ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་མར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བསྟན་པ་ཡར་རྒྱས།   སྤེལ་དུས། : 2018-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་ཡེ་དམ་ཆོས་དབང་མོ་ནི་ལོ་རྒན་དྲུག་ཅུ་རེ་ལྔས་གཉའ་མནན་ཡང་རྐང་ལག་ཐང་ཐང་ཡིན་ལ་མིག་ཀྱང་ཞན་པོ་མེད། ཁོང་གི་ཕ་མའི་དུས་ནས་ཁྱིམ་ཚང་དབུལ་པོ་ཞིག་ཡིན་ཡང་ཞང་པོ་ཞིག་ཡོད་པ་དེ་སྔ་མོ་ནས་དགོན་པའི་ཆོས་གྲྭར་བཞུགས་པས་ཐག་རིང་ས་ཁུགས་དེ་རུ་འདོན་པ་འདོན་རྒྱུ་དང་། གཏོར་མ་བཞེངས་རྒྱུ། ཆོ་ག་ཕྱག་ལེན་གང་ཐད་ནས་འཇོན་པོ་ཡོད་པས་གྲོང་ཕྱོགས་སུ་བྲིན་པོ་ཡོད། སྔ་མོའི་འབྲོག་ཁྱིམ་ཕྱུག་པོ་ག་འདྲ་ཞིག་ཡིན་ཡང་ཨ་མཆོད་རྣམས་ལ་མཆོད་ཡོན་དུ་མར་ཆུར་དང་། ཤ། ཡང་ན་ར་ལུག་གཅིག་གཉིས་སྤྲོད་པ་ལས་དངུལ་སྤྲོད་པའི་སྲོལ་མེད་པས་ཞང་པོའི་ཁྱིམ་དུ་མར་ཆུར་དང་། ཤ་རྒྱུན་ཆད་མེད་པར་མ་ཟད། རིང་པོ་མ་ཐོགས་པར་སྒོ་ཕྱུགས་རིམ་གྱིས་འཕེལ་ནས་ཁྱིམ་ཚང་ཕྱུག་པོའི་གྲས་སུ་མ་ཚུད་ཙམ་ཞིག་ཏུ་གྱུར། ཞང་པོས་བསམས་ན་གྲྭ་བཙུན་བྱས་ན་ཟ་འཐུང་དཀའ་ངལ་མེད་པས་ཚེ་སྐྱིད་དགོན་པ་དང་བར་ཐག་མི་རིང་བའི་རི་ཁུགས་སྐྱིད་པོ་ཞིག་ཏུ་བཙུན་མའི་དགོན་པ་ཞིག་ཡོད་པ་དེར་བཙུན་མའི་སྒྲིག་ལ་བཞུགས་སུ་བཅུག དེ་ནས་བཟུང་ཚེ་སྐྱིད་ཀྱི་སེར་མིང་དམ་ཆོས་དབང་མོ་ཞེས་བཏགས། ཞང་པོས། ད་ནས་བཟུང་ཁྱེད་རང་སྤྱིར་བཏང་གི་མི་སྐྱ་བོ་ཞིག་མིན་པར་སྟོན་པའི་ན་བཟའ་གྱོན་པའི་བཙུན་མ་ཞིག་ཡིན་པས་ངེས་པར་དུ་དཔེ་ཆ་ཡག་པོ་སྦྱོང་དང་། ཆོས་བཞིན་བྱས་ན་ཆར་བཞིན་འབབ་ཅེས་ཁ་བརྡ་བྱེད་ཀྱིན་རྩམ་ཆུར་དང་ཤ་མར་ཁྱེར་ནས་ཡང་ཡང་མོར་ལྟ་བར་ཡོང་། དམ་ཆོས་དབང་མོས་རྒྱུན་དུ་དགོན་པའི་ཕྱི་ནང་གད་ཕྱིས་བྱས་རྗེས་འདུ་ཁང་གི་ནང་དང་ཤག་གི་ནང་དུ་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་འབད་བརྩོན་བྱས་ནས་མི་རིང་པར་དགོན་པའི་སྔོན་འགྲོ་དང་ཆོ་ག་ཕྱག་ལེན་བློ་རུ་འཛིན་དགོས་པ་བློ་རུ་བཟུང་། ཞར་ཞོར་དུ་དགོན་པའི་འགྱེད་མར་ནི་འབྲི་མར་དྭངས་གཙང་ལྷད་མེད་ཡིན་པས་ཕལ་ཆེར་མོ་རང་གི་ནང་དུ་ཁྱེར་ནས་ཕ་མ་གཉིས་ཀྱིས་གཙོ་བའི་ནང་མི་རྣམས་ལ་ཟ་རུ་བཅུག ལོ་ལྔའི་རྗེས་སུ་དགོན་པ་ནས་གྲྭ་བཙུན་གཞན་དང་འདྲ་བར་ཕྱིར་མི་ལོག་ཀ་མེད་བྱུང་ནས་རུ་ཁག་གི་ལུག་རྗི་བྱས་ནས་སྐབས་འགར་ཧྲེ(ཀུང་ཧྲེ)རང་ཁྱིམ་དུ་བརྩིས་ནས་ཕྱུགས་བུ་ཕྲུག་ལྟར་སྐྱོང་མཁན་གྱི་དཔེ་ལེགས་མི་སྣ་རེད་ཅེས་བསྟོད་བསྔགས་བྱས། ཡང་སྐབས་འགར་ལྷ་འདྲེ་གདོན་བགེགས་པ་དམ་ཆོས་དབང་མོ། ཁྱོད་ཀྱིས་ངལ་རྩོལ་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་ག་ཚོད་བཏང་བ་ཡིན་ཞེས། ཚོགས་འདུའི་ནང་སྣ་ལ་མཛུབ་མོ་བཙུགས་ནས་དགག་པ་བརྒྱབ་ནས་འཇིགས་སྐྲག་གིས་མ་བཟོད་པར་རང་དབང་མེད་པར་ལྤགས་གདན་གྱི་སྟེང་དུ་གཅིན་པའང་ཤོར། བྱང་ཐང་གི་དཔྱིད་ཀའི་གནམ་གཤིས་ལྟར་རེས་འགའ་དྭངས་ཤིང་རེས་འགའ་འཐིབས་པའི་ལོ་ཟླ་རིམ་གྱིས་ཟད་ཀྱང་ཨ་ཡེ་དམ་ཆོས་དབང་མོར་དྲོད་སྐྱིད་ལྡན་པའི་ཁྱིམ་ཚང་འཛུགས་པའི་གོ་སྐབས་མ་བྱུང་། ཕྱིས་སུ་སྲིད་ཇུས་ལྷུག་ཏུ་བཏང་སྟེ་དགག་པ་རྒྱག་མཁན་མེད་ཀྱང་། མོ་རང་གིས་རེ་བ་ལྟར་མུ་མཐུད་དུ་རུ་ཁག་གི་ལུག་རྫི་བྱས། ལོ་ཟླ་རིམ་གྱིས་ཟད་དེ2014 ལོར་ཨ་ཡེ་དམ་ཆོས་དབང་མོ་ངོ་གདོང་སྟར་ཁ་ལྟ་བུས་གཉེར་མས་ཁེངས་ཏེ་ལོ་དྲུག་ཅུ་སླེབས་པས་གོང་རིམ་གྱིས“གཡང་དཀར་ལུག་གི་ཕ་མ”ཞེས་པའི་གཟེངས་བསྟོད་གནང་ནས། འདི་ནི་ཁྱེད་ཀྱིས་མི་ཚེ་ཕལ་ཆེར་ལུག་རྫི་བྱས་པའི་གཟི་བརྗིད་ཀྱི་མཚན་སྙན་རེད། ད་ནས་བཟུང་རྒྱལ་ཁབ་ཀྱིས་ཁྱོད་རང་ལ་འཚོ་བའི་ཁ་གསབ་ཟླ་རེར་དམངས་སྒོར800ཡོད་པས་མི་ཚད། རྫོང་ཐོག་ཏུ་སྡོད་ཁང་གསར་པ་ཡོད་པས་དེར་སྡོད་དགོས་ཟེར། ཨ་ཡེ་དམ་ཆོས་དབང་མོས་ལག་ཟུང་གི་སྙིམ་པ་བྲང་ཁར་སྦྱར་ནས། བཀའ་དྲིན་ཆེ། ཤི་རན་དུས་རང་གི་ཕ་ཡུལ་དང་འབྲལ་འདོད་མི་འདུག