ཀྲུང་གོ་བོད་ཀྱི་དྲ་བ།

དཀར་པོའི་སྒོར་སྒོར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ནམ་མཁའ་བཀྲ་ཤིས།   སྤེལ་དུས། : 2018-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གུས་ཤིང་བརྩེ་བའི་རྩོམ་སྒྲིག་པ་ལགས།

ད་ནི་ངས་དོན་ཞིག་མི་ཞུ་ཀ་མེད་ལ་ཐུག་བྱུང་། ཡིན་ནའང་དོན་དེ་ཁྱེད་ལ་ཞུས་ཚེ་ཁྱེད་ཉིད་ཁྲེལ་དགོད་ཤོར་ངེས། ལོ་དེ་དག་ནང་ངས་འཚོ་བར་ཉམས་ཞིབ་ཡིན་ཁུལ་གྱི་བརྩམས་ཆོས་མང་པོ་ཞིག་བྲིས་ཏེ་ཉིད་ལ་བསྐུར་བ་དང་། སྐུ་ཉིད་ནས་ཀྱང་དེ་དག་ལ་བོང་བ་གསེར་གཟིགས་ཀྱིས་དུས་དེབ་ཐོག་བཏོན་གནང་བྱུང་བས། བཀའ་དྲིན་ཆེ། དྲང་པོ་ཞུས་ན་ངས་བྲིས་པའི་བརྩམས་ཆོས་དེ་དག་ལ་ཕྱིར་ལྟ་ཞིག་བྱེད་དུས་དོན་སྙིང་ཅི་ཡང་མི་འདུག དགོངས་པ་མ་ཚོམ། གལ་ཏེ་འཚོ་བ་ལ་ཡིད་ཆེས་ཤིག་ཡོད་ཚེ། ཡང་ན་མི་ཚེ་ལ་བདེ་སྐྱིད་ཅིག་དགོས་ཚེ། དེ་ནི་གཞན་གྱི་མི་ཚེ་སྔོག་པ་མིན་པར་རང་གི་མི་ཚེར་ཕྱིར་བལྟས་ཤིག་བསློག་རྒྱུ་རེད་འདུག

ཞོགས་པར་གྲོགས་པོས་ང་ལ་གྲོས་མགོ་དེ་འདོན་དུས། ངས་ཚམ་ཚོམ་ཅི་ཡང་མེད་པར་ཁས་ལེན་བྱས་པ་ཡིན། ངེད་གཉིས་ཀྱིས་ཇ་ཁང་ནང་གི་རྩི་བཞུད་ནས་སྐྱ་ཧྲལ་སྒོ་ཧྲལ་དུ་ཆགས་པའི་ཤིང་གི་ལྕོག་ཙེའི་མཐའ་འཁོར་དུ་བསྡད་ནས་དོན་དེར་གྲོས་བསྡུར་བྱས་ཤིང་། ཉིན་གཉིས་འདས་རྗེས་ལྕོག་ཙེ་འདི་གའི་མཐར་འཛོམས་ནས་ཆོད་སྡོམ་འཇོག་རྒྱུ་བྱས། གང་ཡིན་ཟེར་ན་དོན་དེ་ནི་ལྕོག་ཙེ་འདི་དང་འདྲ་བར་སུག་བཞི་ཐང་པོ་མེད་པར་ཙེ་རེག་ཙེ་རེག་ཅེས་ཟེར་ལ། ཕྱི་རྣམ་ལེགས་པོ་མེད་པར་ཚོན་ཁ་བཞུད་ནས་སྐྱ་ཐག་གེར་ཆགས་ཡོད་པས་ཡིན།

