ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་གི་དུས་ཚོད་ཕྱེད་ཀ

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཅན་ཆེད་འབར།   སྤེལ་དུས། : 2018-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོང་གིས་ཕྱི་རོལ་ལ་འབྲུ་ཚུགས་སུ་ཅེར།

སྒེའུ་ཁུང་གི་ཧྲག་བར་ལས་གྲང་རླུང་ཞིག་ཤུར་ཤུར་དུ་ལྡིང་འོངས།

སྒེའུ་ཁུང་མདུན་གྱི་ཁང་པའི་ཟུར་སྣེ་དང་ནམ་མཁའ་ཕྱེད་ཀ་དེ་ཡིས་སྒེའུ་ཁུང་གི་རྒྱ་ཁྱོན་ཡོངས་སུ་བཀང་།

ཁོང་གིས་ཁང་མིག་དོག་པོ་འདི་ལས་རང་སེམས་ཕྱི་རོལ་ལ་འཕྲོས་འདོད་ཀྱང་སྒེའུ་ཁུང་གི་རྒྱ་ཁྱོན་ཡོངས་སུ་བཀང་བའི་ཁང་པའི་ཟུར་སྣེ་དང་ནམ་མཁའ་ཕྱེད་ཀ་དེར་ཐོགས་ཏེ་ངལ་བ་འབྲས་མེད་དུ་གྱུར།

ད་ཅི་ཁོང་གཞུང་ལས་ཁང་དུ་ཡིག་ཆ་ལེན་པར་འགྲོ་བའི་སྐབས་སུ་རྐང་པའི་རྡོག་སྣེ་ལས་ཅི་ཡང་མ་མཐོང་། ཐ་ན། དཔྱིད་ཀའི་དྲི་མ་འཐུལ་གྱིན་ཡོད་མེད་ལའང་མཉམ་མ་བཞག ཆུ་འཁྱིལ་དེས་ཁོང་གི་རྐང་བོལ་ནུབ་ཙམ་བྱས་པ་དེའང་སྣང་མེད་དུ་བསྐྱུར། ཁོང་ལྷབ་བེ་ལྷུབ་བེར་གཞུང་ལས་ཁང་དུ་སླེབས་དུས། ལས་གྲོགས་དག་གིས་ཁ་བརྡ་ཞིག་གི་མགོ་བཟུང་ནས་མཇུག་བསྡུ་ལ་ཉེ། ཁོང་གིས་ཁ་བརྡ་ཅི་ཞིག་ཡིན་པར་འདྲི་རྩིས་བྱས་ཀྱང་མ་དྲིས་པར་རྩིག་གྱང་གི་འགྲམ་བརྒྱུད་དེ་ཕར་ལ་སོང་བ་ན་སྒྲོག་ཙེའི་སྟེང་དུ་ཚ་ལུ་མ་ཞིག་བཞག་ཡོད་པ་མཐོང་།

སྐར་མ་གཅིག་གི་རིང་ལ་ཏག་ཏག་ཚ་ལུ་མར་བལྟས་ནས་བསྡད་ཅིང་། བལྟས་ཀྱིན་བལྟས་ཀྱིན་ཚ་ལུ་མ་རབ་རིབ་མག་མོག་ཏུ་གྱུར་ཏེ་འཚོ་བ་ཞེས་པའི་ཡིག་འབྲུ་གཉིས་སུ་གྱུར། དེ་ནས་སླར་ཡང་མངོན་གསལ་དོད་པོས་ཚ་ལུ་མར་གྱུར་པ་ན་ཁོང་གིས་དབང་མེད་ངང་སྒྱུ་འཕྲུལ་ཞེས་ཁ་ལས་ཤོར།

“ཅི་ཞིག་བྱས་སོང”ཞེས་དགེ་རྒན་ཉི་འཛོམས་ཀྱིས་དེ་ལྟར་འདྲི་དུས། ཁོང་གི་དྲན་སྒོ་རང་བཞིན་དུ་གནས་ཏེ་དགེ་རྒན་ཉི་འཛོམས་ཀྱི་ཕྱོགས་སུ་འཁོར་བ་ན་གཞུང་ལས་ཁང་དུ་ཡོད་པའི་ལས་གྲོགས་དག་གིས་ཁོང་ལ་བལྟས་ནས་བསྡད་ཡོད་པ་རིག

