ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་གཅིག་གི་འཚོ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྣམ་གླིང་རིན་ཆེན།   སྤེལ་དུས། : 2019-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉི་མ་འཆར་ལ་ཉེ། ཁྱེད་རང་སྔ་མོ་ནས་མལ་ལས་ལངས་ཟིན།

ཞོགས་པའི་ཉི་གཞོན་ཐོག་མ་སྒེའུ་ཁུང་བརྒྱུད་ཁྱེད་རང་གནས་སྡོད་བྱ་ཡུལ་གྱི་ཁང་མིག་དེའི་ནང་དུ་དལ་གྱིས་འཕྲོས་བྱུང་།

གླ་ཕོགས་བཟང་བའི་དངུལ་ཁང་གི་ལས་ཀ་དེ་ནས་དགོངས་ཞུ་བྱས་ཏེ་ནག་རོག་རོག་གི་ཁང་མིག་ཆུང་ངུ་དེ་རུ་དཔེ་ཆ་ལྟ་ཀློག་བྱ་རྒྱུར་གདམ་ཁ་བྱས་པ་ནས་བཟུང་། ཁྱེད་ཀྱིས་ཉིན་ལྟར་རང་ཁྱིམ་གྱི་སྒོ་མོ་དམ་པོར་མནན་ཏེ་ཆེས་མི་བྲིན་པའི་དཔེ་ཆ་འགའ་ལ་ཤི་འཐམ་རོ་འཐམ་བྱས་ནས་བསྡད།

“ཁོ་ནི་སྨྱོན་པ་ཞིག་རེད།”

“ཁོ་ནི་ཆང་རྐྱལ་ཞིག་རེད”ཁྱིམ་མཚེས་ཚོས་ལྐོག་ཏུ་ལབ་གླེང་དེ་འདྲ་བྱེད་བཞིན་པ་ཐེངས་གཅིག་གཉིས་ག་ལ་ཡིན།

གྲོང་ཁྱེར་ཆེན་མོ་དེ་ཅི་འདྲའི་འདུ་འཛིས་ཕྱུག་ཀྱང་། ཁྱེད་ལ་མཁོ་བ་ནི་ལྷིང་འཇགས་ཡིན། ཁྱེད་ཀྱིས་རང་གི་ཁ་ངོ་སྟབས་བདེ་ཞིག་བཀྲུས་ཤིང་། ལག་པས་གང་སར་གཟེངས་པའི་སྐྲ་ལོའི་ངོས་སུ་ཆུ་བྲན་ནས་སྐྲ་ཤད་ཀྱིས་ཤད་ཤད་ལན་འགའ་བྱས་རྗེས། སྔར་རྒྱུན་བཞིན་འབོལ་ཁྲིའི་ཐོག་ཙོག་ནས་དཔེ་ཆ་ལྟ་མགོ་བརྩམས། དཔེ་ཆ་དེ་དག་ནི་ཁྱེད་རང་ཆེས་ལྟ་བར་སྤྲོ་བའི་རྩོམ་རིག་སྐོར་གྱི་དཔེ་ཆ་འབའ་ཞིག་ཡིན་པས། ཁ་སང་ཁྱེད་ཀྱིས་རང་གི་ཟླ་བ་གཅིག་གི་འཚོ་བའི་འགྲོ་གྲོན་གྱི་དངུལ་སྒོར་དེ་དག་སྤྲད་ནས་བླུས་པ་མ་ཡིན་ནམ།

ཁྱེད་ལ་མཚོན་ན། དཔེ་ཆ་དེ་དག་གི་ཀློང་ནས་རང་ཉིད་ཀྱི་རེ་སྙེག་བྱེད་བཞིན་པའི་འཇིག་རྟེན་དང་འཚོ་བ་གཞན་ཞིག་གསར་རྙེད་ཐུབ་པས། ཁང་མིག་ཆུང་ངུ་དེའི་ནང་དཔེ་ཆ་ལྟ་ཀློག་བྱས་ནས་སྡོད་རྒྱུ་ནི་ཁྱེད་ལ་མཚོན་ན་བདེ་སྐྱིད་ཅིག་ཅི་ལ་མིན། ཁྱེད་ཀྱིས་ད་རག་བར་དུ་མིག་མདུན་གྱི་འཚོ་བ་དེ་ལ་འདང་རྒྱག་གཏན་ནས་བྱས་མ་མྱོང་། ཆུང་མ་དང་། རླངས་འཁོར། ཁང་པ། ཨཱ་ཨཱ། ཁྱེད་ཀྱི་འཁྲིས་སུ་འཚོ་བཞིན་པའི་སྤྱི་ཚོགས་དེའི་མི་རྣམས་ཧ་ཅང་ཁག ཁོ་ཚོས་མང་པོ་མང་པོ་ཞིག་འཐོབ་སླད་རེ་བ་རྟ་རྔ་ཙམ་ཞིག་བཅངས་ཏེ་དཀའ་སྤྱད་ཀྱི་རྔུལ་ཆུ་ཕྲུམ་ཕྲུམ་དུ་བཞུར་ཡང་། མཐའ་མར་ཁོ་ཚོའི་མང་པོ་མང་པོ་ཞིག་བོར་བརླག་ཏུ་འགྲོ་བཞིན་ཡོད་པ་མ་ཡིན་ནམ། འོན་ཀྱང་། ཁྱེད་ལ་ཆ་མཚོན་ན། དེ་དག་ལ་དོན་དམ་པའི་སྙིང་པོ་ཅི།