ལོ་འདི་དག་ནང་། ངས་ཀྱང་གྲོང་ཁྱེར་འདིའི་ལས་ཁུངས་ག་གེ་མོར་ཚར་རྒྱུ་རྫོགས་རྒྱུ་མེད་པའི་ཡིག་ཆའི་གསེང་དུ་ལང་ཚོའི་མཆོད་པ་ཕུལ་ཞིང་། དེ་བས་མཐོང་ཐོས་དྲན་རེག་ཏུ་གྱུར་པའི་དོན་དག་ཡོད་ཚད་རྩོམ་ཡིག་གི་ལམ་ནས་ཉིད་ལ་བསྐུར་ཡོད། གལ་ཏེ་ངའི་གྲོགས་པོས་ང་ལ་གྲོས་མགོ་དེ་བཏོན་མེད་ན། ངས་ཁྱེད་ལ་ཡི་གེ་འདི་བསྐུར་མི་སྲིད་པར་བརྩམས་ཆོས་ཤིག་བསྐུར་ཡོད་ཀྱང་སྲིད། ཡིན་རུང་ད་ནི་ངས་གནས་སྐབས་རྩོམ་ཡིག་མི་འབྲི། དེ་བས་ཁྱེད་ལ་ཉོག་གཏམ་ཡང་མི་ཤོད། ལྕོག་ཙེའི་ཐོག་ནས་གྷི་ལ་སི་ཡར་ལེན་དུས། ཇ་པ་ཏིའི་དྲི་ཞིམ་མངར་སིལ་སིལ་དུ་ཐུལ་བྱུང་ལ། ཕོ་བའི་ངོས་གང་རུང་ཞིག་ནས་དྭངས་ཁ་ཕྱེ་ཡོང་སྟེ་འཐུང་འདོད་འགོག་མེད་སྐྱེས་བྱུང་བས། ངས་བོད་ཐུག་ཕོར་པ་གང་དང་སོན་ལ་ཕུག་སྡེར་ཆུང་ཞིག ཤ་བག་ལེབ་གཉིས་བཅས་ཀྱི་ཞོགས་ཟས་ཚིམས་པ་ཞིག་ཟ་འདོད།

གྲོགས་པོས་གྲོས་མགོ་དེ་བཏོན་པ་ནས་བཟུང་། ངས་རྒྱུན་གཏན་དང་མི་འདྲ་བར་དུས་ཚོད་དམ་འཛིན་གྱིས་གཞུང་ལས་ཁང་དུ་སོང་བ་ཡིན། དེ་སྔོན་ཐེངས་གཅིག་སླེབས་མྱོང་བའི་གཞོན་པ་དེས་སྒོ་ཁར་བསྒུགས་ཡོད་ཅིང་། ང་མཐོང་དུས་གུས་གུས་ཞུམ་ཞུམ་དང་ཁ་ཚེག་ཚེག ལག་པ་གཡས་པས་ཡ་ཁུང་འཕུར་འཕུར་གཏོང་གིན། རྒན་ལགས། ངས་སྙན་ཞུ་འདི་ཁྱེད་ཀྱིས་གསུངས་པ་བཞིན་བཟོ་བཅོས་བྱས་ཡོད་པས་གཟིགས་ཙམ་གནང་རོགས་ཞེས་བཤད་བྱུང་།

ངའི་སེམས་ལ་མི་འདོད་པའི་འཁང་ར་ཞིག་སྐྱེས་མོད་ཁོ་ལ་ཅི་ཡང་མ་ལབ་པར་ངོ་ནག་རོག་རོག་ངང་ཁོ་རང་ནང་དུ་འཛུལ་བར་བསྒུགས།

རྒན་ལགས། ཐུགས་རྗེས་གཟིགས། ད་རེས་ཡིན་གཅིག་གཟིགས་རོགས། ངས་ཁྱེད་ཉིད་ཀྱིས་གསུངས་པ་ནང་ལྟར་བཅོས་ཡོད།

ཕ་གིར་ཞོགས་དང་། ད་ལྟ་ང་ལ་ཁོམ་པ་མེད་པས་ཁོམ་དུས་ཞིབ་མོར་བལྟས་ནས་དོན་དང་མཐུན་ན་དབུ་ཁྲིད་ལ་ཕུལ་ཆོག

ལགས་སོ། ། ལགས་སོ། ། དགོང་མོ་རྒན་ལགས་ལ་ཁོམ་པ་ཡོད་ཚེ་ངེད་ཚོ་ལྷན་དུ་ཞལ་ལག་སྟབས་བདེ་ཞིག་མཆོད་དོ་ཞེས་ཟེར་བྱུང་། ཁོས་ཁ་ཚེག་གེར་སྡོད་དུས་སོ་དེ་གྲལ་འགྲིག་ལ་སྐྱ་ཧྲོག་གེར་ཡོད་པས། གྲོགས་པོས་བཤད་པ་ལྟར་སོ་དཀར་པོ་དེ་འདྲ་ག་ཚོད་ཡོད་དམ་སྙམ་བྱུང་།

གྲོགས་པོའི་སྐད་ཆ་དྲན་པ་དང་། ངས་ཀྱང་ཁ་ཚེག་ངོ་ཚེག་གིས་རང་གི་རྣམ་འགྱུར་ལ་འགྱུར་བ་བཏང་ནས་ཁོ་ལ་འཛུམ་ཆུང་སྟོན་པ་ཡིན། ཁོས་ཨུ་ཚུགས་བྱས་རུང་ངས་དགོང་མོའི་ཁ་ལག་ལ་འགྲོ་རྒྱུ་ཁས་མ་བླངས། ལོ་གསར་ནས་བཟུང་སྟེ་ངས་བུ་མོར་བསྐོར་བ་ཐེངས་གཅིག་ཀྱང་རྒྱག་པར་སོང་མེད་པས། དེ་རིང་ཕྱི་དྲོ་ལྟ་ཙམ་བྱེད་པར་འགྲོ་དགོས་བསམས་བྱུང་། ཁྱེད་ཀྱིས་གསུངས་དང་། ང་ནི་ཨ་ཕ་ཡག་པོ་ཞིག་རེད་དམ།