“ཅི་ཞིག་བྱས་སོང”དགེ་རྒན་ཉི་འཛོམས་ཀྱིས་སླར་ཡང་དེ་ལྟར་དྲིས།

“ཅང་མ་རེད”ཅེས་ལན་བཏབ། འོན་ཀྱང་། དགེ་རྒན་བསྟན་འཛིན་གྱིས་ཀུ་རེ་འདྲེས་མའི་ངང་། “ཚ་ལུ་མ་ལ་ཡ་མཚན་རྒྱུ་ཅི་ཡོད། ཁྱོད་ཀྱིས་ཚ་ལུ་མར་བལྟས་ནས་སུས་བཞག་པར་བསམ་བློ་གཏོང་གིན་ཡོད་དམ”ཞེས་དྲིས་ཙ་ན།

“ཚ་ལུ་མ་ནི་འཚོ་བ་ཞིག་དང་མི་འདྲའམ། ང་ཚོས་དུས་རྟག་ཏུ་ཚ་ལུ་མ་ཟ་བཞིན་ཡོད་ཀྱང་། སུ་ཞིག་གིས་ཡང་དག་པར་ཚ་ལུ་མའི་བྲོ་བ་བཤད་ཐུབ་བམ། ”ཁོང་གིས་འདི་ལྟར་འབྲེལ་མེད་དོན་གཞན་ནམ་ཡང་ན་ཁ་ཚ་དགོས་གཏུགས་ཀྱི་ལན་ཞིག་བཏབ།

སྐབས་འདིར་དགེ་རྒན་རྣམས་འཇམ་ཅག་གེར་གྱུར་ཅིང་། ཐ་ན་ཁོར་ཡུག་དེར་བདོག་པའི་ཅ་དངོས་ཐམས་ཅད་ཀྱང་དབུགས་རྨོག་གེར་གྱུར་ཏེ་ཅི་ཞིག་ལ་བསམ་བློ་གཏོང་བཞིན་པ་དང་འདྲ།

མི་ནི་འདི་ལྟ་སྟེ། ནམ་རྒྱུན་བསམ་བློ་གཏོང་བཞིན་འཚོ་བ་མི་རོལ་བར། གནད་དོན་ལ་ཐུག་ཚེ་ད་གཟོད་འཚོ་བ་ཅི་ལྟར་རོལ་བར་མནོ་བསམ་གཏོང་།

སྒེའུ་ཁུང་ཆུང་ངུར་ཕྱེ་བའི་སྲུབས་ལས་གྲང་རླུང་གིས་ཤུར་སྒྲ་འབྱིན་ཞིང་ཤུར་སྒྲའི་འགྱོགས་བྱམས་ལས“སུ་ཞིག་གིས་ཁྱེད་ཀྱི་ལུག་ཁྱུ་གཏོར་སོང་། ཁྱེད་གཅིག་པུ་ཤུལ་དུ་བསྐྱུར་ནས་མཐའ་མཇུག་གི་རྩྭ་ཐང་སྲུང……”ཞེས་པའི་གླུ་སྐད་ཞིག་ཀྱང་སྒེའུ་ཁུང་གི་སྲུབས་ལས་ནང་ལ་འཁྱིལ་སྐོར་བྱས་ཏེ་ལྡིང་འོངས།

དུས་དེར། ཁོང་གིས་གཞས་དེའི་མཇུག་སྐྱོང་བཞིན་གློ་རྡེག་ཏུ“གཞི་ནས་གླུ་བ་ཡ་དུང་གི་གཞས་ལ་མཉན་ཤེས་སོང”ཞེས་བཤད་པ་ན། ད་གཟོད་ཅི་ཞིག་ལ་བསམ་བློ་གཏོང་བཞིན་པའི་དགེ་རྒན་རྣམས་བསམ་གཞིག་གི་ཀོང་དོང་ལས་ཕྱིར་ཐོན་ཏེ།