མ་ཤི་བར་འདིར་བསྡད་ན་བསམ་གྱིན་འདུག་ཅེས་བཤད། གོང་རིམ་གྱིས་དེ་འདྲ་ག་ལ་འགྲིག ཁྱོད་ལ་བུ་ཚ་གང་ཡང་མེད་པས་རྫོང་ཐོག་ཏུ་ན་བ་ཡིན་ན་སྨན་ཁང་སྟབས་བདེ་བ། ཕྱག་མཆོད་འབུལ་དང་སྐོར་བ་འགྲོ་ན་དགོན་དང་ལྷ་ཁང་ཐག་ཉེ་བ། གཡས་གཡོན་གྱི་ཁྱིམ་མཚེས་ཚང་མ་ཁྱོད་རང་ལྟ་བུ་བུ་ཚ་གང་ཡང་མེད་པ་སོགས་ལེགས་པའི་ཕྱོགས་མི་ཉུང་བ་ཞིག་བཤད་ནས་ཨ་ཡེ་དམ་ཆོས་དབང་མོ་རང་དབང་མེད་པར་རྫོང་ཐོག་ཏུ་ཉལ་ཁྲི་དང་ཅོག་ཙེ། ཆ་སྒམ་སོགས་ཁྱིམ་ཆས་ཀུན་འཛོམས་ཀྱི་ཁང་ཆུང་མདོ་སྦུག་གཉིས་ལ་ཕྱི་རུ་ཉི་གཡབ་ཡོད་པ་སྒོ་ར་རང་འགྲིག་ཞིག་གི་ནང་དུ་སྡོད་དུ་བཅུག་ནས་འདི་རྒྱལ་སྒོའི་ལྡེ་མིག་རེད། འདི་ཁང་པའི་ལྡེ་མིག་རེད། འབོར་དུ་མ་འཇུག་ཅེས་ལྡེ་མིག་གཉིས་ལག་ཏུ་བཞག མོ་རང་གི་ཉི་གཡབ་ཀྱི་ནང་ནས་བཤད་སྲུབ་དར་རྒྱས་གླིང་གི་གསེར་ཟགས་ཀྱི་རྒྱ་ཕིབས་མཇལ་ཐུབ་པར་མ་ཟད། མོ་རང་གི་ནང་དང་དགོན་པའི་བར་ཨ་ཡེ་དམ་ཆོས་དབང་མོ་རྐང་ཐང་ལ་སོང་ན་སྐར་མ་བཅོ་ལྔ་ལས་མི་དགོས་པ་དང་དགོན་པར་སྐོར་བ་གཅིག་བསྐོར་ན་དུས་ཚོད་ཕྱེད་ཀ་ལྷག་ལས་མི་དགོས། ཉིན་མཚན་དབྱེར་མེད་དུ་གསོལ་བ་རྩེ་གཅིག་གིས་འདེབས་ས། སྤྲུལ་སྐུ་ཉི་མ་འོད་ཟེར་ཚང་གི་བླ་བྲང་ཡང་ཐག་ཉེ་པོ་ཡོད་པས་མོ་རང་ཡིད་ཚིམས།

མོ་རང་རྫོང་ཐོག་ཏུ་སྤོས་ནས་ཟླ་ཕྱེད་ཙམ་ཕྱིན་རྗེས། ཕ་ཡུལ་གྱི་ན་མཉམ་གྲོགས་མོ་རིན་ཆེན་སྐྱིད་མོ་གྲོགས་མོར་ཐུག་ཞོར་དང་སྨན་ཁང་ལ་ལྟ་ཞོར་རྫོང་ཐོག་ཏུ་སླེབས་ཏེ་གནས་ཚང་ཨ་ཡེ་དམ་ཆོས་དབང་མོའི་ནང་དུ་བསྡད། ཕན་ཚུན་ཟླ་ཕྱེད་རིང་མ་འཕྲད་པས་རྫོགས་རྒྱུ་མེད་པའི་སྐད་ཆ་ཤོད་རེས་བྱས། ཨ་ཡེ་དམ་ཆོས་དབང་མོས་རོགས་པ་བྱས་ནས་རྫོང་སྨན་ཁང་དུ་ཕྱིན་ནས་ནད་གཞི་བརྟག་དཔྱད་བྱས་པ་དང་། དེ་ནས་དགོན་པར་མཆོད་མཇལ། ཁྲོམ་རར་ཁྱིམ་མཁོའི་ཅ་དངོས་ཉོ་སྒྲུབ་བྱེད་རོགས་བཅས་བྱས།