ཁོ་རང་སོང་མ་ཐག་ངས་སྙན་ཞུ་དེར་ཞིབ་ཏུ་བལྟས་པ་ཡིན། སྲང་ལམ་གད་འཕྱིས་ཕྱགས་མཁན་ཚོའི་གླ་ཆ་སྤོར་རྒྱུའི་སྐོར་བྲིས་འདུག སྐབས་དེ་དུས་ངའི་ཡིད་ངོར་དེ་སྔོན་རང་གིས་ཐེངས་ཤིག་འགྱིག་བྱི་རིལ་གྱི་ཟས་རོ་ཞིག་ལམ་ཟུར་དུ་དོར་བ་དེ་གད་པ་ཨ་ཅག་ཅིག་གིས་མཐོང་ནས་མི་མང་དབུས་སུ་ང་ལ་བཀའ་བཀྱོན་ཚད་མེད་བཏང་བས་མ་ཚད། སྨྱུག་ཕྱགས་གཞུས་ཏེ་ཟས་རོ་ཡར་སྒྲུག་ཏུ་བཅུག་བྱུང་། སྒྲུག་ཏུ་བཅུག་པ་དེ་ལུགས་དང་མཐུན་མོད། ཁོང་མོས་མི་མང་དབུས་སུ་ངའི་ངོ་གདོང་ཆུ་ལ་གཡུགས་པ་དྲན་བྱུང་བས། སེམས་ལ་སྲིང་བལ་བར་འཚང་སྟོད་གོས་ཐོག་གཙང་སྦྲའི་གྱོན་གོས་སེར་པོ་ཞིག་གྱོན་པ་དང་། ལམ་འགྲོ་བ་རྣམས་ཀྱིས་འགྱིག་བྱི་རིལ་གྱི་ཕྱི་ཤོག་གམ་ཐ་མག་གི་གང་རོ་ཞིག་གཡུགས་ཚེ། ཁ་གནག་ངོ་གནག་གིས་དམོད་བོར་ལ། གྲང་རླུང་གིས་གློ་བ་ལྟར་ཆགས་པའི་ངོ་གདོང་ལས་འཇིགས་སྣང་གི་སྤྲིན་ནག་རྫ་རི་བཞིན་འཐིབས་པའི་རྣམ་པ་འཁོར་བྱུང་བས། རྣམ་འགྱུར་དེ་འདྲ་ལས་མེད་པར་གླ་ཆ་སྤོར་རྒྱུ། ངའི་སེམས་ལ་དེ་ལྟར་བསམས་པ་དང་། ཡང་གྲོགས་པོས་བཤད་པའི་གྲོས་མགོ་དྲན་དུས། གནོང་འགྱོད་ཅུང་ཟད་སྐྱེས་རུང་ཕྱིས་དྲགས།

ཡུད་ཙམ་སོང་རྗེས། སྔ་དྲོའི་ལས་ཀ་གྲོལ་སོང་བས། ང་ཁྲོམ་དུ་སོང་བ་ཡིན། སྐབས་དེར་རྒྱ་མི་ཆེ་བའི་འགྲོ་ལམ་ཐོག་ཁ་སྤྲོད་ནས་ནུབ་ལྭ་གྱོན་པའི་གཞོན་པ་ཞིག་ལག་ཏུ་ཀོ་ཁུག་ཅིག་ཁྱེར་ནས་ཡོང་བཞིན་འདུག་པས་ངས་ཁོ་ལ་ཁ་ཚེག་ཙམ་བྱས་པར། གཞོན་པ་དེས་མིག་ངན་ཞིག་བལྟས་བྱུང་བས། ངས་མིག་གཡོལ་བ་དང་སྦྲགས་ལམ་བཤངས་ཏེ་ཁོ་རང་འགྲོ་རུ་བཅུག

མི་ཚང་མས་ཁྲི་བརླགས་པའི་ངོ་གདོང་རེ་ཁྱེར་འགྲོ་དུས། བློར་མི་འགྲོ་བ་ཞིག་རེད། དགོད་ཙམ་བྱས་པར་འགྲོ་སོང་མེད་ལ་འཇིག་རྟེན་འདིར་འོད་སྣང་རྟ་རྔ་ཙམ་འཕྲོ་ངེས། གྲོགས་པོས་བཤད་པ་དེ་ག་རང་རེད་འདུག

