ཀྲུང་གོ་བོད་ཀྱི་དྲ་བ།

ཤག་མཚེས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཚེ་དབང་རྡོ་རྗེ།   སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནམ་མཁའ་ཚེ་རིང་སོ་མ་ལས་ཚོགས་གྲོལ་ནས་མལ་ཤག་ཏུ་ཐོན་པ་ན། དྲོད་རླངས་ངར་མོས་ཁོའི་འཁྱག་སིབ་སིབ་ཀྱི་འགྲམ་པ་གཉིས་གློ་རྡེག་ལ་ངར་ཏེ་ཚ་བེར་བེར་བྱེད། ཁོས་རང་ལ་ཆུ་ཁོལ་ཕོར་བ་གང་བླུགས་རྗེས་གློག་ཀླད་མདུན་གྱི་རྐུབ་སྟེགས་དམའ་མོ་དེའི་སྟེང་ཙོག་མ་ཐག ཕྱི་སྒོ“ཁྲོག”སེ་ཕྱེས་ཏེ་ནང་ལ་མི་ཞིག་ཐོན་བྱུང་། ཁོས་རང་གི་ཤག་མཚེས་མཛེས་མ་དེ་ཐོན་ཐལ་སྙམ་སྟེ་སྒོར་བརྒྱུགས་ནས་དངོས་པོ་ཞིག་བཙལ་ཁུལ་བྱས་པ་ན། ཤག་མཚེས་རྒྱ་མོ་བཟའ་ཟླ་གཉིས་རེད། ཁོ་གཉིས་ཀྱིས་ལག་ཏུ་འགྱིག་ཁུག་མང་པོ་བཟུང་ཡོད་པའི་ནང་དུ་ཚོད་མ་དང་ཕག་ཤ བྱ་སྒོང་། སིལ་ཏོག ད་དུང་སྐོམ་ཆུ་དང་ཞོར་ཟས་མང་པོ་ཡང་ཉོས་ཡོད་པས། ཁོའི་སེམས་སུ་ཁོ་གཉིས་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་དངོས་མ་ཞིག་ཡིན་པ་འདྲ་སྙམ་སྟེ། བཅུད་ལྡན་གྱི་ཟས་མཆོག་དེ་རང་གིས་ཀྱང་ཟ་འདོད་ཀྱི་འགྲམ་ཆུ་ལྡང་ཞིང་། ཧ་ཅང་སྲེད་པའི་འགྲམ་ཆུ་སྐྱུར་རོ་ཞིག་རྒྱུ་མ་དང་མཆིན་པའི་གཏིང་རིམ་ནས་འཁྱག་སིབ་སིབ་ཏུ་ཁ་ལ་འཁྱིལ་ཡོང་།

ནམ་མཁའ་ཚེ་རིང་ཕྱིར་མལ་ཤག་ཏུ་ལོག་སྟེ་འགྱིག་ཁུག་དམར་པོ་དེའི་ཁ་ཕྱེས་ཏེ་སློབ་ཆེན་གྱི་ལོ་བཞིའི་རིང་ལ་སྤྱད་མྱོང་བའི་ལྕགས་སྡེར་འདང་ཆེན་པོ་དེའི་ནང་ལ་སྟབས་བདེ་ཐུག་པ་ཞིག་སྦངས་པ་དང་། སྒོ་འགྲམ་ནས་ཙོང་ཐུར་གཉིས་གྱི་ཤུན་པ་བཤུས་ཏེ་སྟབས་བདེ་ཐུག་པ་དང་བསྡེབས་ནས་རློན་འཆའ་བྱས། ཁོས་ནུབ་འཚལ་འགྲངས་ཐག་ཆོད་པ་ཞིག་འཐུངས་རྗེས་མདང་དགོང་བལྟ་འཕྲོར་ལུས་པའི་དཔེ་ཆ་དེ་བླངས་ནས་བལྟ་བསམ་ནའང་། དེ་རིང་ཉིན་གང་པོར་གློག་ཀླད་ཀྱི་མདུན་དུ་བསྡད་དེ་ས་ཐོ་གང་ལའང་མ་སོང་བས་ཨོང་ཤ་ན་བའམ་སྐེ་ཚིགས་ན་བ་ཅི་ཡིན་མི་ཤེས་པར་དངོས་གནས་ཐང་ཆད་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་འོངས།

