རྟེན་འདི་ནི་མགོའི་ཞྭ་མོ་བཞིན་རླུང་དང་དེ་ལས་གཞན་པ་ཅི་ཞིག་གིས་ཁུར་སོང་།ལོ་ལོན་ཚོའི་བཤད་སྲོལ་ཞིག་ལ་གནའ་སྔ་མོར་མི་རྣམས་བཙས་ནས་ཉིན་ཞག་བདུན་འགོར་རྗེས་ད་གཟོད་མིག་འབྱེད་པར་བཤད།ཡིན་ནའང་སྲི་ཐར་ད་ལྟ་ལོ་དྲུག་ལ་བུད་ཡོད་པ་མ་ཟད།ཅེ་རེ་ལོང་བ་ཞིག་ཀྱང་མིན།སི་ལི་མའི་གཞུང་ལ་ཆོམ་སྒྲ་དང་བཅས་འགྱེལ་དུས།ཏབ་ཙམ་ལ་ཁོར་གྲག་འགུལ་མེད་ཅིང་།སྐད་ཅིག་མའི་ཡུན་དེ་ནི་ཁོ་ལ་མཚོན་ན་མིག་ཕྱེ་ནས་འཇིག་རྟེན་དཀར་ངོགས་ལ་ལྟ་སྟངས་ཤིག་རེད།ལྟ་སྟངས་དེ་ནི་མགོ་མཇུག་ལྡོག་ནས་རང་ཁྱིམ་ཕྱོགས་སུ་བལྟས་པ་དང་ལར་ནས་མི་འདྲ་བ་ཞིག་རེད།ལྟ་སྟངས་དེས་སྲི་ཐར་གློ་རྡེག་ལ་ལག་ཆགས་པ་དང་འདྲ།

ཨ་མ་རིག་ལེས་སྲི་ཐར་ཆར་ནང་ལ་ལྷུང་བའི་རེའུ་བཞིན་ཕུར་ཚུགས་སུ་གྲང་འདར་རྒྱག་བཞིན་པ་མཐོང་དུས།ཨ་ལགས་རིན་པོ་ཆེའི་ལུང་བསྟན་དེ་མངོན་དུ་གྱུར་པ་མིན་ནམ་སྙམ་ཞིང་།བྱང་ཁོག་སྟོད་ལ་འདེགས་བཟོད་དཀའ་བའི་ལྗིད་ཅིག་གིས་ནོན་པར་གྱུར།

“ངའི་བུས་ཕྲུག ད་ནངས་སྐྱ་རེངས་བཀྱགས་དུས་ཤིག་ནས་ངའི་མིག་ལྕིབས་བརྡབས་ནས་མཚམས་མི་འཇོག……”ཨ་མ་རིག་ལེ་ཚ་ཐབ་ཀྱི་ཁ་རྡང་ཁར་ཁེན་ནས་མཆི་མ་འབྱིད་ཞོར་དུ་དེ་ལྟར་བཤད།

“ཁ་འཁྲུལ་མ་བཤད།”མོའི་སླད་ཀྱི་བུད་མེད་ཅིག་གིས་མོར་སེམས་གསོའི་ཚུལ་དུ་ཁ་བཀག་ནས་བཤད།

ཅུང་མ་འགོར་བར་སུ་ཞིག་གིས་བོས་ཡོང་བ་མི་ཤེས་མོད།ཨ་ཁུ་གྲགས་པའི་རལ་བའི་དཀྲིས་ཀྱང་ལེགས་པོ་ཞིག་བརྒྱབ་མེད་པར་དབོ་ལུགས་ལ་ཐོན་བྱུང་།ཁོང་གི་རྗེས་སུ་དགེ་ཕྲུག་བབ་ཆགས་དེས་ཌ་དྲིལ་དང་སྦུབ་ཆ་སོགས་ཐེག་ཚོད་ཅིག་འཁུར་མ་དྲུད་ཀྱིས་ཡོང་གིན་འདུག

མི་ཚོགས་གློ་བུར་དུ་གཞོགས་གཉིས་སུ་གྱེས་ནས་དཔོན་གཡོག་གཉིས་ལ་ལམ་ཕྱེ།རྒན་པ་སྐོར་ཞིག་གིས་ཉྭ་སྒྱིད་གུམ་གུམ་དང་མགོ་རྐེ་སྒུར་སྒུར་དུ་ཨ་ཁུ་གྲགས་པར་ཁམས་འདྲི་ཞུས་པ་དང་ཁྱིམ་གྱི་ཡར་སྒྱེད་དུ་བསུས།