གཞོན་པ་དེ་སོང་མ་ཐག ཝ་ཡེ། ཕར་ཙམ་བཤིག་ཅིག་ཅེས་པའི་སྐད་སྒྲ་ཞིག་རྒྱབ་ནས་གྲགས་པས། ངས་ཕྱིར་ལྟ་བྱེད་དུས་ལོ་ཉི་ཤུ་ལྷག་སོན་འདྲའི་བུ་མོ་ཞིག་རྐུབ་སྟེགས་ཆུང་ཆུང་ཞིག་གི་ཐོག་བསྡད་དེ་ཤིན་ཏུ་མཐོ་བའི་ཁང་བརྩེགས་གཉིས་པོའི་གསེང་ནས་འཕྲོ་ཡོང་བའི་ཉི་འོད་ཕྲ་མོ་དེ་བསྲོ་བཞིན་འདུག ཁོ་མོའི་ངོ་གདོང་ཐོག་པུ་ཏྲ་མཐུག་པོ་བསྐུས་ཡོད་པས་ཁྲག་མེད་པ་ལྟར་གྱུར་ཡོད་ཅིང་། མིག་གི་ཟེ་མར་ཡང་ནག་རྩི་བྱུགས་པ་དེ་ནི་ཆུ་ལས་ཐོན་མ་ཐག་པའི་ཞི་མིའི་སྨྲ་ར་དང་འདྲ་ཨང་།

དགུན་ཁའི་ཉི་མར་བདག་པོ་ཡོད་བྱས་པ་རེད། ཕར་བཤིག

ཁོ་མོས་དེ་སྐད་ཟེར་དུས། ངོ་ནག་རོག་རོག་ཡིན་པས་ངས་ཁོ་མོར་ཕྱོགས་ནས་ཁ་ཚེག་ཚེག་བྱས་པ་དང་དགོངས་དག་ཞུས། ཁོ་མོས་ང་ལ་མིག་ངན་ཞིག་ལྟ་བཞིན། ག་རེ་ལྟ་རྒྱུ་འདུག ངའི་གདོང་ལ་གསེར་ཐོན་གྱི་འདུག་གམ། མགྱོགས་ཙམ་ཕར་བཤིག་ཅེས་བཤད་བྱུང་།

དགོངས་པ་མ་ཚོམ། ངས་གྲོགས་པོས་སློབ་པ་ལྟར་སླར་ཡང་ཁོ་མོར་བཟོད་གསོལ་ཞུས་ཏེ་སོང་བ་ཡིན། བུ་མོ་དེ་ནི་ཕལ་ཆེར་གྱོན་ཆས་ཚོང་མཁན་ཞིག་ཡིན་འདུག་སྟེ། ཁོ་མོ་འདུག་སའི་སྒོ་ཐོད་དུ“དེང་རབས་དར་སྲོལ་གྱོང་ཆས”ཞེས་པའི་སྒོ་བྱང་ཞིག་བཀལ་འདུག

ཕར་ཙམ་སོང་གྲུབ་པ་དང་རྒྱབ་ནས་སྨྱོན་པ་ཞེས་པའི་སྐད་སྒྲ་གྲགས་ཡོང་བས། ངའི་སེམས་ནང་ཁོང་ཁྲོའི་མེ་ལྕེ་ལང་ལོང་དུ་འབར་མོད་བཟོད་སྒོམ་གྱི་ཆུ་གྲང་བླུགས་ནས་མུ་མཐུད་ལམ་ལ་ཞུགས་པ་ཡིན།

ཉིན་གུང་ངས་ཟ་ཁང་ཞིག་ཏུ་སོང་ནས་འབྲས་ཚལ་སྡེར་མ་གང་མངགས། སྐབས་དེར་གྱོན་པ་ཧྲལ་ཧྲུལ་གྱོན་ཅིང་། ངོ་གདོང་མ་བཀྲུས་ཐོག་མགོ་སྐྲ་ཟིང་བའི་ལོ་ཆུང་ཞིག་གིས་རྒྱབ་ཏུ་སྒྲ་སྒམ་ཆུང་ངུ་ཞིག་དྲུད་ནས་དངུལ་སློང་བར་སླེབས། ཁོས་ངའི་མདུན་དུ་སླེབས་པ་དང་སྒྲ་སྒམ་ཁ་ཕྱེ་ནས་གླུ་བླངས་རྗེས་ཁ་ཚེག་ཚེག་ངང་རྒན་ལགས། ཐུགས་རྗེས་གཟིགས། དངུལ་ཞིག་གསོལ་རས་གནང་རོགས་ཞེས་བཤད་བྱུང་།

ངས་ཁོ་ལ་གཏད་དེ་ཁ་ཚེག་ཚེག་ངང་དེང་སང་ལག་དངུལ་སྤྱོད་མཁན་ཉུང་ཉུང་ཡིན་ཞིང་། ཚང་མས་འཕྲིན་ཕྲན་ནས་དངུལ་སྤྲོད་རེས་བྱེད་པས། ངའི་ཁུག་མར་སྒོར་གཅིག་ཀྱང་མེད། ད་གང་འདྲ་བྱེད་དམ་ཞེས་བཤད་པས། ཁོས་དགོད་ཀྱིན་དུ་འཕྲིན་ཕྲན་ནས་སྟེར་རུང་ཆོག་ཅེས་ཟེར་གྱིན་ཁུག་མ་ལསvivoརྟགས་ཅན་གྱི་ཁ་པར་དཀར་པོ་ཞིག་བཏོན་པ་དང་། དེ་ནས་འཕྲིན་ཕྲན་ལས་ཐད་ཀར་དངུལ་ལེན་པའི་རྩ་གཉིས་བཤེར་རྟགས་བསྟན་བྱུང་། དེས་ང་རང་ཧང་སངས་སུ་བཅུག

    ཁོས་དགོད་ཀྱིན་དུ་དེང་སང་སློང་མོ་བྱེད་པར་ཁ་པར་མེད་ཚེ་དངུལ་ཡོང་གིན་མི་འདུག་ཅེས་བཤད་བྱུང་། ཁོས་སྐད་ཆ་དེ་ཤོད་དུས་མདུན་སོ་གཉིས་པོའི་བར་གྱི་ཁུང་བུ་དེ་ནག་ཧུབ་ཙམ་ཧུབ་ཙམ་བྱེད་ལ། ཡུན་རིང་ཁྲུས་མ་བརྒྱབ་་པས་སོ་དེ་དག་དེ་བས་དཀར་བར་མངོན་ཞིང་། ལག་ན་ཁྱེར་བའི་ཁ་པར་གྱི་མདོག་ཁ་དང་ཤིན་ཏུ་འདྲ་བས། དྲེག་པས་འཚོས་པའི་ལག་པའི་ནང་ཁ་པར་དཀར་པོ་ཞིག་བཟུང་དུས་ཤིན་ཏུ་མི་འཚམས་པར་སྣང་།

མར་རྒྱུགས། རྗེས་མ་ནས་ཤོག་དང་ངས་རྐང་པ་དེ་བཅག་གོ། །

ཟ་ཁང་སྦྱིན་བདག་གིས་དེ་ལྟར་བཤད་པས། ཁོས་ལག་པས་མགོ་བོ་འཕུར་འཕུར་གཏོང་གིན་ལགས་སོ་ལགས་སོ་ཞེས་བཤད་ནས་སྒྲ་སྒམ་དྲུད་དེ་སོང་ལ། སྒྲ་སྒམ་གྱི་འཁོར་ལོ་དང་ཨར་འདམ་བརྡར་བའི་སྒྲ་ཧོར་ཧོར་ཞེས་གྲགས།

ལོ་ཆུང་དུས་དཀའ་ལས་མ་བརྒྱབ་པར་སློང་ནས་བསྡད། རྗེས་མ་རྒས་དུས་འཚོ་བ་ཇི་ལྟར་སྐྱེལ་ལམ། རྒན་ལགས་ཁྱེད་རང་མི་དེ་ཚོར་དངུལ་སྟེར་ཚོད་མེད། སྦྱིན་བདག་གིས་ང་ལ་དེ་ལྟར་གསུངས་བྱུང་བས། ངས་ལགས་སོ་ལས་གཞན་ཞུ་མ་སྤོབས། ཕྱིར་ཟ་ཁང་ཕྱི་རོལ་ཏུ་ལྟ་དུས་ཁོས་ང་ལ་ལྟ་བཞིན་དགོད་ཚེག་ཚེག་བྱེད་ཀྱིན་འདུག