“ཨ་ཡོ་ཤུ”ཞེས་ཁོས་དཔེ་ཆ་དེའི་ཁ་ཟུམ་རྗེས་མལ་ཁྲིའི་སྟེང་གན་རྐྱལ་དུ་བསྣར་ཏེ་ཚི་ལེན་དཀར་པོ་ཡར་བརྫེས་པ་དང་། དེ་ནས་འགྲངས་ཐག་ཆོད་པའི་ཕོ་བར་ཕུར་ཕུར་དང་བྱིལ་བྱིལ་རེ་བྱས་པས་ན། ངལ་ཅུང་སོས་པའི་སྣང་བ་སྟེར་ཞིང་། སེམས་སུ་དེ་རིང་ཀྲུའུ་རེན་གྱིས་གནང་བའི་ལས་ཀ་དེ་དོན་ངོ་མར་ལས་ཁུངས་དང་ངའི་ལས་བགོས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བྱ་བ་ཞིག་ཨེ་ཡིན་ནམ་སྙམ་པའི་ཐེ་ཚོམ་ཞིག་སྐྱེས། དེ་ནི་ཕལ་ཆེར་དགོན་པ་ཞིག་གམ་ཨ་ལགས་ཤིག་གི་སྨོན་ལམ་ཆེན་མོའི་སྐབས་ཀྱི་བསྔོ་སྨོན་ཡིག་སྒྱུར་གྱི་ལས་ཀ་ཞིག་རེད་སྙམ་སྟེ། ཁོ་ཀྲུའུ་རེན་གྱི་སྟེང་ལ་འཚིག་པ་གཏིང་ནས་ཟ་བཞིན“ཨ་ཕའི་རོ”ཞེས་མདུན་ཅོག་སྟེང་ལ་ཁུ་ཚུར་གྱིས་གཞུས།

སྐབས་དེར་སྒོ“ཁྲོག”སེ་ཕྱེས་ཏེ་མི་ཞིག་ནང་དུ་ཐོན་བྱུང་། ཁོ་མལ་ཁྲི་ལས་ཏག་སེ་ཡར་ལངས་ཏེ་སྒོར་བརྒྱུགས་ཤིང་ཐང་དུ་དངོས་པོ་ཞིག་བཙལ་ཁུལ་བྱས། མོ་ནི་ཏག་ཏག་ཁོས་སེམས་ཀྱིས་སྒུག་བཞིན་པའི་ཤག་མཚེས་བོད་རིགས་བུ་མོ་མཛེས་མ་དེ་རེད། མོས་སྐེ་དཀྲིས་སྔོན་པོས་ཁ་ངོ་ཚང་མ་གཅུད་འདུག་ནའང་། མིག་ཟུང་གཉིས་སྐེ་དཀྲིས་སྔོན་པོའི་སྐྱིབས་ན་ཧ་ཅང་ཆ་རྒྱུས་ལྡན་ཞིང་འདང་བརྩེ་ཡོད་པའི་གཉེན་ཉེ་ཞིག་ལ་སྐད་ཆ་བཤད་པ་དང་མཚུངས། མོ་སྒོ་འགྲམ་དུ་ཐོན་མ་ཐག་སར་བསྒུར་ནས་ཀོ་ལྷམ་ཕྱི་རྟིང་མཐོན་པོ་ཅན་དེ་ཕུད་རྩིས་བྱེད་སྐབས། སྐེད་པ་ཤིན་ཏུ་ཕྲ་ཞིང་ཕྱིར་བཀྱེད་པའི་འཕོངས་ཚོས་གཉིས་ལྒང་ལི་ཆུང་ཆུང་གཉིས་དང་འདྲ་བར་ཁོའི་མིག་མདུན་དུ་ཤར་ཡོང་བ་ན། ལུས་ཀྱི་དབང་རྩ་ཧྲིལ་པོར་ཤ་སྦྲིད་ཅིག་བརྒྱབ་བྱུང་། ཕྲ་ཞིང་མཉེན་པའི་སྐེད་པའི་འཁུར་ཏག་ཏག་ན་ཧ་ཅང་ཟ་འདོད་ཆེ་བའི་གོ་རེ་ཅོང་རྡོག་གཉིས་ཐུར་དུ་དཔྱངས་པ་ལྟ་བུའི་མྱོས་བུམ་ཟུང་ཅང་གིས་རེག་མ་མྱོང་བ་ལྟར་མཐོང་བས། ཁོའི་ཀླད་རྩ་ནས་སྒྱིད་པའི་རྩ་ཆེན་བར་ག་ག་ཚིལ་ཞིག་ལངས་ཡོང་། མོས་གདོང་གི་སྐེ་དཀྲིས་དེ་མར་བླངས་ཏེ་ཁྱིམ་དུ་འཛུལ་རྩིས་བྱེད་སྐབས་གསེར་གྱི་རྣ་རྒྱན་ཆ་མ་དེ་འོད་ལམ་ལམ་བྱེད་ཀྱིན་ཡོད་ལ། སྐེ་ན་ད་དུང་ཤ་གཟན་གྱི་རིལ་མ་ལྟར་ཆེ་བའི་གསེར་གྱི་མགུལ་རྒྱན་སེར་པོ་ཞིག་ཀྱང་འོད་ལམ་ལམ་བྱེད།

ནམ་མཁའ་ཚེ་རིང་གཞེས་ནིང་ལོར་སློབ་ཆེན་ནས་མཐར་ཕྱིན་པ་ཡིན་ཞིང་། ས་གནས་སྲིད་གཞུང་གི་གཞུང་ཞབས་པར་ཐེངས་གཉིས་ལ་རྒྱུགས་སྤྲད་མྱོང་ཡང་། ཁ་རྒྱུགས་ལེན་སྐབས་སུ་སྐར་ཆ་འགས་རྒྱུགས་ཚད་མ་ལོན་པས་རང་གནས་སུ་མི་ལུས་ཐབས་མེད་བྱུང་། ད་ལོར། ཁོས་དྲ་སྟེང་ནས་ཞིང་ཆེན་བརྙན་འཕྲིན་ཁང་ལ་མི་སྣ་བསྡུ་བའི་བརྡ་སྦྱོར་མཐོང་བས་གནའ་མཁར་ཟི་ལིང་དུ་ཡོང་ནས་ལས་རྐང་དེར་རྒྱུགས་སྤྲད། སྟབས་ལེགས་པ་ཞིག་ལ་ཁོ་ཚོའི་ཡིག་རྒྱུགས་དེ་གཞུང་ཞབས་པར་རྒྱུགས་སྤྲོད་སྟངས་དང་གཏན་ནས་མི་འདྲ་བར་བོད་ཡིག་གཙོར་བྱས་རྒྱ་བོད་ལོ་ཙཱའི་སྐོར་ཡིན་པས་ཁོས་བདེ་ལེགས་ངང་རྒྱུགས་འཕྲོད་པར་མ་ཟད། ཀྲུའུ་རེན་གཞོན་པ་ཞིག་གིས་ཁྱོད་ཀྱི་སྨྲ་བརྗོད་དག་ཅིང་སྐད་གདངས་གསལ་བའི་ཁར། ཕོ་སྒོ་ཡང་མི་ཆོག་པ་མེད་པས་རྗེས་ཕྱོགས་མདོ་འཛིན་པའི་ཕྱོགས་ལའང་འདང་བརྒྱབ་པས་ཆོག་ཅེས་བཤད་མྱོང་།

མི་སུ་ཞིག་ཡིན་རུང་གྲོང་ཁྱེར་དུ་འཚོ་སྡོད་བྱ་ན་ཐོག་མར་སྡོད་ཁང་གི་གནད་དོན་དེ་མྱུར་དུ་ཐག་གཅད་དགོས་པས། ཁོས་ཚགས་པར་དང་དྲ་བ། རྒྱ་སྲང་བཅས་ན་སྦྱར་ཡོད་པའི་ཁང་པ་ཕྱིར་གླ་བའི་བརྡ་སྦྱོར་བཙལ་བ་ཡིན། ཟི་ལིང་དུ་ཁང་པའི་གླ་ཡོན་ཤིན་ཏུ་དཀའ་སྟེ་སྒོར་མོ་སྟོང་གཉིས་ཡར་མར་རེད། ཡང་གཅིག་བཤད་ན་ཞིང་ཆེན་བརྙན་འཕྲིན་ཁང་དུ་ཁོ་ལྟ་བུའི་ལས་བྱེད་པ་གཡར་མ་ཤིན་ཏུ་མང་བས་ཟླ་གཅིག་གི་ཟླ་ཕོགས་སྒོར་ཉིས་སྟོང་བརྒལ་བ་ཙམ་ཡིན་པས། ཁོ་ཚོ་སུ་ལའང་འདུག་ཁང་སྐྱིད་པོ་ཞིག་གླ་རྒྱུའི་ཆ་རྐྱེན་མེད།

ཉིན་ཞིག ཁོ་རང་མི་རིགས་དགེ་ཐོན་སློབ་ཆེན་གྱི་ལོགས་སུ་ཁྲོམ་ར་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་སོང་བ་ན། ཕ་གིའི་གྱང་ངོས་སུ་ཁང་པ་ཕྱིར་གླ་བའི་བརྡ་ཁྱབ་ཅིག་སྦྱར་ཡོད་པས། ཁོས་ཞིབ་ཏུ་བལྟས་པ་ན། ཁང་པ་དེ་བརྙན་འཕྲིན་ཁང་དང་ཁད་ཉེ་བའི་ཁར། ཆུ་དང་གློག དྲོད་རླངས་སོགས་ཆ་ཚང་ཡིན། ཡིན་ནའང་སྟབས་མི་བདེ་ས་ཞིག་ཡོད་པ་ནི་ཁང་པ་གཅིག་ཏུ་ཁྱིམ་ཚང་གསུམ་འདུག་དགོས་པ་དེ་རེད། གང་ལྟར་རང་ཉིད་ད་དུང་མི་རྐྱང་ཡིན་པས་ཁང་པ་དེར་ཁང་གླ་སྒོར་དྲུག་བརྒྱ་སྤྲད་ན་ཆོག་པ་དང་། རང་ཉིད་གཅིག་པོས་དེ་འདྲའི་ཁང་ཆེན་ཞིག་གླ་དགོས་དོན་མེད་སྙམ།

སྐབས་དེར། ཁོས་མྱུར་ཏུ་ཁང་བདག་དེར་ཁ་པར་བཏང་སྟེ་དྲིས་པ་ན། ཁང་བདག་དེས“ཁྱོད་བོད་རིགས་ཤིག་ཡིན་ན་ལེགས་པོ་འདུག ངའི་ཁང་པའི་ནང་དུ་བོད་རིགས་བུ་མོ་ཞིག་ཀྱང་བསྡད་ཡོད། ཁྱོད་མྱུར་དུ་མི་འདུག་ན་ངས་ཁང་པ་མི་གཞན་ལ་གླ་རྒྱུ”ཞེས་བཤད་བྱུང་བས། ཁོས་ཁང་པ་དེ་མྱུར་དུ་གླ་རྒྱུར་སེམས་ཐག་ཡོངས་སུ་བཅད།

གཟའ་འཁོར་དེའི་གཟའ་ཉི་མའི་ཉིན། ཁོས་མལ་ཆས་དང་དཔེ་སྒམ་ལ་སོགས་ཅ་ལག་སྟབས་བདེ་པོ་དེ་དག་ཁུར་ནས་ཁང་པ་དེར་སོང་བ་ན། སྤྱི་ལེ་གྲུ་བཞི་མ་ལྔ་བཅུ་ལྷག་ལས་མེད་པའི་ཁང་པ་ཆུང་ཆུང་ཞིག་ཁང་མིག་གསུམ་དུ་བགོས་ཡོད་ཅིང་། སྒོའི་གཡས་གཡོན་དུ་ཁྱིམ་ཚང་གསུམ་པོས་མཉམ་སྤྱོད་བྱ་ཆོག་པའི་གཡོས་ཁང་ཞིག་དང་གསང་སྤྱོད་ཁང་གཅིག་ཡོད། ནམ་མཁའ་ཚེ་རིང་ལ་དབང་བའི་མལ་ཤག་ཆུང་ཆུང་དེའི་གཞི་རྒྱ་དེ་འདྲའི་ཆེ་རྒྱུ་མེད་ནའང་། ཉི་མ་ཤར་ཕྱོགས་སར་འཁོར་ཡོད་པས་ཁང་པ་དྲོན་པོ་ཞིག་ཡིན་པ་འདྲ།

ཉེ་སྔོན། ཁང་བདག་གིས་ཁོ་ལ་ལོ་ཕྱེད་རིང་གི་གློག་རིན་དང་ཆུ་རིན། ད་དུང་དྲོད་རླངས་བཅས་ཀྱི་རིན་པ་སྤྲོད་ཅེས་དོམ་འདེད་འདེད་དང་འབུག་གིས་གཙག་གཙག་འདྲ་བྱས་པ་ན། ཁོ་རང་དངོས་གནས་འུ་ཐུག་ཐབས་ཟད་དུ་གྱུར་ནས་བཟང་ས་དང་མཐུན་གྲོགས་མང་པོར་སྒོར་མོ་བསྐྱི་རུ་ཕྱིན་རུང་། ཁོའི་སློབ་གྲོགས་ཚང་མ་ཡང་རང་དང་མཉམ་པའི་འབྱོར་མེད་གྲལ་རིམ་གྱི་བརྟུལ་ཞུགས་སྐྱོང་མཁན་ཏག་ཏག་ཡིན་པས། ཁོས་ཟླ་བ་རེ་རེའི་ཟླ་ཕོགས་ལ་རེ་ནས་མི་འདུག་ཀ་མེད་བྱུང་། ཁ་སང་ཟླ་སྔོན་མའི་ཟླ་ཕོགས་བྱིན་མ་ཐག ཁོས་འཕྲལ་དུ་ད་ལོའི་དྲོད་རླངས་ཀྱི་རིན་པ་ཁང་བདག་ལ་སྤྲད་པ་རེད།

“ཨ་ཡོ་ཤུ—”ནམ་མཁའ་ཚེ་རིང་ཕྱིར་མལ་ཁང་དུ་ལོག་སྟེ་རྩིས་འཁོར་གྱི་ཁ་ཕྱེས་ཤིང་། ཁ་བྱང་ལ《འཚོ་བ》ཞེས་པའི་སྒྲུང་འབྲིང་ཞིག་བྲི་བསམས་ཏེ་མདང་དགོང་གི་སྒྲུང་གཏམ་བློས་བསླངས་ལ་ཕྱིར་དྲན་རེ་བྱས་ཀྱང་།

ཀླད་པའི་ནང་དུ་རྐུན་མ་བརྒྱུགས་པ་ལྟར་ཅི་ཡང་ཤར་རྒྱུ་མེད་པར་སྟོང་བར་ལུས་ཤིང་། ཤག་མཚེས་མཛེས་མ་དེའི་མིག་ཟུང་གི་མདའ་མོ་ནམ་ཡང་སེམས་ནས་འདོར་ཐུབ་མེད་པར་རང་རེའི་བརྙན་འཕྲིན་ཁང་གི་ལེ་ཚན་བསྐྱར་གཏོང་བཞིན་ཡིད་ལ་ཡང་ཡང་འཁོར་ཡོང་། ཁོའི་སེམས་སུ་མོ་ནི་ལས་བྱེད་པ་དངོས་མ་ཞིག་ཡིན་ནམ་ཡང་ན་ཁྱིམ་ཚང་རྒྱུ་ཆེན་ཞིག་གི་བུ་མོ་ཡིན། མོའི་སྐེ་ཧྲིལ་པོར་གསེར་གྱིས་བརྒྱན་འདུག་པར་བལྟས་ན་བུ་མོ་རྒྱུ་ཆེན་ཞིག་ཡིན་པ་ཁོ་ཐག་རེད་སྙམ།