དགེ་རྒན་ཉི་འཛོམས་ཀྱིས“རེད་ཡ། དགེ་རྒན་ཡོན་ཏན་ལ་ཆད་པ་དེ་འདྲ་བཅད་པ་དངོས་གནས་ཐལ་དྲགས་སོང་། ཁྱིམ་བདག་ནི་ཁྱིམ་བདག་རང་རེད། སློབ་གསོ་ཅུས་ཀྱི་ལས་བྱེད་པས་ཀྱང་དགེ་རྒན་ཡོན་ཏན་གྱི་ཐད་ནས་སྐད་ཆ་ཅི་ཡང་མི་བྱེད་པར་དགེ་རྒན་ཡོན་ཏན་ལ་སྐྱོན་བརྗོད་ནན་མོ་བྱས་སོང”ཟེར།

ཁོང་གིས་གནས་ཚུལ་ཅི་ཞིག་བྱུང་བ་ཧ་མ་གོ་བར་ཧྲིག་གེར་སྡོད་དུས། དགེ་རྒན་བསྟན་འཛིན་གྱིས་ཁོང་གི་རྣམ་འགྱུར་རྟོགས་ཡོད་པ་དང་འདྲ་སྟེ་ཁོང་ལ་གནས་ཚུལ་དག་ཞིབ་ཕྲའི་ངང་བཤད་བྱུང་།

དགེ་རྒན་ཡོན་ཏན་ནི་མཚན་ཉིད་བཅུ་དང་མི་ལྡན་ནའང་རྒྱུད་ལ་མཚན་ཉིད་རེ་གཉིས་ཤིག་མི་ལྡན་པའང་མ་ཡིན་ཏེ། ནམ་རྒྱུན་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་མའི་ཆེད་དུ་དཀའ་བ་རྒྱབ་ཏུ་ལེན་ཞིང་ངལ་བ་གདོང་གིས་བསུས་པ་དང་། སློབ་མ་དག་ལ་སློབ་ཕྱིའི་ལྟ་ཀློག་གི་དེབ་སོགས་གང་མཁོ་ཉོ་བར་མ་ཟད། སློབ་གསེང་དང་ངལ་གསོའི་དུས་སུ་ཚད་དང་རན་པར་དཔེ་ཁྲིད་བྱེད་ཅིང་། གཏམ་རྒྱུད་དང་གཏམ་དཔེ། གོམས་སྲོལ་དང་ལོ་རྒྱུས་ཁྲིད་ལ། ཐ་ན་ཉིན་ཞིག་ལ་སློབ་མར་ཤེས་བྱའི་རྣམ་གྲངས་ཁྲིད་ཀྱིན་པའང་ཁོང་གིས་དངོས་སུ་མཐོང་། འཚོ་བའི་ཐད་ནས་བཤད་ནའང་དེ་ལྟར་ཏེ། ཟླ་རེའི་ཟླ་ཕོགས་ནི་སློབ་མ་དང་མཉམ་དུ་སྤྱད་དེ་ཚར་བར་བྱེད་ཅིང་། དཀའ་ཁག་ཅན་ལ་ལྭ་བ་དང་སློབ་སྦྱོང་གི་ཡོ་ཆས་ཉོ་བ་རྒྱུན་ལྡན་ཡིན་པ་དང་། གཙང་སྦྲ་འཕྲོད་བསྟེན་གྱི་ཕྱོགས་ལའང་ལྟ་རྟོགས་གང་ལེགས་བྱས་ཏེ་འགྲུབ་པར་བྱེད་པས། ཁོང་གིས་སྐྱོང་བཞིན་པའི་འཛིན་གྲྭ་ནི་འཛིན་གྲྭ་ཡོངས་ལས་རབ་དང་ཕུལ་དུ་གྱུར་ཡོད།