རྩོམ་སྒྲིག་པ་ལགས། ངས་ཁྱེད་ལ་ཆོ་མེད་པའི་སྐད་ཆ་མང་དག་ཅིག་བཤད་སོང་། དགོངས་པ་མ་ཚོམ། ཕྱི་དྲོ་ངས་དགོངས་པ་ཞུས་ཏེ་ངའི་བུ་མོར་ལྟ་བར་འགྲོ་རྒྱུ་བྱས་པ་ཡིན། ད་བར་ཚར་རྒྱུ་མེད་པའི་ལས་ཀའི་རྒྱ་ལས་མ་ཐར་བར་ངས་སྙིང་ཉེ་བའི་བུ་མོར་ལྟ་ཙམ་བྱེད་པར་ཡང་འགྲོ་མ་ཐུབ་པས། དེ་རིང་ཕྱི་དྲོ་ལས་ཁུངས་དབུ་ཁྲིད་ལ་ན་རྫུ་བཏབ་སྟེ་དགོངས་པ་ཞིག་ཞུས་པ་ཡིན། གྲོགས་པོས་གྲོང་ཁྱེར་དུ་གོམ་པ་གཞལ་ཏེ་སོང་ན་གཞི་ནས་ཕྱི་གསལ་ནང་གསལ་མཐོང་ངེས་ཞེས་བཤད་པས། ངས་རྒྱུན་གཏན་ལྟར་སྒེར་འཁོར་མ་བཏང་བར་རྐང་ཐང་མར་འཚང་ཁ་ཆེ་ཞིང་གྱ་གྱུ་མང་བའི་སྲང་ལམ་མི་ཉུང་བ་ཞིག་བརྒྱུད་རྗེས་གཞི་ནས་ཚལ་ཁྲོམ་དུ་འབྱོར། འདི་ཉོས་དང་ཕ་གི་ཉོས་ཟེར་བའི་སྐད་སྒྲ་དང་ཤ་རིགས་འདྲ་མིན་གྱི་དྲི་ངན་འདྲེས་མས་ང་རང་རྟབ་རྟབ་པོར་ཚལ་ཉོ་དགོས་བྱུང་། ཚལ་ཁྲོམ་ནས་ཐོན་དུས་རྒྱབ་ན་རྩ་སྒྱེ་ཁུར་བའི་ཨ་ཅག་ཅིག་གིས། རྒན་ལགས། ང་ལ་རྒྱ་སྐད་ཅིག་བསྐྱོན་རོགས་གནང་དང་། ཕྲུ་གུས་ཚལ་ཉོས་ཤོག་ཟེར་གྱིས། ངས་རྒྱ་སྐད་མི་ཤེས་པས་གོང་འདྲི་བྱེད་མི་ཐུབ་ཅེས་ཁ་ཚེག་ཚེག་ངང་གསུངས་བྱུང་བས། ངས་ཀྱང་ཁོང་མོར་རོགས་པ་བྱས་ཏེ་ཚལ་ཉོ་རོགས་བྱས། བྲལ་ཁར་ཁོང་མོས་ང་ལ་ཐུགས་རྗེ་ཆེ། ཁ་པར་ཨང་གྲངས་ཞིག་བཞག་གནང་དང་། ཐེངས་རྗེས་མ་ཡོང་དུས་ངས་ཁྱེད་ལ་གསོལ་མར་ཞིག་ཕུལ་ཆོག ངའི་ནང་དུ་བ་གསོ་ར་བ་བཙུགས་ཡོད་ཅེས་གསུངས་བྱུང་། ཁོང་མོས་དེ་སྐད་གསུངས་དུས་ཞལ་ནས་འཛུམ་མདངས་འཕྱུར་ཞིང་སྣུམ་ཞག་ཡོད་པས་བག་ཡོད་ཀྱི་ཉམས་ཤིག་མངོན་ལ། མིག་ཟུང་གཉིས་པོ་ནི་བྱིས་པ་ཞིག་གི་མིག་ཟུང་དང་འདྲ་བར་དྭངས་ཤིང་གཙང་།

ཁོང་མོས་ཨུ་ཚུགས་མཐར་སྐྱེལ་གནང་རུང་། ངས་དོན་ཆུང་དེ་འདྲར་ཐུགས་འཛེམ་གནང་དོན་མེད་ཅེས་ཤོད་དུས། རྒྱབ་ནས། བུ། ཁ་པར་ཨང་གྲངས་སྤྲོད་དང་། ཁོ་མོའི་སེམས་ཁྱད་རེད་ཅེས་པའི་སྒྲ་ཞིག་གྲགས། ཕྱིར་ཁ་སློག་དུས་དེ་ནི་ཕྱི་གོས་སེར་པོ་གྱོན་པའི་སྲང་ལམ་གྱི་གད་པ་ཨ་ཅག་ཅིག་ཡིན་ཞིང་ང་ལ་ཁ་ཚེག་ཚེག་བྱེད་ཀྱིན་འདུག ངའི་སེམས་ལ་ཇུས་གཏོགས་ག་རེ་འཁྲིའམ་སྙམ་མོད། གྲོགས་པོའི་གྲོས་མགོ་དང་ཁོང་མོའི་འཛུམ་མདངས་ཀྱིས་འཁང་སེམས་རིམ་གྱིས་འཇགས་སོང་།

ངས་ཁ་པར་ཨང་གྲངས་སྤྲད་པ་དང་སེམས་ཀྱིས་མ་བཟོད་པའི་ངང་། ཨ་ཅག་ཁྱེད་རང་རྗེས་མ་གྲོང་ཁྱེར་དུ་ཕེབས་དུས་རོགས་པ་དགོས་ན་ཁ་པར་བསྐྱོན་ཤོག ང་རང་གྲོང་ཁྱེར་དུ་སྡོད་ཀྱིན་ཡོད་པས་རོགས་པ་གང་ཐུབ་ཞུས་ཆོག་ཅེས་བཤད་པས་ཁོ་མོ་སེམས་འགུལ་གྱིས་རྗེས་མ་ཞིང་ཁུལ་དུ་ཕེབས་ཚེ་ཡིན་ཅིག་ཁྱིམ་དུ་ཡོང་རོགས། ང་རང་པད་མ་ཞང་ནུབ་སྟོད་གྲོང་ཚོ་ནས་ཡིན། ཁྱེད་ཀྱིས་ཨ་ཅག་པད་སྒྲོན་གསུངས་ན་ཧ་མི་གོ་མཁན་གཅིག་ཀྱང་མེད་ཅེས་གསུངས་ནས་ཕེབས་སོང་། ཁོང་མོ་ལོ་བཞི་བཅུ་ཡོལ་ཙམ་ལས་མེད་མོད་མདོག་ལ་བལྟས་ན་ལོ་ལྔ་བཅུ་ལྷག་སོན་པ་ལྟར་གྱི་རྒས་མདངས་མངོན་ཡོང་། ཁོ་མོ་སོང་བ་དང་། གད་པ་ཨ་ཅག་དེས། བུ་རང་གི་བྱེད་སྟངས་འགྲིག་པ་རེད། གྲོང་ཁྱེར་དུ་རྒྱ་སྐད་མ་ཤེས་ན་དཀའ་ལས་ཏོག་ཙམ་འདུག་པས། ཁ་ཞོར་ལག་ཞོར་གྱི་རོགས་པ་ཏོག་ཙམ་ཏོག་ཙམ་བྱེད་ཐུབ་ན་ཡག་པོ་ཡོག་རེད། དེང་སང་དེ་འདྲ་བྱེད་མཁན་ཉུང་ནས་ཉུང་དུ་འགྲོ་ཡིས་ཞེས་གསུངས།

ངས་ཁོང་ལ་གྱེས་ཕྱག་ཞུས་ཏེ་སོང་བ་དང་། མར་ཙམ་སླེབས་ནས་ཕྱིར་ལྟ་བྱེད་དུས་གད་པ་ཨ་ཅག་ཁོང་སྨྱུག་ཕྱགས་ཁྱེར་སྟེ་གད་སྙིགས་ཕྱགས་ཀྱིན་འདུག་ལ། ད་ལྟ་རང་ལྡང་མ་ཐག་པའི་ལྷགས་ཆུང་དེས་འགྱིག་ཤོག་མང་པོ་ཞིག་ལ་གཤོག་པ་ཐོགས་འདུག ཁོང་མོས་སྨྱུག་ཕྱགས་རིང་པོ་དེ་བརྐྱངས་ནས་དེ་དག་མར་ས་ལ་གནོན་ཐབས་བྱེད་པས། ཁོང་ཚོའི་མི་ཚེའང་དམྱལ་བ་རེད་སྙམ།

ཁོང་མོའི་གྲིབ་གཟུགས་དེ་བཞུད་ཁའི་ཉི་འོད་ཀྱིས་ཤར་དུ་རིང་པོར་འཐེན་པས། ངའི་སེམས་སུ་མི་ཚང་མར་གཟུགས་ཚད་འདི་འདྲ་ཡོད་ན་རྒྱལ་བ་བྱམས་པའི་བསྐལ་པ་ཤར་ངེས་བསམས་པ་ཡིད་ལ་འཆར་བྱུང་།