མོས“ཙིར”སྒྲ་ཞིག་དང་ཆབས་ཅིག་མལ་ཤག་གི་སྒོ་ཕྱེས་པ་ན། ནམ་མཁའ་ཚེ་རིང་གློ་བུར་དུ་རྨི་ལམ་ལས་དཀྲོགས་པ་བཞིན་མྱུར་དུ་སྒོར་བུད་དེ་ཐང་ནས་ཅི་ཞིག་འཚོལ་བཞིན་པའི་ཉམས་བསྟན། དོ་དགོང་གི་དྲོད་རླངས་དེ་སླ་ང་ཚ་འདེ་ཞིག་མེ་ཡིས་བསྲེགས་པ་བཞིན་ཁོག་སྟོད་གཅེར་བུར་ཕུད་ཀྱང་དྲོད་ལམ་ལམ་བྱེད། མོས་དོར་མ་ཐུང་ཐུང་པུས་མོའི་ཚིགས་སུ་སླེབས་པ་ཞིག་དང་ཚི་ལེན་དཀར་པོ་ལྟེ་བའི་མཚམས་སུ་ཐོན་པ་ཞིག་གྱོན་ཏེ་གསང་སྤྱོད་དུ་འགྲོ་བཞིན་འདུག ཕྲ་ཞིང་ལྡེམ་པའི་ལུས་ཕུང་གཡས་གཅུ་གཡོན་གཅུ་ཙམ་བྱས་པ་ན། ཕོ་བ་རིལ་རིལ་སྟེང་གི་ལྟེ་བ་ནས་རྡོག་འདྲ་བོ་དེ་ཡར་ལྡིང་མར་ལྡིང་བྱེད་པ་དང་མཚུངས་ཤིང་། དོར་མ་ཐུང་ཐུང་དེར་ཁ་ལོང་ཙམ་ཡང་མེད་པར་ཕྲ་ཞིང་ལྡེམ་པའི་སྐེད་པ་ནས་མར་བབས་ཏེ་དཔྱི་མགོའི་མཚམས་སུ་ལྷུང་ཡོད་པས་ན། རྐུབ་ཤུར་ངོ་མ་ཡང་མཚམས་མཚམས་སུ་ལྷང་ལ་འབུད་ཐུབ་པས། ཁོའི་ལུས་ཀྱི་རྩ་ཆེན་ཡང་གློ་རྡེག་ལ་གཉིད་ལས་སད་དུ་བཅུག

མོ་གསང་སྤྱོད་ཁང་ལས་ཕྱིར་བུད་པ་དང་མཉམ་དུ་ཟུར་མིག་གི་མདའ་མོ་ཁོའི་གདོང་ལ་ཕོག་པས། ཁོའི་སྙིང་གི་དཀྱིལ་ལ་མེ་ཏོག་གི་ཆར་བ་གཏོར་བ་བཞིན་ཆགས་པའི་སྐོམ་གདུང་མ་ལུས་ཅིག་ཅར་དུ་སད་ཅིང་། མོའི་གདོང་གི་འཛུམ་མདངས་མཐའ་མ་དེས་ཁོའི་ཡིད་ཀྱི་སྐྱོ་བ་ཐམས་ཅད་རྨེག་མེད་དུ་བཅོམ།

ཁོ་རང་ཕྱིར་མལ་ཤག་ཏུ་ལོག་སྟེ་སྔས་འགྲམ་དུ་ལག་སྙོབ་ཅིག་བྱས་ཙ་ན། ཁ་སང་ཁང་བདག་གིས་བྱིན་པའི་གློག་རིན་མ་སྤྲད་པའི་ཆད་ཐོ་དེ་ལག་ཏུ་སོན་བྱུང་། ཁོས་ཞིབ་ཏུ་བལྟས་པར་ཟླ་བ་ལྔ་ལྷག་ལ་གློག་རིན་སྤྲད་མི་འདུག ཁོས་ཁ་པར་བླངས་ཏེ་ཀྲུའུ་རེན་ལ་ཁ་པར་ཞིག་བཏང་ནས་སྒོར་མོ་འགའ་བསྐྱི་བསམས་ཀྱང་། ད་ནི་མཚན་མོའི་དུས་ཚོད་བཅུ་བརྒལ་ཚར་བས་ཀྲུའུ་རེན་གཟིམས་འཇགས་གནང་ཟིན་འདོད་དེ་ཁ་པར་གཏང་མ་ཕོད། ཡང་གཅིག་བཤད་ན་ཀྲུའུ་རེན་དེར་ཆུང་མ་བཙན་པོ་ཞིག་ཡོད་པས་ཁོ་ཚང་གི་མཛོད་བདག་ཆུང་མ་ཡིན་པ་འདྲ།

“ད་ནི་སྔ་མོ་ནས་གཉིད”ཅེས་ཁོས་ཆིག་ལབ་རེ་རྒྱག་ཞོར་དུ་མལ་ཁྲིའི་སྟེང་བུད་དེ་ཉལ་རྩིས་བྱས་པ་དང་། དེ་ནས་མགོ་བོ་སྔས་ཐོག་ལ་བཞག་མ་ཐག “ཙིར—”ཞེས་མཛེས་མ་དེ་གསང་སྤྱོད་ལས་སྒོར་ཐོན་ཡོང་། ཁོ་རང་འགྲེ་ལྡོག་གཅིག་གིས་ཡར་ལངས་ཤིང་བརྒྱུགས་སོང་སྟེ་སྒོ་གསེབ་ནས་བཙན་གྱིས་བལྟས་པ་ན། གནག་ཅིང་སྣུམ་པའི་སྐྲ་ལོ་དང་འབུར་དུ་བཏོད་པའི་འཕོངས་ཚོས་གཉིས་ལས་ཅི་ཡང་མ་མཐོང་བས་བློ་འགྱོད་དང་བཅས་ཕྱིར་ལོག་སྟེ་མལ་ཁྲིའི་སྟེང་རྡོ་རྒན་ཞིག་ལྷུང་བ་བཞིན་གན་རྐྱལ་དུ་ཉལ།

“མོ་ལ་དགའ་རོགས་ཡོད་དམ།རྒྱུ་ཆེན་སུ་ཚང་གི་བུ་མོ་ཡིན་ནམ།དབང་ཆེན་སུ་ཞིག་གི་ཚ་མོ་ཡིན་ནམ། མོའི་ཡ་ཆུང་གི་སྙིང་དམར་གསེང་ལ་ང་ཆུད་དམ། མོའི་མཛའ་བརྩེ་ཡི་རྒྱ་མའི་སྟེང་ལ་ང་རན་ནམ”ནམ་མཁའ་ཚེ་རིང་གི་དྲན་ཤེས་ཡོད་ཚད་ཤག་མཚེས་མཛེས་མ་དེས་ཡོངས་སུ་བསླུས་ཚར་བས་མགོ་བོ་ཡང་བསྐྱར་རུམ་ལ་བཅུག་ཀྱང་གཉིད་ཟེར་བ་ཞིག་གཏན་ནས་མེད་སོང་།

ད་ནི་བདེ་བར་གཉིད་བསམས་ཀྱང་། མགོ་བོ་བསྙེས་སའི་རྩིག་ངོས་དེའི་ཕར་ལོགས་སུ་ཤག་མཚེས་མཛེས་མ་དེས་སྐད་སྙན་ཞིང་ངག་གཉོམ་པའི་ངང་རྒྱ་སྐད་ཀྱི་གླུ་དབྱངས་ཤིག་ལེན་བཞིན་པ་ཐོས་ཡོང་། ཁོས་གླུ་དབྱངས་དེར་རྣ་བ་གཏད་ནས་ཞིབ་ཏུ་ཉན་པ་ན། གླུ་དབྱངས་དེ་ནི་རྒྱའི་གླུ་མ་ལིག་རོ་དབྱིན་གྱིས་བླངས་པའི《འོ་ཇ》ཞེས་པ་དེ་ཡིན་ལ། མོའི་སྐད་ངག་སྙན་ཞིང་ཚིག་འབྲུ་གསལ་བའི་ཁར། རྒྱའི་སྐད་ཡིག་ལ་ཤིན་ཏུ་བྱང་བའི་ཉམས་ཤིག་ཐོན་འདུག་པས། ཁོའི་སེམས་སུ་མཛེས་མ་འདིས་རྒྱ་སྐད་ཀྱི་གླུ་དབྱངས་ལེན་པ་ལས། བོད་རིགས་བུ་མོ་ཞིག་གི་ཤ་གསེང་རུས་གསེང་དུ་ཐིམ་པའི་ལ་གཞས་ཤིག་ལེན་རྒྱུ་ན་ཅི་མ་རུང་སྙམ་སྟེ། ཁོས་རང་གི་མཁྲིག་མའི་ཆུ་ཚོད་འཁོར་ལོ་ལ་བལྟས་པ་ན། མཚན་གུང་གི་དུས་ཚོད་བཅུ་གཅིག་པར་བསླེབ་ལ་རན། ཅུང་མ་འགོར་བར་སྡེ་ཆེན་རྩེད་རའི་མགོ་བརྩམ་རྒྱུ་ཡིན་ལ། དེ་དུས་ངས་ཁྱོད་ཅིག་བལྟ་ཞེས་ཆིག་ལབ་རེ་རྒྱག་ཞོར་དུ་འགྲེ་ལོག་རེ་རེ་བརྒྱབ་སྟེ་བསྡད།

ཤག་མཚེས་མཛེས་མ་དེ་དང་ཁོ་གཉིས་ཀྱི་བར་གྱང་ལ་དངོས་ནས་གནད་དོན་ཞིག་ཡོད་དེ། སྐབས་ལན་རེར། ཁོས་ཁང་བདག་གིས་ངེད་གཉིས་ལ་བསམ་གཟས་ནས་འདི་ལྟར་བཀོད་སྒྲིག་བྱས་པ་ཡིན་ནམ་སྙམ་པ་དང་། མ་གཞི་ཁང་པ་འདི་མཛེས་སྤྲས་བྱེད་པའི་སྒང་ལ་རྩིག་ངོས་འདི་ཤིང་ལེབ་སྲ་མོ་ཞིག་གིས་འཕྲེད་དུ་བཅད་རྗེས་སྟེང་ལ་ཤིང་རྩི་དཀར་པོ་བྱུགས་པ་ཞིག་ཡིན། མོས་ཕར་ལོགས་ནས་རྐང་པ་ཡ་གཅིག་ཡར་བཀྱགས་ཏེ་རྐང་པ་གཞན་པ་དེའི་སྟེང་ལ་འཇོག་པའི་སྒྲ་ཡང་གསལ་པོར་ཐོས་ཐུབ་ལ། ཁོས་མཉམ་མ་བཞག་པར་ཨོང་རྡིབ་ཅིག་བྱས་ནའང་མོས་ཕར་ལོགས་ནས་དེའི་སྒྲ་གསལ་པོར་ཐོས་ཐུབ། ཐ་ན་མོས་སྣ་དབུགས་ཤིག་འབྱིན་ཀྱང་ཁོའི་ཤ་གསེང་སྦྲིད་དུ་འཇུག་པས། ནམ་མཁའ་ཚེ་རིང་གི་སེམས་ངོར་ཁོ་གཉིས་མལ་ཁྲི་གཅིག་གི་སྟེང་དུ་ཉལ་ཡོད་པའི་སྣང་བའང་སྦྱིན་པར་བྱེད།

ནམ་མཁའ་ཚེ་རིང་ལ་གཏན་ནས་གཉིད་མ་ཡོང་བར་ཕར་འཁོར་ཚུར་འཁོར་འགའ་བྱས་ཏེ་བསྡད་པ་ན། ཤག་མཚེས་མཛེས་མ་དེ་ཡང་གཉིད་མ་ཡོང་བར་ཕར་ལོག་ཚུར་ལོག་བྱེད་ཀྱིན་འདུག ཁོས་སེམས་སུ་རང་ཉིད་སློབ་ཆེན་པ་ཞིག་ཡིན་པ་དང་། བྱ་བ་ལས་སའང་ཞིང་ཆེན་བརྙན་འཕྲིན་ཁང་ཡིན་པས། ཉིན་ཞིག་མོ་བོས་ཏེ་ཇ་ཁང་ཞིག་ཏུ་སོང་སྟེ་སེམས་གཏམ་ཞིག་བརྗོད་པའི་སྐལ་བ་ལྡན་ཚེ། མོས་ང་རང་བློར་འབབ་ཀྱང་ཁྲིགས་ཁྲིགས་མེད་སྙམ། འོན་ཀྱང་མཉམ་འཇོག་རྒྱུ་ཞིག་ཡོད་པ་ནི་ཁོས་རང་གི་ལས་རྐང་གཡར་མ་ཡིན་པ་ཅིས་ཀྱང་མོ་ལ་གསང་དགོས། ང་ཚོའི་ཕ་ཡུལ་ལ་མཚོན་ན། ཞིང་ཆེན་བརྙན་འཕྲིན་ཁང་དུ་བྱ་བ་གཉེར་བཞིན་ཡོད་ཅེ་ན་དེ་ནི་སེམས་ཅན་ཀུན་གྱི་ཡིད་སྨོན་བྱེད་ས་ཡིན་ལ། ངས་ཀྱང་སེམས་ཅན་ཀུན་གྱི་མདུན་ནས་རང་ཉིད་ཅང་ཡིན་མདོག་གི་རྣམ་འགྱུར་བསྟན་མྱོང་ལ་ཁོ་ཚོས་ཀྱང་བདག་ལ་ཁ་མིག་ཡར་ལྟ་བྱེད་ཀྱིན་ཡོད། ཤག་མཚེས་མཛེས་མ་འདིའི་དྲུང་དུ་རང་ཉིད་ནམ་ཡང་ཆུང་ཆུང་ནས་ཆུང་ཆུང་ཞིག་ཏུ་འགྱུར་སླ་བ་ཅི་ཞིག་ཡིན་ནམ་ཞེས་རང་ཉིད་རང་ལ་ཡིད་མི་ཆེས་པ་ཞིག་ཏུ་གྱུར།

གལ་ཏེ་ངས་མོ་ཇ་ཁང་ཞིག་ཏུ་འཁྲིད་ཐུབ་པ་བྱུང་ཡང་ཇ་རིན་ལ་སྒོར་མོ་ག་ཚོད་སྟེར་དགོས་སམ། གྲོང་ཁྱེར་གྱི་བུ་མོ་མང་ཆེ་བ་སྒོར་མོ་འབོར་ཆེན་བཀོལ་ན་དགའ་བས། ང་མོར་ཐེངས་དང་པོར་མཇལ་སྐབས་འཚམས་འདྲིའི་ལག་རྟགས་ཅི་ཞིག་སྟེར་རམ།

ནམ་མཁའ་ཚེ་རིང་འདང་རྒྱག་གི་ནང་དུ་ལྷུང་སྟེ་འཕག་འཚག་ཅིག་བྱས་པ་ན། ཁོས་ད་གཟོད་རང་ཉིད་ཕོ་སྡུག་ཅིག་ཡིན་པ་གཞི་ནས་རྟོགས་ཤིང་། སྐྱེས་ཕོ་རབ་ཅིག་གི་མནའ་ཐང་རྫོད་མི་ཉན་སྙམ་སྟེ་དུས་ཆད་དེར་གཏིང་ཟབ་མོས་འདང་མ་བརྒྱབ། དེ་ལས་ཀྱང་འདང་མི་དཔོག་པ་ཞིག་ཡོད་པ་ནི་ཁོ་ཚོའི་ལས་ཁུངས་ལ་མཚོན་ན། ལས་ཀ་ཡོད་ཚད་ཁོ་ཚོ་ན་གཞོན་ཚོས་ལས་དགོས་ཤིང་། གླ་ཕོགས་མཐོན་པོ་རྒན་པ་ཚོས་འཁྱེར་འགྲོ་བས། ཁོ་རང་དེ་ལྟ་བུའི་སྒྲིག་སྲོལ་ལ་གཏན་ནས་འཐད་པ་མེད།

ཁོ་འགྲེ་ལྡོག་ཅིག་བརྒྱབ་སྟེ་ཁ་ངོ་གྱང་རྩར་འཁོར་བ་ན། ཁང་མིག་ཆུང་ཆུང་འདིར་དྲི་ཞིམ་གྱིས་ཁྱབ་པ་ལྟ་བུའི་ཚོར་སྣང་ཞིག་འགོག་མེད་དུ་སྐྱེས་ཏེ་ཁོ་རང་ར་བཟི་བར་གྱུར་ནས། ལག་པ་ཕར་བསྲིངས་ཏེ་མོར་འཐམ་འཁྱུད་བྱ་འདོད་པ་དང་། མོའི་སྐེ་ལ་དམ་པོར་འཁྱུད་དེ་འགྲམ་པར་སོ་རྒན་ཞིག་འདེབས་བསམས་ཀྱང་། གྱང་རྩི་དཀར་པོ་བྱུགས་པའི་རྩིག་པ་འདིས་ཁོ་གཉིས་ཀྱི་འཇིག་རྟེན་ཕྱོགས་གཉིས་སུ་ཕྱེས་ཏེ་ལེ་དབར་ཁྲི་ཕྲག་གི་བར་ཐག་ཆོད་པར་བྱས་སོང་།

མིན། ངེད་གཉིས་སྔས་ཐོག་གཅིག་ན་ཡོད། མོ་དང་ངེད་གཉིས་གདན་ཐོག་གཅིག་ན་ཡོད། མོའི་མགོ་བོ་བདག་གི་བྲང་ཁར་བརླན་ཡོད། མོའི་སྙིང་ཆུང་བདག་གི་སེམས་ན་རུམ་ཡོད། ངས་ད་ལྟ་མོའི་སྙིང་གི་འཕར་ལྡིང་ཐོས་ཐུབ། མོ་ད་དུང་གཉིད་མེད། མོའི་སེམས་སུ་ང་ཡོད། མོའི་སྙིང་ན་ང་ཡོད། ནམ་མཁའ་ཚེ་རིང་སྙིང་ནད་ཀྱིས་བཟུང་བ་ལྟར་སེམས་ལ་འདི་ལྟ་བུའི་ཧམ་སེམས་ཤིག་སྐྱེས་ཏེ་ཡིད་སེམས་དུས་ཡུན་རིང་པོར་གློད་མི་ནུས་པར། མཆུ་ཏོ་གྱང་རྩར་གཏད་དེ་ཉལ་བ་ན། ཁོས་ཤག་མཚེས་མཛེས་མ་དེའི་དབུགས་ཀྱི་འབྱིན་རྔུབ་ཐོས་ཡོང་།

ཤག་མཚེས་མཛེས་མ་དེས་དབུགས་སིར་སིར་དུ་ལེན་པར་བསམས་ན་མོ་གཉིད་སོང་བ་འདྲ། ནམ་མཁའ་ཚེ་རིང་གི་མལ་ཤག་ཆུང་ཆུང་གློ་བུར་དུ་ཇེ་འཁྱག་ཏུ་བུད་སོང་། དེ་ནི་དྲོད་རླངས་བཏང་ཚར་བས་རེད། ཁོས་མྱུར་དུ་སྒྲ་སྡུད་འཕྲུལ་ཆས་ཀྱི་ཁ་ཕྱེས་པ་ན། སྡེ་ཆེན་རྩེད་རའི་ལེ་ཚན་ཡང་བཏང་ཚར་འདུག ད་ནི་མཚན་གུང་གི་དུས་ཚོད་བཅུ་གཉིས་ཡོལ་ཟིན། ནམ་མཁའ་ཚེ་རིང་གི་སེམས་ཁམས་ཀྱང་ཇེ་འཁྱག་ནས་ཇེ་འཁྱག་ཏུ་གྱུར་སོང་། དེ་ནི་ཤག་མཚེས་མཛེས་མ་གཉིད་དུ་ཤོར་བས་རེད། ནམ་མཁའ་ཚེ་རིང་གིས་རྒྱུ་མཚན་མང་པོ་མང་པོ་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་ནའང་། ཁོར་སེམས་ཚེགས་ཆེས་ཆེ་བ་ཞིག་ཡོད་པ་ནི། སང་ཉིན་གྱི་གློག་རིན་ཇི་ལྟར་སྤྲོད་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།