ཡིན་ནའང་། རླབས་ཆེན་གྱི་མི་ལ་ཆག་སྒོ་མང་དུ་འབྱུང་བ་བཞིན། ཁོང་གིས་ཁ་སང་སློབ་ཚན་ཁྲིད་པའི་སྐབས་སུ་སློབ་མ་ཞིག་གིས་བསྟན་བཤིག་བྱས་པར་སློབ་མའི་འགྲམ་པར་ཕྱི་ལག་གིས་བརྒྱབ་པ་ན་སྟབས་མ་ལེགས་པར་སྣ་ལ་ཕོག་སྟེ་སྣ་ཁྲག་ཅུང་འཛར་བ་ལ་སློབ་མས་ཁྱིམ་བདག་ལ་བཤད་ཅིང་། ཁྱིམ་བདག་གིས་དགེ་རྒན་ཡོན་ཏན་སློབ་གསོ་ཅུས་དང་རྫོང་སྲིད་གཞུང་ལ་གཏུག་བཤེར་བྱས་པས། གོང་རིམ་ལས་ཁུངས་དང་མགོ་ཁྲིད་དག་གིས་སློབ་མར་རྡུང་རྡེག་དང་ཡང་ན་རྡུང་རྡེག་དང་ཆ་འདྲ་བའང་བྱེད་མི་ཆོག་ཅེས་དགེ་རྒན་ཡོན་ཏན་ལ་ས་འདིའི་དཔེ་ལྟར་ཁྲག་རིན་གྱི་ཆད་པ་བཅད་པ་ཡིན་པ་རྟོགས།

ཁོང་གིས“དེ་འདྲ་རེད། ད་དེ་འདྲ་རེད། དྲིན་བྱས་དྲིན་དུ་མི་ཚོར་བ་འདི་ཡ་མཚན་རེད། གཅིག་ཏུ་ན་ཡ་མཚན་ཡང་མ་རེད། མ་གཞི་ནས་དྲིན་དུ་ཚོར་མཁན་མེད་པ”ཟེར་བཞིན་ཡིག་ཆ་བླངས་ཏེ་གཞུང་ལས་ཁང་གི་ཕྱིར་ཡོང་རྩིས་བྱེད་སྐབས།

དགེ་རྒན་ལྷ་མོ་ནི་གང་ཞིག་ནས་གཉིད་ལས་སད་པ་ལྟར། ཏོལ་གྱིས“ཁྱོད་ཀྱི་འཛིན་གྲྭས་བསླབ་དེབ་ཟློས་གར་གྲ་སྒྲིག་བྱས་ཚར་རམ”ཞེས་དྲིས་འོངས།

ཁོང་གིས“ཁྱོད་གང་ནས་ཐོན་པ་ཡིན། ད་ཅི་སྐད་ཆ་ཅི་ཡང་བཤད་མ་སོང་། ངས་ཁྱོད་རང་ཡོད་མེད་ལའང་མཉམ་མ་བཞག”ཅེས་བཤད།

“མ་རེད། ངས་གནས་ཚུལ་དེ་འདྲ་གླེང་འདོད་མི་འདུག གླེངས་ཀྱང་ཕན་ཐོགས་ཏིལ་ཙམ་ཡང་མི་འདུག ད་རུང་གཅིག་ཏུ་ན་སྐད་ཆ་གང་བྱུང་བཤད་ན་རང་མགོ་ལ་དོན་མེད་ཀྱི་ཆག་སྒོ་དང་ཁ་མཆུ་ཡང་བསླང་སྲིད”དགེ་རྒན་ལྷ་མོས་དེ་སྐད་བཤད་བྱུང་བ་ན།

ཁོང་གིས“རེད་རེད། དེ་འདྲ་ཞིག་མིན་ནམ། དེ་འདྲ་ཞིག་མིན་ནམ། ངེད་འཛིན་གྲྭས་ད་དུང་གྲ་སྒྲིག་བྱས་མེད། ཁྱོད་ཀྱི་འཛིན་གྲྭས་ཟློས་གར་ག་རེ་གྲ་སྒྲིག་བྱས་ཡོད”ཅེས་དྲིས།

དགེ་རྒན་ལྷ་མོས“ངེད་འཛིན་གྲྭས་ཆི་ཁི་ཧྥུ་ཡི་མགོ་གཉིས་མ་ཞེས་པའི་བརྩམས་སྒྲུང་དེ་གྲ་སྒྲིག་བྱས་ཡོད”ཟེར།

ཁོང་གིས“རེད། རེད། མགོ་གཉིས་མའི་འགྲོ་ལུགས་འདུག་སྟངས་ལ་བྱང་ཆུབ་པ་ཞིག་བྱོས་དང་། བྱ་དགའ་ལེན་ཐུབ་ངེས”ཞེས་འཆད་ཞོར་ཕྱིར་ཐོན།

བར་ཁྱམས་ལས་རྒན་བསྟན་འཛིན་གྱིས“རྒན་མཁས་གྲུབ། ཁྱོད་ཀྱིས་ཚ་ལུ་མ་མི་འཁྱེར་རམ”ཞེས་འདྲི་བཞིན་པ་ཐོས།

ཁོང་གིས་ལན་མ་བཏབ་ཀྱང་སེམས་ནས“ཚ་ལུ་མའི་བྲོ་བ་ཞིམ་པོ་དེ་ཁྱོད་ཀྱིས་ཟོ། སྐྱུར་ཞིང་ཁ་བ་དེ་ང་ལ་ཞོག”ཅེས་ཤབ་ཤུབ་ཀྱིས་བཤད།

མཁྲིག་མའི་ཆུ་ཚོད་ཀྱི་ལྡོག་འོད་མདུན་གྱི་ཁང་བསྟར་གྱི་གྱང་ངོས་ལ་འཕྲོས་པ་དེས། ཁོང་གི་སེམས་པ་གཞུང་ལས་ཁང་གི་དོན་དག་དེ་ལས་སྐད་ཅིག་ཉིད་ལ་ཕྱིར་དྲངས་ཤིང་། ཆུ་ཚོད་ལ་བལྟས་པ་ན་སྐར་མ་ཁ་ཤས་ཀྱིས་དུས་ཚོད་ཕྱེད་ཀར་ད་དུང་སླེབས་མེད་པ་རྟོགས། ཁོང་གིས་མི་རྣམས་ནི་ཁྲེལ་མེད་ཅིག་སྟེ། འཛིན་མས་ང་ཚོ་ནི་བྱིས་པ་བཞིན་རུམ་ཁོང་དྲོན་མོར་པང་ཡོད་ནའང་། མི་རྣམས་ཀྱིས་ཁོ་ལ་མི་ལས་དགུ་ལས་བྱས་ཡོད་པར་མ་ཟད་ཁོ་ཡིས་བསྩལ་པ་ཉུང་དྲགས་སོང་སྙམ་སྟེ་ཁོ་རང་སྔོག་བཤེར་བྱས་ཏེ་ལུས་སྟེང་ནས་ཅི་ཞིག་འཚོལ་བར་བྱེད། མི་རྣམས་ལ་མངོན་ཤེས་ལྡན་ན་འཛིན་མའི་སྐྱོ་དུབ་མཐོང་སྟེ་ངེས་འབྱུང་སྤུ་སུད་འདྲ་ཞིག་སྐྱེས་ཐང་མོད། དོན་འདི་ནི་མངོན་འགྱུར་བྱེད་ཐུབ་པ་ཞིག་ཡེ་ནས་མ་རེད་བསམས།

འདི་ནི་ཉིན་འདི་འགར་རི་མཐོ་ས་གཙང་། ཆུ་བོ་ཐམས་ཅད་ཀྱི་མགོ་རུ་བསྔགས་པའི་ལྗོངས་འདིའི་མི་རྣམས་ཀྱིས་མཉམ་འཇོག་མི་སྲིད་པའི་སྦས་ལུང་ཞིག་ཏུ་མི་དང་འཕྲུལ་ཆས་མང་པོས་ས་བརྐོ་རྡོ་སློག་བྱས་ཏེ་ཅི་ཞིག་འཚོལ་བཞིན་པའི་གསར་འགྱུར་དེའི་རྐྱེན་པས་ཁོང་གིས་དེ་ལྟར་དྲན་པ་ཡིན་སྲིད།