རིན་ཆེན་སྐྱིད་མོས་མོ་ལ་ལག་རྟགས་སུ་ཕ་ཡུལ་གྱི་ད་ལོའི་འབྲི་མར་སེར་པོ་ཕལ་ཆེར་རྒྱ་མ་བཞི་ཙམ་ཞིག་སྤྲད། རིན་ཆེན་སྐྱིད་མོས་ཐོག་མར་མར་དཀྲོག་ཆེན་པོ་དེ་ཁྲོམ་རར་བཙོང་རྩིས་ཡིན་པས་ལུག་གི་གྲོད་པས་བཏུམས་ནས་སྟེང་དུ་རིན་ཆེན་སྐྱིད་མོ་ཞེས་མོ་རང་གི་མིང་ཡང་བྲིས་ནས་འདུག

རིན་ཆེན་སྐྱིད་མོ་ཕ་ཡུལ་དུ་ལོག་པའི་ཉིན་གཉིས་པར་ཨ་ཡེ་དམ་ཆོས་དབང་མོས་མར་དཀྲོག་དེ་ཁ་བཏགས་ཀྱིས་བཏུམས་ཤིང་རས་ཁུག་ཅིག་གི་ནང་དུ་བཅུག་ནས་སྤྲུལ་སྐུ་ཉི་མ་འོད་ཟེར་ཚང་དུ་སོང་། མོ་རང་གིས་སྤྲུལ་སྐུར་གསོལ་བ་འདེབས་ཀྱིན་སྤྱིར་བཏང་ལས་ཁུངས་ཀྱི་སྒོ་ལས་ཆེ་བའི་སྒོ་དམར་པོ་དེར་སླེབས་པ་དང་དུས་མཉམ། མདུན་དུ་པང་རས་བཅིངས་པའི་ན་ཆུང་མ་ཞིག་གིས་སྒོ་ཕྱེས་བྱུང་། ཨ་ཡེ་དམ་ཆོས་དབང་མོས་གུས་གུས་ཞུམ་ཞུམ་གྱིས་ཕྱག་འཚལ་ལ་ཁད་བྱས། རིན་པོ་ཆེ་བཞུགས་ཡོད་དམ། ཞེས་སྐད་ཤུགས་ཆུང་ངུས་དྲིས། ན་ཆུང་མ་དེས་བཞུགས་ཡོད་ཅེས་སེམས་ཆུང་གིས་ཨ་ཡེ་དམ་ཆོས་དབང་མོ་བསྐྱོར་ནས་མགྲོན་བསུ་ཁང་དུ་ཁྲིད། སྤྲུལ་སྐུ་ཉི་མ་འོད་ཟེར་གྱིས་ངུར་སྨུག་མདོག་གི་ནུབ་ལྭ་ཆ་ཚང་ཞིག་བཀླུབས་ནས་ནེམ་ཁྲིའི་སྟེང་དུ་ལག་ཐོགས་ཁ་པར་ལ་རྩེད་ཀྱིན་འདུག

མོས་དེའི་མུར་རིན་པོ་ཆེ། ཞེས་མིག་གཉིས་ལས་དད་པའི་མཆི་མ་ཤོར་བཞིན་དུ་མར་དཀྲོག་དེ་སྐུ་མདུན་གྱི་ཅོག་ཙེ་ཆེན་པོ་དེའི་སྟེང་དུ་བཞག་ནས་པང་གཅལ་དུ་རྩ་བ་བཅད་པའི་སྡོང་རྒན་བཞིན་ཕྱག་བཙལ། དེ་ནས་སྤྲུལ་སྐུའི་བསིལ་ལྷམ་དམར་སྨུག་དེ་ལ་ཐོད་པ་སྦྱར་བཞིན། རིན་པོ་ཆེ་སྐྱབས་འཇུག་གནོངས་ཞེས་ལག་ཟུང་གི་སྙིམ་པ་བྲང་ཁར་སྦྱར། ད་གཟོད་སྤྲུལ་སྐུ་ཉི་མ་འོད་ཟེར་གྱིས་ཨ་ཡེ་དམ་ཆོས་དབང་མོའི་མགོ་ལ་ཕྱག་དབང་ལན་གཅིག་གནང་ནས། ཡ་ཨ་ཡེ་ད་སེམས་སྐྱིད་པོ་བྱས་ནས་མ་ཎི་གང་མང་ཐོན། ཁྱོད་རང་ཕྱི་མ་ངན་སོང་དུ་མི་འགྲོ་བ་ངས་ཁས་ལེན་ཟེར་བཞིན་ཕྱག་མདུད་གