ཀྲུང་གོ་བོད་ཀྱི་དྲ་བ།

རྔོན་པ་ཚེ་ལོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀླུ་བྱམས་རྒྱལ།   སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

“ཐེ་ཐེ་ཉིན་ལ་ཐེ། ཐེ་ཐེ་སྲིབ་ལ་ཐེ། སྤུ་མགོ་དཀར་པོ་སུག་ལ་ཐེ། སྤུ་ཐུང་ནག་པོ་ནོར་ལ་ཐེ། གླ་མཆེ་དཀར་པོ་དུང་ལ་ཐེ། གླ་སུག་ཕྲ་མོ་དགོ་ལ་ཐེ། གླ་ལྤགས་དཀར་པོ་གོས་ལ་ཐེ། གླ་རྩི་དྲི་ཆེན་སྨན་ལ་ཐེ། གླ་མགོ་འཇོང་ནར་ཁྱི་ལ་ཐེ།……”

རྔོན་པ་ཚེ་ལོ་ནི་ད་ལྟ་ན་གཞོན་ཞིག་ཏུ་གྱུར་ཡོད། ཡིན་ནའང་། ཁོ་དེ་རིང་སེང་གེ་རི་བོའི་སྟེང་ལ་རི་དྭགས་རྔོན་དུ་འགྲོ་དུས‘ཐེ་ལ་ཐེ་དགུ’ཟེར་བའི་བྱིས་གླུ་དེ་ལེན་སྙིང་བྱུང་སྟེ་དབྱངས་སུ་གྱེར་བ་དང་། ཁོའི་སེམས་སུ། དེ་རིང་ལག་ཏུ་གླ་བ་ཞིག་ཡོང་ན་ཅི་མ་རུང་སྙམ། བྱིས་གླུ་དེ་ནི་ཁོ་བྱིས་པ་ཡིན་དུས་ཁོའི་ཨ་ཕས་བསླབས་ཤིང་། ཨ་ཕ་ལ་ཨ་ཕའི་ཨ་ཕས་བསླབས་པ་ཡིན་པས། བྱིས་གླུ་དེ་ཁོ་ཚང་གི་མི་རབས་གསུམ་གྱི་ངག་ཏུ་བརྒྱུད་ཅིང་། ཁོའི་ཨ་ཕ་དང་ཨ་ཕའི་ཨ་ཕ་གཉིས་ཀྱང་རྔོན་པ་ཡིན་པས། ཁོ་ཚང་ལ་མི་རབས་གསུམ་གྱི་རྔོན་ཚང་གི་ལོ་རྒྱུས་ཡོད།

རྔོན་པ་ཚེ་ལོ་ཚང་ལ་མཚོན་ན། རི་དྭགས་རྔོན་པར་བརྟེན་ནས་ཁོའི་ཨ་ཕ་དང་ཨ་ཕའི་ཨ་ཕ་གཉིས་ཀྱི་རིང་ལ་སྡེ་བའི་ནང་ནས་ཁྱིམ་ཚང་ཕྱུག་པོའི་གྲས་སུ་གྱུར་ལ། ད་ལྟ་ཁོའི་རིང་ཡིན་ནའང་། སྔར་བཞིན་ཁྱིམ་ཚང་ཕྱུག་པོའི་གྲས་སུ་གྱུར་ཡོད། དེ་བས། ཁོས་ནམ་རྒྱུན་རྔོན་ལས་ལ་ནུས་ཤུགས་ཅི་ཡོད་འདོན་གྱིན་ཡོད།

སེང་གེ་རི་བོ་ནི་རི་བོ་ཧ་ཅང་ཆེན་པོ་ཞིག་སྟེ། སྔོན་ཆད་གནས་དེར་རི་དྭགས་ཀྱི་རིགས་སྨོས་ཅི་དགོས། སེང་གེ་དང་བཅས་པའི་གཅན་གཟན་གྱི་རིགས་ཀྱང་ཧ་ཅང་མང་བས། མིང་ལའང་དེ་ལྟར་ཐོགས་སྐད། ད་ལྟ། གནས་དེར་སེང་གེ་སོགས་གཅན་གཟན་དང་རི་དྭགས་མང་པོ་ཞིག་གི་རིགས་ནི་སྟོང་བར་གྱུར་ཡོད་ཀྱང་། གནའ་དང་དགོ་བ། ཤྭ་བ། ཝ། སྤྱང་ཀི། གཡི་སོགས་སྲོག་ཆགས་འགའ་ཞིག་ད་དུང་ཡང་འཚོ་ཞིང་གནས་ཡོད། སའི་བཅུད་དང་ནགས་ཀླུང་གི་ཚལ་ཡང་སྔོན་ཆད་ལས་ཉམས་དམས་སུ་གྱུར་ཏེ་གང་སར་བྱེ་ཟེགས་འདྲེས་པའི་ས་ནག་མང་པོ་ལྷང་ངེར་མངོན་འདུག་པ་ནི་བུ་མོ་མཛེས་མ་ཞིག་གི་གདོང་ལ་རྨ་ཁ་མང་པོ་བཏོད་ཡོད་པ་དང་མཚུངས་ལ། ནགས་ཀླུང་གི་ཚལ་ན་སྡོང་པོ་བཅད་ཤུལ་གྱི་ཡུ་ཐོ་མང་པོ་དཀར་སིང་ངེར་ཡོད་པ་ནི་བུ་མོ་མཛེས་མ་དེའི་སྐྲ་གསེང་ལ་སྲོ་མང་བཏབ་ཡོད་པ་དང་མཚུངས།

རྔོན་པ་ཚེ་ལོ་སེང་གེ་རི་བོའི་སྟོད་ཀྱི་ནགས་འདབས་སུ་འབྱོར་ནས་དུས་ཚོད་བཞི་ལྷག་ཕར་གཟུར་ཡང་གླ་བ་ཞིག་ལག་ཏུ་ག་ལ་ཆུད། ཐ་ན་རི་བོང་ཞིག་གི་གྲིབ་མ་ཙམ་ཡང་ཁོའི་མཐོང་ལམ་དུ་མངོན་མ་བྱུང་། ནམ་རྒྱུན། རྔོན་བྱེད་དུ་ཡོང་སྟེ་དུས་ཚོད་གང་འཚམ་ཞིག་གི་རིང་ལ་ཁོ་ལ་ལག་ཡོང་མོད་པོ་རེ་ཡོད་མོད། དེ་རིང་ད་དུང་ཡང་ཁོ་ལག་སྟོང་མཆན་སྟོང་གིས་བསྡད་ཡོད། དེ་ལྟ་ནའང་། ཁོས་སྔར་མུས་བཞིན་རི་དྭགས་ཤིག་ཨེ་མཐོང་གི་འདུན་པ་དྲག་པོས་ནགས་ཐ་ཐོར་སྐྱེས་ཡོད་པའི་གསེང་ཞིག་ན་འཇམ་ཅག་གེར་ཕྱོགས་གང་སར་མིག་འཚོལ་བྱེད་ཀྱིན་འདུག ཏག་ཏག་ཕྱི་དྲོའི་དུས་ཚོད་གཉིས་པའི་སྟེང་ཁོས་ཕ་གིའི་ཉིན་ཕྱོགས་ཀྱི་ཚེར་ཕུང་ཞིག་གི་འགྲམ་ན་ཝ་ཞིག་ཡོད་པ་མཐོང་།

2

བཤད་རྒྱུན་དུ། ཝ་ནི་ཧ་ཅང་གཡོ་སྒྱུ་ཆེ་བའི་སྲོག་ཆགས་ཤིག་ཏུ་བརྩི། སློབ་ཆུང་ནས་ལོ་གསུམ་ལ་མ་གཏོགས་བཏོན་མ་མྱོང་བའི་རྔོན་པ་ཚེ་ལོའི་དྲན་ངོགས་སུ། སློབ་ཆུང་ལོ་རིམ་གཉིས་པའི་བསླབ་དེབ་ངོས་སུ་བཀོད་ཡོད་པའི‘ཝ་མོ་དང་ཁྭ་ཏ’ཞེས་པའི་གཏམ་རྒྱུད་དེ་རུ། ཝ་དེས་གཡོ་སྒྱུའི་སྦྱོར་བ་ལ་བརྟེན་ནས་ཁྭ་ཏའི་ཁ་ནང་གི་ཤ་ལོག་ཕྲོགས་པ་ད་དུང་ཡང་གསལ་པོར་ཡོད། ཁོས་གཏམ་རྒྱུད་དེའི་ཚིག་འབྲུ་གཅིག་ཀྱང་ད་དུང་ཡང་གཏན་ནས་བརྗེད་མེད།

གནའ་སྔ་མོ་ཞིག་ལ། གཡུ་ལོ་བཀོད་པའི་ཞིང་ཁམས་ཞེས་འབོད་པའི་ནགས་རྫོང་སྟུག་པོ་ཞིག་གི་དཀྱིལ་དུ་སྡོང་རྒན་མཐོན་པོ་ཞིག་ཡོད། སྡོང་པོ་དེའི་མགོ་ན་ཁྭ་ཏ་ཞིག་གིས་ཚང་བཅོས་ཡོད་པ་དང་། སྡོང་རྩ་རུ་ཝ་མོ་ཞིག་གིས་ཁུང་བུ་བརྐོས་ཏེ་ཝ་ཚང་བཅོས་ཡོད། ཉིན་ཞིག་ལ་ཁྭ་ཏས་ཤ་ལོག་ཅིག་ཁུར་ཡོང་ནས་སྡོང་མགོ་རུ་ཟ་གྲབས་བྱེད་སྐབས། ཝ་མོས་སྡོང་རྩ་རུ་ཁྭ་ཏའི་མཆུ་ཏོའི་བར་གྱི་ཤ་ལོག་མཐོང་རྗེས། རང་དབང་མེད་པར་ཟ་འདོད་ཀྱི་ཧམ་པ་ལངས་ཏེ་ངག་སྒོ་འཇམ་ཞིང་སྐད་གདངས་དམའ་མོའི་ངང་ནས་འདི་སྐད་དུ། “ཀྭ་ཡེ་བདག་ལ་གསོན་དང་ཨ་ཁུ་ཁྭ་ཏ་ལགས། ཁྱེད་ཀྱི་ལུས་ནི་གསེར་ནག་གི་མདོག་ཡིན་པས། འཇིག་རྟེན་འདི་རུ་ཁྱོད་ལས་མཛེས་པའི་འདབ་ཆགས་ཤིག་སྔོན་ཆད་ཡོད་མ་མྱོང་ལ་རྗེས་སུའང་ཡོད་མི་སྲིད་དོ། །”ཞེས་ཁ་ཡག་ངོ་བསྟོད་བཤད་པ་ན། ཁྭ་ཏ་ང་རྒྱལ་སྐྱེས་ཏེ་འཛུམ་དམུལ་དམུལ་གྱིས་རང་ལུས་ལ་རང་གིས་ལྟ་ཞོར་གཤོག་རྡེབ་ཅིག་བྱས་ནས་བསྡད། ཝ་མོས་ཤ་ལོག་དེ་ཟ་མ་ཐུབ་སྟབས་ཡང་འདི་སྐད་དུ། “ཀྭ་ཡེ་ཡང་གཅིག་བདག་ལ་གསོན་དང་ཨ་ཁུ་ཁྭ་ཏ་ལགས། གོ་ཐོས་ལྟར་ན་ཁྱོད་ནི་བྱ་ཁུ་བྱུག་གི་ཚ་བོ་ཡིན་པས། ངག་བདེ་མོ་སྐད་སྙན་མོ་ཁྱོད་ལྟ་བུ་ཞིག་དེང་གི་དུས་འདིར་འཇིག་རྟེན་གྱི་ཁམས་འདིའི་འདབ་ཆགས་ཁྲོད་དུའང་གོ་རྒྱུ་མི་འདུག་ཟེར་མོད་ཀྱི། འོན་ཏེ་མགོ་ནག་བོད་ཀྱི་གཏམ་དཔེ་ལ‘ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ’ཟེར་བས། བདེན་མི་བདེན་སུས་ཤེས། གལ་ཏེ་བདེན་ན་དེ་རིང་ཁྱོད་ཀྱིས་སྙན་མོའི་སྐད་དང་བདེ་མོ་ངག་གི་དབྱངས་རྟ་ལ་བཀུག་ནས་གླུ་ཞིག་ལོངས་དང་། ངས་སྒྲ་འཛིན་རྣ་བ་ཁྱེད་ལ་གཏད་དེ་གླུ་ལ་ཉན་ནོ། །”ཞེས་བཤད་པ་ན། ཁྭ་ཏ་སྔར་ལས་ཀྱང་ང་རྒྱལ་སྐྱེས་ཏེ་ངོ་གདོང་ཝ་མོ་ལ་འཁོར་བཞིན་སེམས་ལ། ངས་དེ་རིང་ཝ་མོ་གླེན་པ་འདིའི་མདུན་ནས་སྔོན་ཆད་གོ་མ་མྱོང་བའི་གླུ་སྙན་ཞིང་འཇེབས་པ་ཞིག་མ་བླངས་ན། རྗེས་སུ་ཁོ་དང་འདབ་ཆགས་གཞན་གྱིས་འཕྱ་སྨོད་བྱེད་རྒྱུ་རེད་བསམས་ཏེ། “ཨ་བ”ཞེས་ཁ་གདངས་པ་དང་མཉམ་དུ་ཁའི་ནང་གི་ཤ་ལོག་ས་ལ་ལྷུང་སོང་། ཝ་མོས་ཤ་ལོག་ཁུར་ཏེ་དགོད་མ་འཛུམ་གྱི་ངང་ནས་ཁུང་བུའི་ནང་དུ་འཛུལ་སོང་ངོ་། །

རྔོན་པ་ཚེ་ལོའི་སེམས་སུ། གཏམ་རྒྱུད་དེའི་ཚིག་འབྲུ་རེ་རེ་བཞིན་དེ་ལྟར་གསལ་ལྟང་ངེར་ཡོད། དེ་ལས་ཁོ་རང་དྲན་པ་བཟང་ཞིང་རིག་པ་གསལ་པོ་ཅན་ཞིག་ཡིན་པ་རྟོགས་ཐུབ། ཡིན་ནའང་། རི་དྭགས་བརྔོན་ཏེ་འཚོ་ཚིས་བསྒྲུབ་རྒྱུ་ནི་ཁོ་ཚང་གི་སྲོལ་ལུགས་ལྟ་བུར་གྱུར་ཡོད་པས། ཁོ་རང་སྨྱུ་གུ་འཛིན་མཁན་ཞིག་ནས་མེ་མདའ་འཛིན་མཁན་ཞིག་ཏུ་འགྱུར་དགོས་བྱུང་། གཏམ་རྒྱུད་དེས་ཐེབས་པའི་བག་ཆགས་མཐུག་པོ་དེའི་དབང་གིས་དེ་རིང་ཁོས་ཝ་དེར་སྙིང་རྗེ་ཏིལ་ཙམ་ཡང་སྒོམ་མི་སྲིད་པ་ནི་ཐག་གིས་ཆོད།

རྔོན་པ་ཚེ་ལོས་གཡོ་སྒྱུ་ཅན་གྱི་རིགས་སུ་བརྩི་བའི་ཝ་དེ་མཐོང་བ་ན། ‘མོ་སྟོན་ཕག་མགོ’ཞེས་པའི་གཏམ་རྒྱུད་ཁྲོད་ཀྱི་ཕག་ལོ་ཡིད་ལ་འཁོར་ཙམ་འཁོར་ཙམ་བྱས་བྱུང་། ཁོའི་བསམ་པར། དེ་རིང་རང་ཉིད་ཀྱི་སྟེང་ནའང་ཕག་ལོས་རི་དྭགས་རྔོན་དུས་ལ་ཅུང་ཟད་འདྲ་ས་ཞིག་འདུག་ཨང་སྙམ་ནས་ཁོང་དགོད་ཅིག་ཤོར་ཞིང་། དེ་ནས་ཕག་ལོ་དང་འདྲ་བར་ཝ་དེ་འཆོར་དུ་འཇུག་མི་རུང་སྙམ་སྟེ་མྱུར་བར་རྒྱབ་ཏུ་འཁུར་བའི་མེ་མདའ་ལག་ཏུ་བླངས་ཤིང་། ནགས་གསེང་གི་ཕ་བོང་ལེབ་མོ་ཞིག་གི་སྟེང་དུ་ཁ་སྦུབས་སུ་བསྡད་ནས། ཧ་ཅང་གཟབ་ནན་ངང་རྣམ་རིག་ཡོད་ཚད་གཅིག་ཏུ་བསྒྲིམས་ཏེ་ཝ་དེ་བོའུ་མིག་ཏུ་བླངས།

ཏག་ཏག་སྐབས་དེར། རྔོན་པ་ཚེ་ལོའི་གན་གྱི་ལྗོན་ཤིང་ཞིག་གི་སྟེང་ནས། བྱེའུ་ཆུང་ཞིག་གིས་རྐང་ལག་ཀྲབ་ཀྲབ་ཡང་ཡང་བྱེད་བཞིན“ཀྱུར་ཀྱུར་ཀྱུར། ཀྱུར་ཀྱུར་ཀྱུར། ཀྱུར་ཀྱུར་ཀྱུར……”ཞེས་སྐད་སྒྲ་ཡང་ཡང་སྒྲོག་པར་བྱེད། བྱེའུ་ཆུང་དེས་དེ་ལྟར་སྐད་སྒྲ་སྒྲོག་པའི་རྣམ་འགྱུར་ལ་བརྟགས་ན། ཧ་ཅང་འཚུབ་སྣང་ཞིག་གིས་ཁེངས་ཡོད་པ་རྟོགས་ལ་སྐད་སྒྲའི་ནང་དུའང་སྨྲེང་བ་ཞིག་འདྲེས་འདུག རྔོན་པ་ཚེ་ལོས་བྱེའུ་ཆུང་དེས་སྐད་སྒྲ་སྒྲོག་པ་ལ་དོ་སྣང་ཅི་ཡང་བྱེད་ཀྱིན་མི་འདུག

ཞིབ་ཏུ་མཉན་ན། བྱེའུ་ཆུང་དེས་རྔོན་པ་ཚེ་ལོ་ལ་བལྟས་ནས“མི་ངན་འདི། གདུག་ཅན་འདི། འཆི་མི་ཐུབ། ……”ཅེས་སྡིགས་དམོད་བྱེད་བཞིན་པ་དང་མཚུངས།

བྱེའུ་ཆུང་དེས་དེ་ལྟར་སྐད་སྒྲ་སྒྲོག་དུས། རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་རི་ཤོད་དུ་ནོར་ལུག་འཚོ་བའི་རྫི་བོ་ཞིག་གི་གཞས་གསལ་ལ་མི་གསལ་བ་ཞིག་རི་སྟོད་དུ་མཆེད་བྱུང་། དེ་ནི་རྡུང་ལེན་པ་བདུད་བྷེའི‘རི་དྭགས་སྐྱོ་གླུ’རེད།

སྟོད་རྫ་ལུང་རི་ལུང་ནང་ནས། །

ཤྭ་རི་སྐྱེས་རི་དྭགས་མ་བུ། །

སྐྱིད་ཅི་ཡོད་རྫ་མགོའི་རི་དྭགས། །

འདང་ལོས་ཡོད་མ་བུའི་བརྩེ་འདང་། །

རླུང་བསེར་བུ་སྔོན་ནས་གཡུག་གི། །

ཆུ་ཆར་བས་གཞུག་ནས་དེད་རུང་། །

མ་དྲིན་མོ་ཆེ་ཡི་རྩིབ་རེད། །

སྐྱིད་མེད་རུང་སྐྱོ་བ་སངས་གི། །

ཁྱོད་རྔོན་པ་ཞེ་ནག་ཐོན་ནས། །

བདུད་སྲིན་པོའི་རང་གཟུགས་བསྟན་དུས། །

ཐོག་འདྲ་བའི་སྐད་ཅིག་གྲགས་གི། །

ངའི་མ་ལོའི་སྲོག་ལ་བབས་ཐལ། །

ངའི་མིག་ནས་གློག་ཞགས་འཚུབ་ཐལ། །

……

3

ནགས་གསེང་གི་ཕ་བོང་དེའི་སྟེང་དུ། རྔོན་པ་ཚེ་ལོས་དེ་ལྟར་ཝ་དེ་བོའུ་མིག་ཏུ་བླངས་ནས་བལྟས་པ་ན། གཟུགས་དབྱིབས་སྤྱང་ཀི་དང་འདྲ་ཞིང་། འགྲམ་པ་དོག་ཅིང་མཆུ་ཏོ་རིང་བ། རྣ་བ་ཆེ་ཞིང་མཇུག་མ་རིང་བ། སུག་བཞི་ཐུང་ཞིང་སྡེར་མོ་རྣོ་བ། གྲ་ཁ་དམར་སེར་ཡིན་ལ་རྫི་གསང་དོད་པའི་ཝ་དེའི་ལུས་ཧྲིལ་པོ་མཐོང་ལམ་དུ་གསལ་ལེར་མངོན་ཞིང་། དེ་ནས་དེ་ཡང་ཁོ་དང་འདྲ་བར་རྣམ་རིག་ཡོད་ཚད་གཅིག་ཏུ་བསྒྲིམས་ཏེ་ཕར་ལ་བལྟས་ནས་ནུས་ཤུགས་ཡོད་རྒུས་མདུན་ཕྱོགས་སུ་མཆོང་ལོས་འགྲོ་སྙམ་པའི་ཚུགས་ཀ་ཞིག་མངོན་ནས་འདུག་པ་མཐོང་། ཨ་ཙི། ཚུགས་ཀ་དེ་ནི་ཅི་འདྲའི་མཚར་པོ་ཞིག་རེད་ཨང་། རྔོན་པ་ཚེ་རིང་གི་འཆར་གཞི་ཡིན་ན། ཝ་དེ་བོའུ་མིག་ཏུ་བླངས་མ་ཐག་སྲོག་ལ་གཟས་ནས་མེ་མདའ་འཕེན་རྒྱུ་དེ་ཡིན་མོད། ཝ་དེའི་ཚུགས་ཀ་མཚར་པོ་དེའི་དབང་གིས་ཁོས་བོའུ་མིག་ཏུ་བླངས་མ་ཐག་མེ་མདའ་མ་འཕངས་པར་མཚར་སྣང་དང་བཅས་ཏེ། ཚེར་ཕུང་འགྲམ་གྱི་ཝ་དེའི་མདུན་ཕྱོགས་སུ་བལྟས་པ་ན། ཝ་དེ་དང་ཐག་མི་རིང་བའི་མདུན་ཕྱོགས་ན་གཡི་ཞིག་གིས་བག་ལྷོད་པོས་གཟན་ཞིག་ཟ་བཞིན་ཡོད་པ་མཐོང་།

མ་གཞིར། ཝ་དེས་ཀྱང་རང་གི་འཚོ་ཚིས་ཀྱི་ཆེད་དུ་མདུན་ཕྱོགས་ཀྱི་གཡི་དེ་འཛིན་རྩིས་བྱེད་བཞིན་ཡོད་པ་མ་ཡིན་ནམ། རྔོན་པ་ཚེ་ལོས་ད་རག་བར་སྣང་ཚུལ་འདི་འདྲ་ཞིག་གཏན་ནས་མཐོང་མ་མྱོང་།

ལྟ་སྟངས་དེ་བརྒྱུད་ནས། རྔོན་པ་ཚེ་ལོས་ཝ་དེའི་མདུན་ཕྱོགས་ཀྱི་གཡི་དེ་མཐོང་བ་ན། ཁོའི་སེམས་སུ་ཚོར་སྣང་ཡ་མཚན་ཞིག་བྱུང་སོང་། ཚོར་སྣང་ཡ་མཚན་དེ་ནི་ཁོས་ཧ་ཅང་གཟབ་ནན་ངང་རྣམ་རིག་ཡོད་ཚད་གཅིག་ཏུ་བསྒྲིམས་ཏེ་ཝ་དེ་བོའུ་མིག་ཏུ་ལེན་དུས། ཝ་དེས་ཀྱང་ཁོ་དང་འདྲ་བར་ཧ་ཅང་གཟབ་ནན་ངང་རྣམ་རིག་ཡོད་ཚད་གཅིག་ཏུ་བསྒྲིམས་ཏེ་གཡི་ཞིག་གི་སྟེང་ལ་མཆོངས་ཏེ་འཛིན་འཆར་ཡོད་པ་དེས་བསླངས་པ་རེད། ཚོར་སྣང་ཡ་མཚན་དེ་བྱུང་མུར་ཁོས་སྔོན་ཆད་རང་གི་ཨ་ཕས་རྔོན་བྱེད་པའི་སྐབས་ཀྱི་འདས་དོན་ཞིག་དྲན་བྱུང་།

ལོ་ངོ་བཅུའི་ཡར་སྔོན་གྱི་དབྱར་ཁའི་ཉིན་ཞིག་ལ། རྔོན་པ་ཚེ་ལོ་ཁོའི་ཨ་ཕས་ཁྲིད་ནས་རི་མགོར་རྔོན་བྱེད་དུ་སོང་། དེའི་དུས། ཚེ་ལོ་ལོ་བཅུ་དྲུག་ལ་སོན་ཙམ་སྟེ། ཕོ་ལོ་བཅོ་ལྔ་ཟེར་བ་ལྟག་གར་བསྐྱུར་ཡོད་ཀྱང་། དར་མ་ཞིག་དང་བསྡུར་ན་ན་ཚོད་ཧ་ཅང་ཆུང་།

ཉིན་དེར། ཚེ་ལོ་དང་ཁོའི་ཨ་ཕ་གཉིས་སྔ་གཞུག་བྱས་ནས་རི་མགོར་འགོས། ལམ་བར་དུ། ཚེ་ལོའི་ཨ་ཕས་ཁོ་ལ་རྔོན་བྱེད་སྟངས་ཀྱི་ཤེས་བྱ་དང་ཉམས་མྱོང་མང་པོ་ཞིག་བཤད་བཞིན་སོང་བས། རི་མགོར་ཇི་ལྟར་སླེབས་པ་ཡང་མ་ཤེས། ཁོ་གཉིས་ནགས་འདབས་ཤིག་བརྒྱུད་དུས། ཚེ་ལོའི་ཨ་ཕས་ནགས་ཐ་ཐོར་གྱི་གསེང་ཞིག་ཏུ་འཕར་བ་ཞིག་ཡོད་པ་མཐོང་ཞིང་། དེ་འཕྲལ་མྱུར་དུ་འཕར་བ་དེར་མེ་མདས་བརྒྱབ་སྟེ་གན་དུ་ཕྱིན་པ་ན། བློ་ཡུལ་ལས་འདས་པ་ཞིག་ལ་མདེའུ་དེས་འཕར་བ་དེ་མ་ཟད། འཕར་བ་དེ་དང་ཐག་མི་རིང་བའི་དྲང་ཐད་ན་འཕྱི་བ་ཞིག་ཀྱང་བསད་ཡོད་པ་མཐོང་། ཚེ་ལོའི་ཨ་ཕས་ཚེ་ལོ་ལ་བལྟས་ནས“ཧ་ཧ། ཅི་འདྲ་རེད། མདའ་གཅིག་གིས་ཤྭ་བོ་ཉིས་སོད་ཟེར་བ་འདི་འདྲ་ཞིག་ཡིན་ནི་རེད”ཅེས་སྨྲས་པར། ཚེ་ལོས་མཚར་སྣང་དང་བཅས་ཏེ“ཨ་ཕ། ཁྱོད་ཀྱིས་སྲོག་ཆགས་འདི་གཉིས་ཀ་མདེའུ་གཅིག་གིས་ཇི་ལྟར་བསད་པ་ཡིན་ནམ”ཞེས་དྲིས། ཚེ་ལོའི་ཨ་ཕས“དེ་ནི་ང་མདའ་བ་ཡ་མེད་ཡིན་པའི་རྟགས་རེད”ཅེས་སྨྲས་བྱུང་། དེ་ནི་སེམས་ལ་འབབ་པའི་ལན་གསལ་པོ་ཞིག་མིན་ཡང་། དེ་ལྟར་བཤད་དུས་ཚེ་ལོའི་ཨ་ཕ་ནི་གཟི་བརྗིད་དང་གྲུང་ཉམས་ཀྱིས་ཁེངས་འདུག་པས། ཚེ་ལོའི་སེམས་སུ་མདའ་བ་ཡ་མེད་ཡིན་པའི་རྟགས་ནི་དངོས་གནས་དེ་འདྲ་ཞིག་ཡིན་པར་ཡིད་ཆེས།

ཚེ་ལོ་ཁོ་རང་ལ་མཚོན་ན། ཉིན་མོ་དེ་ནི་ཁོའི་མི་ཚེའི་ལོ་རྒྱུས་སྟེང་གི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་ཏེ། དེ་ནས་བཟུང་། རང་ཉིད་ཀྱང་མ་འོངས་པར་ཨ་ཕ་ལྟ་བུའི་རྔོན་པ་ཡ་མེད་ཅིག་བྱེད་དགོས་སྙམ་ལ། རྔོན་ལས་ལ་ཤིན་ཏུ་དགའ་བར་གྱུར་ཅིང་། དེའི་ཕྱི་ཉིན་ནས་མགོ་བརྩམས་ཏེ་རྔོན་ལས་ལ་དངོས་སུ་ཞུགས།

རེད་དེ། མཐོང་སྣང་དེ་ལས་ཚེ་ལོས་སྔོན་ཆད་ཨ་ཕས་མདེའུ་གཅིག་གིས་སྲོག་ཆགས་གཉིས་ཇི་ལྟར་བསད་པ་ཁོས་ད་ནི་གསལ་པོར་རྟོགས་བྱུང་།

ཝ་དེ་དང་ཐག་མི་རིང་བའི་མདུན་ཕྱོགས་སུ། གཟུགས་དབྱིབས་བྱི་ལ་ལས་ཅུང་ཟད་ཆེ་ཞིང་རྔ་མ་ཐུང་བ། སྤུ་མདོག་སེར་སྐྱ་ཡིན་ཞིང་རྣ་རྩེར་སྤུ་རིང་པོ་ནག་པོ་སྤུ་རྭ་ལྟར་ཡོད་པའི་གཡི་དེས་གཟན་ཟ་བཞིན་ཡོད་པས། རང་གི་རྒྱབ་ཕྱོགས་ན་ཝ་ཞིག་གིས་རང་ཉིད་འཛིན་འཆར་ཡོད་པ་གཏན་ནས་ཚོར་གྱིན་མི་འདུག་པ་དང་། ཝ་དེས་ཀྱང་རྣམ་རིག་ཡོད་ཚད་གཡི་ཡི་སྟེང་ལ་བསྒྲིམས་ཏེ་བལྟས་ཡོད་པས། རང་གི་རྒྱབ་ཕྱོགས་ན་རྔོན་པ་ཞིག་གིས་བོའུ་མིག་ཏུ་བླངས་ཡོད་པ་གཏན་ནས་ཚོར་གྱིན་མི་འདུག་པ་རྔོན་པ་ཚེ་ལོས་རང་གི་མཐོང་སྣེ་བརྒྱུད་ནས་ག་ལེར་རྟོགས་པ་ན། ཁོའི་སེམས་སུ་གློ་རྡེག་ལ་རང་གིས་ཀྱང་མ་ཚོར་བ་མ་གཏོགས་རང་གི་རྒྱབ་ཕྱོགས་ནའང་སུ་ཞིག་གིས་རང་གི་སྲོག་ལེན་པར་ཡིབ་ལྟ་བྱས་ནས་བསྡད་ཡོད་ཨང་སྙམ་པའི་རྣམ་རྟོག་ཅིག་སྐྱེས་ཤིང་། དེའི་མུར་ཁོས་ཝ་དེ་བོའུ་མིག་ཏུ་ལེན་མཚམས་བཞག་སྟེ་ཕྱིར་ལྟ་ཞིག་བྱེད་དགོས་བྱུང་ལ། ཕྱིར་ལྟ་དེའི་ཁྲོད་ནས་ཁོས་རང་གི་རྒྱབ་ཕྱོགས་ནས་མགོ་སྐོག་སྐམ་པོ་ཞིག་དང་འདྲ་བའི་རྫ་རི་སྐྱ་ལོག་གེ་བ་ཞིག་གྱེན་དུ་འགྲེང་ཡོད་པ་དང་། དེའི་སྟེང་ན་མིང་མི་ཐོགས་པའི་འདབ་ཆགས་ནག་ལིང་ངེ་བ་ཞིག་གིས་ཁ་རོག་གེར་ཚུར་ཕྱོགས་སུ་བལྟས་ནས་བསྡད་ཡོད་པ་མཐོང་བས། ཁོའི་སེམས་པ་གློ་རྡེག་ལ་ཞེད་སྣང་ཞིག་གིས་ཁེངས་པར་གྱུར། དོན་དུ་མཐོང་སྣང་དེ་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་འབའ་ཞིག་ལས་མ་འདས་ཀྱང་། ཕྱིར་ལྟ་དེའི་ཁྲོད་ནས་ཁོས་ཅི་ཞིག་གསལ་ལེར་རྟོགས་སོང་སྟེ། སྐབས་དེར། ཁོས་མེ་མདའ་སར་བཞག་ཅིང་། ངག་ནས་རང་དབང་མེད་པར“རང་གི་རྒྱབ་ཕྱོགས་ནའང་ཡོ་གཟུར་མེད་པའི་རྒྱལ་ཁྲིམས་ཀྱི་གཉའ་ཤིང་འཛིན་མཁན་ཞིག་དང་། གཤིན་རྗེའི་རྟ་ལྕག་འཛིན་མཁན་ཞིག་གིས་དམིགས་བཙུགས་ནས་བསྡད་ཡོད་པ་མ་ཡིན་ནམ”ཟེར་བའི་ཆིག་ལབ་ཅིག་ཤུབ་བུར་ཤོར་སོང་།

4

སྤྲིན་པ་དུམ་བུ་འགའི་གྲིབ་ཆེན་ས་རུ་ཕར་ཕར་དུ་དལ་བུར་འགྲོ། ལྗོན་ཤིང་དག་གི་ཡལ་ག་དང་རྩི་ཤིང་གི་རིགས་ཀྱང་དལ་བུར་གཡོ་ཞིང་འགུལ།

རྔོན་པ་ཚེ་ལོའི་ངག་ནས་དེ་ལྟར་ཆིག་ལབ་ཅིག་ཤུབ་བུར་ཤོར་རྗེས་སྔོན་དུ་འཁོར་ནས་ཝ་དེར་བལྟས་བྱུང་། བློ་ཡུལ་ལས་འདས་པ་ཞིག་ལ་ཝ་དེས་གཟན་ཟ་བཞིན་པའི་གཡི་དེ་བཟུང་ནས་ཁ་ཟས་སུ་མ་བྱས་པར་མིག་མདུན་ནས་བསྐྱུར་ཏེ། སེང་གེ་རི་འདབས་ཀྱི་སྤང་ཁུད་ཅིག་ཏུ་ཤྭ་བ་ཤི་རོ་ཞིག་ཡོད་པ་དེའི་ཕྱོགས་སུ་འགྲོ་མགོ་བརྩམས་བྱུང་། སྣང་ཚུལ་དེས་ཁོ་ཡུན་རིང་ལ་བསམ་གཞིག་གི་ཀློང་དུ་དྲངས་བྱུང་། བསམ་གཞིག་བཏང་བཏང་རྗེས། རི་དྭགས་རྔོན་པ་ལ་བརྟེན་ནས་འཚོ་ཚིས་སྒྲུབ་པའི་ཁོའི་བསམ་བློ་ཡོངས་སུ་འགྱུར་ཏེ་ལས་ཀ་གཞན་ཞིག་ལ་བརྟེན་ནས་འཚོ་ཚིས་སྒྲུབ་འདོད་པའི་འདུན་པ་དང་བཅས་ཕྱིར་ཡུལ་དུ་ལྡོག་མགོ་བརྩམས།

ཕྱིར་ལྡོག་པའི་ལམ་དུ། ཁོས་མགོ་བོ་ཡར་དགྱེ་ནས་རང་ཡུལ་གྱི་ཕྱོགས་ལ་མིག་ཉུལ་ཞིག་བྱས་པ་ན། རང་ཡུལ་དུ་འཐེན་ཡོད་པའི་ལམ་ལའང་ཆེ་ཆུང་དང་བདེ་སྙོམས་མི་གཅིག་པ་མང་པོ་ཞིག་ཡོད་པ་མཐོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།