དེ་མིན་ན་དུས་རྒྱུན་དེ་ལྟར་དྲན་མི་སྲིད་དེ། མི་ལ་ཕུགས་བསམ་ལོས་དགོས་སྟོང་བསམ་ཀྱང་དགོས་ཏེ་སྟོང་བསམ་ཀྱང་སེམས་ལ་འཁོར་མི་ཐུབ་པ་ནི་ཅི་འདྲའི་ཉམ་ང་ཞིང་སྙིང་པོ་མེད་པ་ཞིག་རེད། སྟོང་བསམ་ཡོད་ན་འཁོར་བའི་ཀློང་དུ་ངལ་གྱིས་དུབ་མི་སྲིད་ལ། འཁོར་བའི་བྱ་བ་འདི་ལ་རེ་ཐག་ཀྱང་ཆད་མི་སྲིད།ཕུགས་བསམ་ལ་མ་རྩ་དགོས་ནའང་སྟོང་བསམ་ལ་མ་རྩ་དགོས་པ་མ་རེད་ཅེས་པ་འདི་རེད།

སྐབས་དེ་ཤེད་ཅིག་ཏུ་རྒན་པ་སངས་དང་ཁོང་གཉིས་མོ་ཏྲར་བསྡད་དེ་རྫོང་ལ་ལོག་པའི་ལམ་བར་དུ་ཁོང་གིས་སྐད་ཆ་དེ་རྒན་པ་སངས་ལ་བསྙད་པ་ན། རྒན་པ་སངས་ཀྱི་མགོ་བོ་ནི་གཉིད་ཀྱིས་དུབ་སྐབས་ཀྱི་མགོ་བོ་དང་འདྲ་བར་ལྕོག་ལྕོག་བྱས་བྱུང་ལ།

ཁོང་གིས་དེ་བས་ཀྱང་རང་གི་སྐད་ཆ་འདི་ནི་རིན་བྲལ་གྱི་མན་ངག་ཞིག་ཏུ་བསམས་ཡོད།

སློབ་ཚན་གྲོལ་བའི་ཅོང་བརྡ་དེས་ཁོ་རང་འཆར་སྒོའི་གཟེ་ལས་བསྐྱབས་སོང་། ཅི་ཞིག་གིས་མནར་བ་བཞིན་ཁོང་གི་དཔྲལ་བ་དང་གཉའ་ལྟག་ཐམས་ཆད་རྔུལ་ཆུས་ཡོངས་སུ་བརླན་ཏེ་ལུས་པོའང་རློན་གྱིན་འདུག་པས། ནམ་ཟླ་འདི་འདྲ་ལ་ཅི་ཡང་མ་བྱས་པར་རྔུལ་ཆུ་བཞུར་བ་ཡ་མཚན་རེད་འདོད།

རེ་ཞིག་ན་སློབ་མ་རྣམས་ཀྱང་ཟེད་ཟེད་ལིང་ལོང་ངང་ཁོང་གི་མིག་མདུན་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་རྣམ་པ་དེས་ཁོ་རང་དངོས་གནས་རྒྱང་རིང་ཞིག་ནས་འཕྲལ་མར་རང་གི་མདུན་དུ་ཕྱིར་དྲངས་པ་ན་སྒེའུ་ཁུང་གི་ཧྲག་བར་ལས་ལྡིང་འོངས་པའི་གྲང་རླུང་ཆེ་རུ་འགྱུར་གྱིན་པ་རྟོགས།

སྒེའུ་ཁུང་མདུན་གྱི་ཁང་པའི་ཟུར་སྣེ་དང་ནམ་མཁའ་ཕྱེད་ཀ་དེ་ཡིས་མིག་གི་རྒྱ་ཁྱོན་ཡོངས་སུ་བཀང་།

ཁོང་གིས་མགོ་བོ་ཕྲག་པར་བསྙེས་ཤིང་མིག་གཉིས་གོང་འོག་བྱས་ཏེ་བལྟས་པ་ན་ཁང་པའི་ཟུར་སྣེ་དང་ནམ་མཁའ་ཕྱེད་ཙམ་དེ་གཉིས་ཨ་འགྲིག་ཆ་འགྲིག་ཆ་ཡིན་པར་མ་ཟད། ཁོང་ལ“ནམ་མཁའ་ཆ་ཚང་མཐོང་མ་ཐུབ་ན་སྡུག་གྱོང་རེད། འདི་ནི་ཁྱོད་ཅག་གིས་བཟོས་པའི་ཉེས་དམིགས་རེད། ནམ་ཞིག་ལ་ཁྱོད་ཅག་གིས་ར་རིས་བཀང་བའི་བྱ་དངོས་ལས་གཞན་མཐོང་མི་ཐུབ”ཅེས་འཆད་བཞིན་པའི་ཉམས་སྣང་སྐྱེས།

ད་ཅིའི་ལྟ་སྟངས་དེ་ནི་མཁས་དབང་དགེ་ཆོས་ཟེར་བ་ཞིག་གི་བཤད་ཚུལ་ལ་ལབ་མོ་བྱས་པ་ཡིན་ལ། ཁོང་གིས་དགེ་ཆོས་ཟེར་བ་དེས་ཀྱང་དེ་ལྟར་བལྟས་པས་གཞན་གྱིས་མ་མཐོང་བ་མཐོང་ནས་སྡུག་བསྔལ་བཟོད་གླགས་མེད་པ་མྱངས་པ་ཡིན་ནམ་སྙམ་སྟེ།

“ང་ལ་བཤད་པས་ཡོང་རྒྱུ་ཅི་ཡོད། ཁོ་ཚོར་བཤད་དགོས་པ་རེད”ཅེས་ཁེར་བཤད་བརྒྱབ་པ་ན། ཁང་པའི་ཟུར་སྣེ་དང་ནམ་མཁའ་ཕྱེད་ཀ་ཡིས་ཐོས་སོང་བ་ལྟར“ཉེན་ཁ་དེ་ཁྱོད་ཀྱིས་མ་གཏོགས་ཤེས་ཀྱིན་མི་འདུག་པས། ཁྱོད་ལ་བཤད་པ་ཡིན”ཟེར་བའི་ལན་ཞིག་ཁོང་གིས་རང་ཉིད་ཀྱི་རྣ་བའི་གཏིང་རིམ་ན་གྲགས་ཀྱིན་པ་ཚོར།

མཚམས་འདིར་ཉི་འོད་འདར་ལྕུག་ལྕུག་ངང་སྒེའུ་ཁུང་གི་ཐེམ་པར་བསྔས་ཏེ་ཕར་བགྲོད་ཀྱིན་མཆིས། དུས་ཚོད་ཀྱང་ཕྱེད་ལྷག་འགོར་ཟིན་ལ་མདའ་རྩེ་ལས་ཆེས་རིང་ཞིང་ཕྲ་བ་དེ་ནི་ཅི་ཞིག་གིས་དེད་ནས་ཡོང་བཞིན་པ་ལྟར་འགྲོས་མྱུར་མོས་རྒྱུག་གིན་འདུག ཁོང་གིས་དུས་ཚོད་ལ་ལྟ་ཙམ་བྱེད་ཞོར་འདར་ཁྲུལ་ལེར་སྒེའུ་ཁུང་གི་འགྲམ་ནས་ཚུར་མགྱོགས་པོར་འོངས་ཤིང་གྱང་ངོས་སུ་སྦྱར་བའི་མེ་ལོང་དེར་བལྟས་ནས།

“ང་ཕྱི་རོལ་ཏུ་འགྲོ་རྒྱུ། ཕྱིར་སླེབས་ན་མེ་ལོང་ཁྱོད་ཀྱིས་ང་རང་ངོ་མི་ཤེས་མ་གསུངས”ཞེས་ཁེར་ལབ་རྒྱག་ཞོར་འདར་ཡམ་མེར་ཕྱི་རོལ་ཏུ་བུད་སོང་།

དེ་ལྟ་ནའང་། ཕྱི་རོལ་ཏུ་རླུང་བུ་འུར་འུར་ལྡིང་ཞིང་རྡུལ་འཚུབ་ལིང་ལོང་དུ་འཕྱུར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།