དེ་རིང་ནི་གཟའ་ཉི་མ་ཡིན་པས། ཁྱེད་ཀྱིས་སྔར་རྒྱུན་བཞིན་རང་གི་སློག་པ་མཐུག་པོ་དེ་ལུས་ལ་གྱོན་ནས་སྒོ་ཁར་བུད་དེ་དཔེ་ཆ་གསར་པ་རེ་ཨེ་རྙེད་ལྟ་བར་ཕྱིན། གྲོང་ཁྱེར་དེ་རུ་མི་ཚོགས་ཧ་ཅང་སྟུག རླངས་འཁོར་ཡང་ཧ་ཅང་མང་། ཁང་པ་གཅིག་ལས་གཅིག་མཐོ། འོན་ཀྱང་། དེ་དག་ཁྱེད་དང་འབྲེལ་བ་སྤུ་ཙམ་ཡང་མེད་པས། ཁྱེད་ཀྱིས་གྲོང་ཁྱེར་འདིའི་ཞིན་ཧྭ་དཔེ་ཚོང་ཁང་ཞིག་ལ་གཟས་ཏེ་བུད་སོང་། ཞིན་ཧྭ་དཔེ་ཚོང་ཁང་གི་སྦྱིན་བདག་མ་དེས་ཁྱེད་རང་མཐོང་མ་ཐག་དེ་མ་ཉིད་དུ་ཁྲེལ་དགོད་ཅིག་བྱེད་ཞོར། “ཁྱེད་ཀྱི་གདོང་པ་ཧ་ཅང་དམར་ཞིང་སྨུག་ཟེར། ད་དུང་ཁྱེད་ཀྱིས་རྒྱ་སྐད་བཤད་པ་སྒྲ་དག་མོ་ཞིག་མ་རེད་ཟེར”མོའི་སྐད་ཆར་མཉན་རྗེས། ཁྱེད་ཀྱི་བསམ་པར“ང་ནི་བོད་རིགས་ཡིན”ཞེས་བརྗོད་འདོད་སྐྱེས་ཀྱང་། ཁྱེད་ཀྱིས་ཅི་ཡང་མ་བཤད་པར་རང་ཉིད་ལ་མཁོ་བའི་དཔེ་ཆ་འགའ་ཤས་བླུས་རྗེས་དཔེ་ཚོང་ཁང་དེའི་སྒོ་ཁར་བུད།

གྲོང་ཁྱེར་དེའི་མི་རྣམས་ཀྱིས་གཙང་སྦྲར་ཧ་ཅང་དང་དོད་བྱེད། གཙང་སྦྲར་ཧ་ཅང་དང་དོད་བྱེད་པས། ཁྱེད་ཀྱིས་མི་དེ་དག་མི་རིགས་གང་ཞིག་ཡིན་མིན་ཡང་དབྱེ་བ་འབྱེད་དཀའ། ལམ་བར་དུ། མི་མང་པོས་འགྲོ་ཞོར་འདུག་ཞོར་དུ་མིག་ཟུང་ཁྱེད་ལ་ཅེར་འོང་། ཁོ་ཚོའི་མིག་ཟུང་གི་ཀློང་དུ་མཐོང་ཆུང་གི་ཉམས་སྣང་ཞིག་གིས་ཡོངས་སུ་ཁེངས་འདུག ཕྱི་མཛེས་ནང་སྟོང་གི་མི་བུ་དེ་དག་གི་མིག་ཟུང་རེ་རེ་རིག་ན། ཁོ་ཚོས་ཁྱེད་ལ་སྙིང་རྗེ་སྐྱེ་བ་ཇི་བཞིན། ཁྱེད་ཀྱིས་ཀྱང་ཁོ་ཚོར་སྙིང་རྗེ་ཡི་བསམ་པ་དྲག་པོ་ཞིག་སྐྱེས་འོངས།

ལྟོས་དང་། བུད་མེད་དེ་ཡི་མགོ་སྐྲ་ཡོངས་རྫོགས་དམར་པོར་བཏང་ཞིང་། ངོ་གདོང་གི་ཁྱོན་ལ་བྱུག་རྫས་བྱུགས་ཏེ་དཀར་ཐིང་ཐིང་བྱེད་ལ། ངོ་གདོང་ལས་ཀྱང་ཆེ་བའི་མིག་ཤེལ་ནག་པོ་དེས་ཅི་ཞིག་ཡིན་ཁུལ་བྱེད་ཀྱིན་འདུག ཡང་ན་ཅི་ཞིག་འགེབ་ཀྱིན་འདུག མོའི་རྟིང་ཀ་ཙོག་ཙོག་གི་འཇུར་རྟ་ཡུ་རིང་དེའི་ཐྲིག་ཐྲིག་གི་གོམ་སྒྲས་ཁྱེད་ཀྱི་བྲང་ཁ་ཡང་ཡང་བརྡུངས་འོངས། ཁྱེད་ཀྱིས་ཨམ་ཕྲག་ལས་ཐ་མག་བཙལ་ཏེ་དུ་བ་རྐང་གཅིག་ལ་མེ་བསྒོས་ནས་ཤུགས་ཀྱིས་བརྔུབས། གློ་བུར་དུ་རྒྱབ་ཕྱོགས་ནས་མི་ཞིག་གིས་ཁྱེད་ཀྱི་ཕྲག་པར་ལག་པས་རྡེབ་རྡེབ་ལན་འགའ་བྱས་བྱུང་བས། ཁྱེད་ཀྱིས་ཁ་ཕྱིར་འཁོར་ནས་ལན་ཅིག་བལྟས་པ་ན་མི་དེ་ནི་གྲོང་ཁྱེར་དོ་དམ་ཁུལ་ནས་རེད་འདུག ཁོས་ངག་ནས་ཅི་ཡང་མི་སྨྲ་བར་ངོ་གདོང་ནག་རོག་རོག་ངང་སྡིག་མཛུབ་ཅིག་བསྟན་ནས་ཁྱེད་ལ་དུ་བ་འཐེན་མི་ཆོག་པའི་བརྡ་བྱས།

ཁྱེད་ཀྱིས་དཔེ་ཚོང་ཁང་ནས་ཉོས་པའི་དཔེ་ཆ་རྣམས་རང་གི་མཆན་འོག་ཏུ་བཅུག་ནས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་ལ་ཞུགས། ལམ་བར་དུ་ཁྱེད་ཀྱིས་དོན་དག་མང་དག་ཅིག་ལ་འདང་རྒྱག་བྱས། སྔོན་ཆད་ཡིན་ན་གྲོང་ཁྱེར་དེའི་ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་དཀར་གང་སར་རྒྱུ་བཞིན་ཡོད་ཅིང་། ཉི་མ་ཡང་ཚ་ཆིལ་ཆིལ་ངང་འཕྲོས་འོངས་མོད། ལོ་ངོ་མང་པོ་ཕར་ལ་འདས་པའི་དེ་རིང་གི་དུས་འདིར། གྲོང་ཁྱེར་དེ་ནི་སྨུག་སྤྲིན་གྱིས་ཡོངས་སུ་བཏུམས་ཏེ་སྐྱ་ཐེར་ཐེར་ཞིག་ཏུ་གྱུར་ནས་ཉི་མའི་འོད་ཟེར་དང་། སྤྲིན་དཀར། ནམ་མཁའ་སྔོན་པོ། སྐར་ཚོགས་དང་ཟླ་བ་སོགས་ཀྱི་ཐ་སྙད་དེ་དག་ད་ལྟ་ལོ་རྒྱུས་ཀྱི་དེབ་ཐེར་དང་། ཚིག་མཛོད་ནང་དུ་མ་གཏོགས་མཐོང་རྒྱུ་མི་འདུག ན་བུན་ཇི་བཞིན་འཁྲིགས་པའི་གྲོང་ཁྱེར་དེའི་མཁའ་དབུགས་སྐྱ་བོ་དག་ཁྱེད་ཀྱི་མིག་ལམ་དུ་རྒྱུ་དུས། ཁྱེད་ཀྱི་སེམས་ཀྱི་ནམ་མཁའི་ཁྱོན་ལ་ཁ་བའི་འདབ་མ་སྐྱ་ལྷེབ་ལྷེབ་ཏུ་བབས་བྱུང་།

ཉི་མ་ནུབ་རིར་བཞུད་ལ་ཉེ། ཁྱེད་རང་རང་ཁྱིམ་དུ་སླེབས་དུས་དུས་ཚོད་འཕྱི་པོ་ཆགས་འདུག ཁྱེད་ཀྱིས་རང་ཁྱིམ་གྱི་སྒོ་མོ་དལ་གྱིས་ཕྱེས་ནས་ནང་དུ་འཛུལ་རྗེས་སླར་ཡང་སྒོ་མོ་དམ་དུ་མནན་བྱུང་། འབོལ་ཁྲིའི་ཐོག་ཏུ་བསྡད་རྗེས། ཁྱེད་ཀྱིས་མཆན་འོག་གི་དཔེ་ཆ་སོ་མ་དེ་དག་ལག་ཏུ་བླངས་ནས་སྔར་རྒྱུན་བཞིན་ལུས་སེམས་རྣལ་མས་དཔེ་ཆ་ལྟ་ཀློག་བྱ་མགོ་ཚུགས།

“མི་དེའི་ཀླད་པའི་དབང་རྩར་ན་ཚ་ཡོད་པ་མིན་ནམ།”

“མི་དེས་རང་ཉིད་ཤུབས་ཀྱི་བཙོན་རར་བཅུག་ནས་ཅི་བྱེད།”

“ཁོ་ནི་ཉེས་ཅན་ཞིག་ཡིན་ནའང་ཐང་།”

ཁྱིམ་མཚེས་ཚོས་སླར་ཡང་ཁྱེད་ལ་སྡིགས་མགོ་ཚུགས། འོན་ཀྱང་། ཁྱེད་ཀྱིས་ནམ་ཡང་ཁོ་ཚོར་ལེ་བདའ་དང་འཁང་ར་བྱ་མི་སྲིད། དེ་ནི་ཁྱེད་ཀྱི་རང་གཤིས་རེད། ཁོ་ཚོའི་ངོས་ནས་བརྗོད་ན། ཁྱེད་ནི་ནམ་ཡང་རྟོགས་དཀའ་བའི་མི་བུ་ལྐོག་གྱུར་པ་ཞིག་ཡིན། མི་དེ་དག་གིས་ཁྱེད་ལ་ཡ་མཚན་ཅན་གྱི་མིག་ཟུང་གིས་ལྟ་ཞོར་དེ་ལྟར་ལྐོག་ལབ་བྱེད་ཀྱིན་འདུག དེ་ནི་ཁྱེད་ཀྱི་སྣང་ངོར་ཁོ་ཚོ་སྨྱོན་པར་མཐོང་བ་ཇི་བཞིན། ཁྱེད་དང་ཉེ་འགྲམ་གྱི་མི་བུ་དེ་དག་ནི་འཇིག་རྟེན་གཅིག་ཏུ་འཚོ་བའི་མི་ཐ་དད་པ་གཉིས་ཡིན། ཡང་ན། ཁྱེད་དང་ཁྱིམ་མཚེས་ཚོ་ནི་འཇིག་རྟེན་གཉིས་སུ་འཚོ་བའི་གསང་བ་ཅན་གྱི་མི་བུ་རིགས་མི་འདྲ་བ་གཉིས་ཡིན། ཁྱེད་ཀྱི་ཡིད་ངོར། སྒོར་མོ་དང་ཆང་འཐུང་གར་རྩེད་ཁོ་ནའི་སླད་དུ་འདུར་རྒྱུག་བྱེད་པའི་ཁྱིམ་མཚེས་དེ་དག་ནི་ནར་མ་སོན་པའི་བྱིས་པ་ཞིག་གིས་གར་སྟབས་བྱེད་པ་དང་། རྫུ་འཕྲུལ་ཅན་གྱི་སྒྱུ་མའི་ཟློས་གར་ཁོ་ན་ཉིད་ལས་གཞན་ཅི།