སྲི་ཐར་བུས་པ་ཡིན་དུས་ཀྱི་མིང་ལ་རྣམ་མཁར་ཡག་ཟེར།ཨ་མ་རིག་ལེས་ཁོ་ལ་རྣམ་ལོག་ཅེས་བོས་པས་མཐའ་སྐོར་གྱི་རྒན་གཞོན་ཀུན་པོས་ཀྱང་དེ་ལྟར་འབོད།ཁོ་ལོ་ན་གཉིས་ལ་བུད་མ་ཐག་པའི་ལོ་དེར་ཨ་ལགས་རིན་པོ་ཆེར་ལུང་བསྟན་ཞུས་པར་རྣམ་ལོག་ལ་སྲི་བརྟན་པར་ཚེ་མདུད་ཀྱི་སྲུང་འཁོར་ཞིག་བཏགས།ཉིན་དེ་ནས་བཟུང་ཨ་མས་ཁོ་ལ་རྒྱུན་པར་ས་ཐག་རིང་ལ་འགྲོ་མི་ཉན་ཚུལ་དང་།མི་ཆ་མེད་མཐོང་ན་ཁ་ཡ་བྱེད་མི་ཉན་ཚུལ་ཐེངས་གཅིག་མིན་པར་ཞལ་ཏ་གནང་མྱོང་།ཨ་ལགས་རིན་པོ་ཆེས་ཀྱང་སྒོས་སུ་ཁོ་ལོ་བདུན་ལ་མ་བུད་སྔོན་དང་རང་ལོ་འཁོར་སྐབས་སུ་གཟབ་གཟབ་བྱ་དགོས་པར་གདམས་ཏེ།སྲི་འགོག་ཆེད་དུ་སྔོན་གྱི་མིང་ཡང་བརྗེས་ནས་སྲི་ཐར་ཞེས་བཏགས།

ཕྱི་དྲོ་དེར།ཨ་ཁུ་གྲགས་པ་དཔོན་གཡོག་གཉི་ག་ཚ་ཐབ་ཀྱི་ཡར་སྒྱེད་དུ་སྐྱིལ་མོ་ཀྲུང་དུ་བསྡད་ནས་སྐད་འགག་རག་བར་དུ་མཚམས་ཚིགས་མེད་པར་རྔ་བརྡུངས་ཤིང་དྲིལ་བུ་དཀྲོལ།སྦུབ་ཆ་བརྡུངས་ནས་སྲི་ཐར་གྱི་བླ་དང་མིང་ནས་བོས།གོར་མ་ཁ་སྤྲོད་དུ་ཟློག་པ་ཡང་བརྒྱབ་མཐར་ཨ་ཁུ་གྲགས་པས་ཁ་རུ་བུམ་ཆུ་གང་བཟུང་ནས་གཏོར་ནའང་སྲི་ཐར་གྱི་བ་སྤུ་ཞིག་ཀྱང་གཡོས་མ་བྱུང་བ་འདྲ་བས།ཁོས“ངེད་དཔོན་གཡོག་གཉི་གས་ཚེ་འགུགས་བླ་འབོད་ཀྱི་བཅའ་བ་ནུས་ཚོད་ཅིག་བསྒྲུབས་ཚར།ཞི་ལུ་འདིར་ལོ་གེགས་སེལ་བྱེད་དུ་སྲི་སྲུང་གི་ཚེ་མདུད་ཅིག་བཏགས་པ་དེ་ཡང་ཨ་ལགས་རིན་པོ་ཆེས་མངོན་མཁྱེན་དང་རྟོགས་པས་མཁྱེན་པ་ཞིག་རེད།དེའི་ངོས་ཐད་ལ་སྲི་བསྟད་པའི་སྲུང་འཁོར་བཏགས་ཡོད་པ་ཆུས་ཁུར་སོང་བ་ནི།ཐེའུ་རང་དང་མི་མིན་གང་ཞིག་གིས་གནོད་བྱས་པས་བླ་འཁྱམས་སོང་བ་རེད།”དེ་ལྟར་བཤད་པ་དང་རྔུལ་ནག་འཛུམ་པའི་ཟ་འགྲམ་གྱི་མཛོད་སྤུ་དེར་བྱིལ་བྱིལ་ཡང་ཡང་གཏོང་།