རླངས་འཁོར་དུ་བསྡད་ནས་བཟའ་ཟླའི་ཁྱིམ་དུ་ལོག་དུས་ཕྱི་དྲོའི་ཉི་འོད་ཀྱང་ནུབ་རིའི་ངོས་འཁྱུད་བཞིན་འདུག ཁ་ལོ་བས་ཅ་ལག་དོ་པོ་དོ་པོ་བྱས་ཏེ་ཐོག་གི་སྒྲོམ་སྟེགས་སྟེང་བསྡམས་རྗེས། དབུགས་ཧལ་ཧལ་ངང་ཁ་ལོ་ཁང་དུ་འཛུལ་བ་དང་དགོངས་པ་མ་ཚོམ། དུས་ཚོད་མང་པོ་འགོར་སོང་ཞེས་ཤོད་ཀྱིན་སྒྲ་སྒམ་ལས་གླུ་ཞིག་བཏང་བ་དང་སྣུམ་སྒོ་མནན་ནས་ཁ་ལོ་བསྐོར། ཁོས་ཁ་ལོ་བསྐོར་དུས་བདེ་མྱུར་དོད་ཅིང་། ལག་པའི་མཁྲིག་མར་བཏགས་པའི་གསེར་གྱི་ཐག་པ་དེ་འགུལ་ཕྱོགས་དང་བསྟུན་ནས་སེར་ལམ་ལམ་བྱེད་པས། དེ་ཉིད་གསེར་བཙོ་མ་ཞིག་ཡིན་ན་ཨང་བསམས་བྱུང་།

ཤར་ནས་ཟླ་བ་ཤར་བྱུང་།

དཀར་པོའི་སྒོར་སྒོར་ཤར་བྱུང་།

……

སྒྲ་སྒམ་ལས་ཐོན་པའི་ནང་མའི་འགྱུར་ཁུག་ཁྲོད། རླངས་འཁོར་སྣུམ་ནག་གཞུང་ལམ་ཐོག་བྱ་འཕུར་བ་ལྟར་རྒྱུག་མགོ་ཚུགས། སྐབས་དེར་ཉི་མ་རི་རྩེ་ནས་ཕུད་ཅིང་། སྤྲིན་ཐར་ཐོར་རེ་ཡོད་པ་རྣམས་དམར་མདངས་རྒྱས་འདུག་ལ། སྤྲིན་གསེབ་ནས་མར་ངོའི་ཟླ་བ་ཞིག་མི་མངོན་པར་གབ་འདུག་པས། དེ་ནི་བག་ལེབ་དཀར་པོ་ཞིག་གི་སུམ་ཆ་གཅིག་བཅག་པ་དང་གཅིག་འདྲར་སྣང་།

རླངས་འཁོར་འགྲོས་མགྱོགས་ཤོས་ཀྱིས་སྣུམ་ནག་གཞུང་ལམ་ཐོག་ཧུར་ཧུར་ཞེས་བགྲོད་ཀྱིན་ཡོད་ལ། སྐར་གྲལ་འགྲིག་དུས་མ་གཏོགས་ཁྱིམ་ལ་འབྱོར་བཟོ་མེད་པས་ངའི་ཡིད་ལ་ཁྱིམ་དུ་སླེབས་དུས། སྙིང་ཉེ་བའི་བུ་མོ་པད་མ་ཀུན་གསལ་གྱིས་སྐྱེས་མ་ཐག་པའི་མདུན་སོ་གཉིས་པོ་དེ་བཏོན་ནས། སྒྲ་དག་ལ་མ་དག་ངང་ཨ་ཕ། ཨ་ཕ་ཞེས་ཟེར་གྱིན་དགོད་ཚེག་ཚེག་བྱེད་པ་དང་ཁྱར་རེ་ཁྱོར་རེའི་ངང་བརྒྱུགས་ཡོང་ངམ་སྙམ་བྱུང་། ཁོ་མོའི་སྒོར་རེར་ཡོད་པའི་ངོ་གདོང་དཀར་པོ་དེའི་ཐོག་འཛུམ་གྱི་གང་བུ་གྲོལ་དུས་དེ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་།

གུས་ཤིང་བརྩེ་བའི་རྩོམ་སྒྲིག་པ་ལགས། ད་ནི་ཕྱི་པོ་ཆགས་འདུག་པས། ཁྱེད་ཉིད་ཀྱང་སྔ་ཙམ་མལ་གསོ་གནང་དང་། མུན་ནག་ཁྲོད་སྐྱ་རེངས་ལ་རེ་སྒུག་མ་གནང་རོགས། ཞོགས་པའི་མཚམས་སྤྲིན་ཡང་བཙའ་དམར་བརྒྱབ་ཟིན་འདུག①

མཆན་འགྲེལ།

① མུན་ནག་ཁྲོད་སྐྱ་རེངས་ལ་རེ་སྒུག་མ་གནང་རོགས། ཞོགས་པའི་མཚམས་སྤྲིན་ཡང་བཙའ་དམར་བརྒྱབ་ཟིན་འདུག་ཅེས་པའི་ཚིག་འདི་ནི་རྒྱའི་སྙན་ངག་པ་གྲགས་ཅན་མོང་ལང(孟浪)གི་ཚིག་གཡར་བ་ཡིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།