ཁྱེད་རང་ཉིན་གང་པོར་ཁྱིམ་དུ་བསྡད་ནས་འཛམ་གླིང་གི་སྒྲུང་གཏམ་གྲགས་ཅན་མང་དག་ཅིག་ལ་ལྟ་ཀློག་བྱས་ལ། རང་ཉིད་ཀྱིས་ཀྱང་རྩོམ་ཡིག་མ་ཡིན་པའི་རྩོམ་ཡིག་མང་དག་ཅིག་བྲིས་ནས་དུས་དེབ་ཁང་དུ་བསྐུར་མྱོང་། འོན་ཀྱང་། དུས་དེབ་ཁང་མང་དག་ཅིག་གིས་ཁྱེད་ཀྱི་རྩོམ་ཡིག་གི་ནང་དོན་ཤེས་ཀྱིན་མི་འདུག མ་རེད། ཁོ་ཚོས་ཁྱེད་ཀྱི་ནང་སེམས་རྟོགས་ཀྱིན་མེད་པས། ད་རག་བར་དུ། ཁྱེད་ཀྱིས་རྔུལ་ཁྲག་དང་མིག་ཆུས་བྲིས་པའི་རྩོམ་ཡིག་དེ་དག་ཚགས་པར་དང་དུས་དེབ་ཁང་གཅིག་གིས་ཀྱང་སྤེལ་མ་མྱོང་། འོན་ཀྱང་། ཁྱེད་ཀྱིས་དོན་དག་དེའི་རྐྱེན་པས་དཔེ་ཀློག་ལ་བཅངས་པའི་བརྩེ་བ་རྣལ་མ་དེ་གཏན་ནས་བོར་མ་མྱོང་། ཁྱེད་ཀྱིས་སླར་ཡང་དུ་བ་རྐང་གཅིག་ལ་མེ་བསྒོས་ནས་ཤེད་ཀྱིས་བརྔུབས་ཤིང་། མིག་ཟུང་དཔེ་ཆའི་ངོས་སུ་ཧྲིག་ཧྲིག་ཏུ་ལྟ་བཞིན་འདུག

མུན་རུབ་སོང་། མུན་ནག་གི་མཚན་མོ་ནི་ཁྱེད་ལ་མཁོ་བའི་དུས་ཚོད་ཡིན། ཁྱེད་རང་དེ་ལྟ་བུའི་ཁ་ཁུ་སིམ་པའི་མཚན་མོའི་ནམ་ཟླར་ཧ་ཅང་དགའ། ཁྱེད་ཀྱིས་ལོ་མང་ཉར་ཚགས་བྱས་པའི་ཨ་རག་དམར་པོ་དེ་ཚུར་བླངས་ནས་རྔམ་འཐུང་བྱ་མགོ་ཚུགས།

“ཐག ཐག”ཁྱིམ་གྱི་སྒོ་བརྡུངས་བྱུང་། མཚན་མོ་དེ་འདྲ་ཞིག་ལ་སྒོ་རྡུང་མཁན་དེ་སུ་ཡིན་པ་ཁྱེད་ཀྱི་སེམས་ལ་ཁྲིགས་ཁྲིགས་ཡིན།”འོ། སླར་ཡང་ལོ་ངོ་གཅིག་ཕར་ལ་འདས་སོང”ཁྱེད་ཀྱིས་དེ་ལྟར་ཆིག་ལབ་རྒྱག་ཞོར། ཨམ་ཕྲག་ནས་དངུལ་ཁུག་ཕྱིར་བཏོན་ཏེ་སྒོ་འགྲམ་དུ་བསྐྱོད་རྗེས་སྒོ་མོ་ཕྱེས་ནས་སྒོ་རྡུང་མཁན་གྱི་མི་དེའི་ལག་ཏུ་སྒོར་ཉིས་བརྒྱ་ཁང་གླར་སྤྲད།

ཉིན་གང་གི་དུས་ཚོད་དེ་ལྟར་ཕར་ལ་འདས་སོང་། ཁྱེད་ཀྱིས་དཔེ་ཆ་ལྟ་ཀློག་བྱ་མཚམས་བཞག་སྟེ་འབོལ་ཁྲིའི་སྟེང་ནས་ཡར་ལ་ལངས་རྗེས་རང་ཁྱིམ་གྱི་གློག་འོད་ཀྱི་ཁ་བཀག་ནས་མལ་དུ་འཛུལ། གློ་བུར་དུ་ཁྱེད་ཀྱི་གྲོད་པ་ཧ་ཅང་ལྟོགས་བྱུང་བས། ཁྱེད་ཀྱིས་ད་གཟོད་རང་ཉིད་ཉིན་གང་དཔེ་ཀློག་ཁོ་ནར་མགོ་འཁོར་བས། ཁ་ལ་ཟས་ཁམ་གང་ཡང་ཟ་ཁོམ་བྱུང་མེད་པ་གཞི་ནས་རྟོགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།