“ཨ་ཐུགས་རྗེ་ཅན།ད་བཅོས་ཐབས་ཤིག་མེད་པ་ཨེ་རེད”སྐད་གདངས་དེར་དངངས་སྐྲག་དང་འཚུབ་ཆ་ཞིག་འདྲེས་ཡོད་ཚུལ་ལ་བལྟས་ན་ཚེ་མགོན་ལག་རིང་གི་སྐད་རེད།ཁོས་དེ་ལྟར་འདྲི་ཞོར་ལ་ཨ་ཁུ་གྲགས་པའི་གདོང་ལ་མིག་འབུར་ཚུགས་སུ་ཅེར་ནས་ལན་གནང་བར་རེ་ལྟོས་བྱེད།

ཀུན་གྱི་བསམ་པའི་དགུ་ལའང་མ་འཁོར་བ་ཞིག་ནི།ཕྱི་ཉིན་ཉི་ཐིགས་སྐར་ཁུང་ནས་འཕོས་ཡོང་དུས་སུ།སྲི་ཐར་གྱིས་མིག་རིག་རིག་དུ་གྲིམ་རིལ་ཞིག་རྒྱག་ཞོར་ཏོག་སེ་ཡར་ཙོག་བྱུང་།ཁོ་ནི་ཕལ་ཆེར་དྲ་མིག་ཁར་ཙེ་རེ་རེ་གྲགས་པའི་མཐིང་རིལ་གྱོ་མོ་ཞིག་གིས་གཉིད་ལས་བསླངས་པ་ཡིན་སྲིད།ཡང་ན་བྱེའུ་སྐད་དེ་ནི་ཁོ་རང་སི་ལི་མའི་ནག་མེར་གྱི་ཀློང་ནས་ཕྱིར་འཐེན་མཁན་དེ་ཡིན་པ་འདྲ།ཁོས་བྱེའུ་མཐིང་རིལ་དེར་དྲིན་གཟོའི་ཚུལ་དུ་འདེགས་འཇོག་ཨེན་ཙམ་ལྡན་པའི་སིད་སྒྲ་ཞིག་ཀྱང་བཏབ།ཏག་ཏག་སྐབས་དེར་ཨ་མ་རིག་ལེས་ཆུ་ཁུར་ནས་ཁྱིམ་ལ་འཛུལ་ཡོང་བ་དང་ཁེལ།

“……”ཨ་མ་རིག་ལེ་ཚོད་ཚོད་ལ་སྨྲ་ལྕེ་དིག་པར་གྱུར་ནས་ངག་མ་ཁྲོལ།མོས་ཆུ་ཟོ་ལག་ནས་ཇི་ལྟར་ཤོར་བའང་མ་ཤེས།ཆུ་ཟོ་ཐང་ལ་བྲུལ་ནས་ཆུ་རྐེད་ཙམ་ས་རུ་འཕོས་ཟིན།མོ་སྔར་བཞིན་རང་གི་ཆུ་བུར་མིག་ལ་རློམ་མ་ཐུབ་པ་ཡིན་ནམ།མོ་བུའི་གམ་དུ་བསྙེན་ཏེེ་གདོང་ལ་ཕུར་ཕུར་བྱེད་ཞོར་དུ་ངུ་ངག་འདྲེས་མས“མུག་ཕྲུག་འདི……”ཟེར་བ་ལས་ཚིག་རྔ་གསལ་པོར་མ་ཐོན་ལ།བུའི་མགོ་བོ་དང་གར་སྦྱོར་བཞིན་དགའ་བའི་སྤྱན་ཆབ་ཀྱང་བསིལ།

ཉིན་དེར།བྲ་མ་གདོང་ཁ་ནས་བུ་མོ་དེ་ཚོས་སྲི་ཐར་གྱི་རྐང་སྣམ་ཁ་འདིག་མ་ཁྲོལ་བ་ནས་བཟུང་།སློབ་གྲྭའི་ནང་དུ།སྲི་ཐར་ལ་ནེ་ནེ་མེད་པའི་བཤད་ཡམས་ཤིག་གང་སར་ཁྱབ་འདུག

“ཨ་མ།ང་སློབ་གྲྭར་མི་འགྲོ།ང་གྲྭ་བ་བྱེད་རྒྱུ་ཡིན”སྲི་ཐར་གྱིས་མཆུ་སྒྲོས་མདོང་མདོང་བྱས་ཏེ་ཨ་མ་རིག་ལེའི་རྣམ་འགྱུར་ལ་བལྟས།

“ད་ཁྱོད་ཁྱི་ཁ་ཚུམས།”ཨ་མ་རིག་ལེས་མེ་རུ་ལག་ལ་བཟུང་དུས།སྲི་ཐར་སྔ་མོ་ནས་གར་སོང་ཆ་མེད་དུ་གྱུར་འདུག

སྲི་ཐར་ལ་ནེ་ནེ་ཡོད་མེད་ཀྱི་དོགས་པ་དེ་གང་ནས་བྱུང་བ་མི་ཤེས་མོད།ཡུལ་ཚོའི་སློབ་གྲྭ་འདི་རུ།སློབ་མ་ཚོས་ནམ་རྒྱུན་གསར་འགྱུར་ཞིག་འབྱུང་བར་རེ་སྒུག་བྱས་ཡོད།སྲི་ཐར་ཟེར་བའི་སློབ་མ་གསར་པ་ཞིག་ཐོན་པ་དེས་ཁོ་ཚོར་འཚོ་བའི་སྤྲོ་སྣང་གསར་པ་ཞིག་བྱིན་པ་སྲི་ཐར་གྱིས་ཤེས་ཐབས་མེད།

ནངས་མོ་དེར།སྲི་ཐར་སློབ་གྲྭར་མ་ཡོང་བས་དགེ་རྒན་གྱིས་སྲི་གཅོད་ཁྲིད་ནས་ཡུལ་ལ་ཐོན།

“ཨ་ནེ་རིག་ལེ།སྲི་ཐར་དེ་རིང་ཉིན་གང་པོར་སློབ་གྲྭར་མ་ཡོང་།”

“ཨ་བྱ་འདི།མུག་ཕྲུག་དེ་གང་ལ་བུད་སོང་ངམ།ད་ནངས་ངས་མེ་རུ་བཟུང་ནས་སྒོར་བདས་རྗེས།སློབ་གྲྭར་བུད་སོང་བར་འདོད།”

“ཆུ་རྐ་དང་ཡུར་བའི་ནང་དུ་ལྷུང་སོང་བ་མིན་ནམ།”དགེ་རྒན་གྱིས་ཐོད་གཉེར་བསྡུས་ཏེ་ངག་ནས་དེ་སྐད་དུ་ཤོར།

“ད་ངས་ཤེས་སོང་།མུག་ཕྲུག་དེ་དགོན་པར་བྲོས་སོང་བ་རེད།”

ཁོ་ཚོ་སྡེ་འདབས་སུ་ཐོན་དུས།བྲ་མ་གདོང་ཁ་ནས་གཟན་ཤམ་གྱོན་པའི་བཙུན་པ་སྐོར་ཞིག་ཁོ་ཚོའི་ཕྱོགས་སུ་དམར་ལྷབ་ལྷབ་ཏུ་ཐོན་ཡོང་།

“གནངས་ཉིན།ཉིན་བཟང་སྐར་བཟང་ལ་ན་ལུང་སྐུ་ལོ་ཁྲི་སར་དགོད་རྒྱུ་ཡིན་པས་དཀར་ཐིགས་འཛོམས་ཚོད་ཅིག་སྦྱིན་རོགས”གསེར་སོ་ཤན་པའི་བཙུན་པ་སྔུན་མ་དེས་ཁོ་ཚོར་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེ་འདྲ་ཞིག་ལབ་པ་དེས་ཏབ་ཅིག་ལ་སྲི་ཐར་བོར་སོང་བའི་དོན་དེ་ཡང་བརྗེད་དུ་བཅུག

ཨ་མ་རིག་ལེས་དེ་མ་ཉིད་དུ་ཕུ་རུང་གི་ལྟེབ་ཁུགས་ལས་ཚི་སྟུག་ཏུ་སོང་བའི་སྒོར་མོ་བརྒྱ་ཤོག་ཅིག་ཁོ་ཚོར་གཏད་རྗེས།ཡུག་ཡུག་ཏུ་དགེ་རྒན་དང་སྲི་གཅོད་གཉིས་ཀྱི་ཟླར་འབྲངས་ཏེ་ན་ལུང་དགོན་པའི་ཕྱོགས་སུ་གོམ་ཁ་ཕྱོགས།

“ཨ་མ།ཀན་སྲི་ཐར་མ་ཡིན་ནམ།”ཁོ་ཚོ་དགོན་པའི་སྒོ་ཆེན་ཁར་ཐོན་དུས།གཡོན་ཕྱོགས་ཀྱི་ཉི་ཁྱིམས་སུ་བཙུན་པ་རྒན་པ་གཉིས་ཀྱིས་བན་ཆུང་ཞིག་གི་སྐྲ་བཞར་བཞིན་འདུག

ཨ་མ་རིག་ལེས་རང་གི་བུའི་སྐྲ་བཞར་བས་མ་ཟད།གཟན་ཤམ་ཡང་གྱོན་ཡོད་པ་མཐོང་འཕྲལ།གོམ་པ་སྤོ་མཚམས་ཀྱང་བཞག་ནས་ཁ་མལ་དུ་འགུལ་ཙམ་ཡང་མི་བྱེད།

“ཨ་ཁུ།སྲི་ཐར་ད་དུང་ལོ་ན་ཆུང་བའི་ཁར་ཁྱིམ་མིས་འཐད་པ་མ་བྱུང་བར་དགོན་པར་བྲོས་ཏེ་གྲྭ་བ་བྱས་པ་འདི་ནི།རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས་དང་ཡང་འགལ་བ་ཞིག་རེད།”དགེ་རྒན་གྱི་གདོང་ལ་སྔར་བས་འཚུབ་ཆ་ཞིག་ལངས་ཤིང་།སྐད་ཆ་བཤད་ཞོར་དུ་ལག་པས་ཕྱག་རྒྱ་སྣ་ཚོགས་བྱེད།

“སྐུ་ལོ་ཚང་གི་མཚན་ལ་ཉི་མ་འོད་ཟེར་ཞུ།”

“ཁོང་ནི་ན་ལུང་སྐུ་ལོ་ཚང་གི་སྤྲུལ་སྐུ་འཁྲུལ་མེད་དུ་ངོས་བཟུང་ཚར་བས་སློབ་གྲྭར་སྐྱེལ་ཐབས་མེད།”

“ད་ཁྱོད་ཚོ་ཕྱིར་སོང་།གནངས་ཉིན་ཁྲི་སར་འགོད་པའི་ཉི་མར་ཡོང་རྒྱུ་མ་བརྗེད།”

ཉིན་དེར།ཐག་ཉེ་རིང་གི་སྐྱེ་རྒན་གཞོན་ཕོ་མོ་ཚང་མ་ན་ལུང་དགོན་པར་འཛོམས་ཏེ།ན་ལུང་སྐུ་ལོ་ཁྲི་སར་བཀོད་པར་རྟེན་འབྲེལ་ཞུས།ཉིན་དེ་ནས་བཟུང་སྲི་ཐར་ཞེས་པའི་ཞི་ལུ་སྣབས་ལུག་དེ་ནི་རྒྱ་ཕིབས་སེར་པོའི་འོག་གི་ན་ལུང་སྐུ་ལོར་གྱུར།དེ་ནས་བཟུང་སྲི་ཐར་ཞེས་པའི་བྱིས་པ་དེ་ནི་མིང་གི་ལྷག་མར་གྱུར་ནའང་།སྲི་ཐར་དང་འདྲ་བའི་བྱིས་པ་སྣབས་ལུག་མང་པོ་ཞིག་ད་དུང་ཡང་མངལ་དུ་སྦྲུམ་སྒང་དང་།འཚར་ལོངས་བྱུང་སྒང་ཡིན།

“སྐུ་ལོ་ཚང་།ངེད་ཚང་གི་བྱིས་པ་འདིར་སྲི་སྲུང་གི་སྲུང་འཁོར་ཞིག་འདོགས་རོགས།”

“སྐུ་ལོ་ཚང་།ངའི་བྱིས་པ་འདིའི་སྲི་ཤོར་སོང་བས་བྱབས་ཁྲུས་ཤིག་གནང་རོགས།”

“……”

རྩོམ་སྒྲིག་པ། : ཀླུ་མོ་མཚོ།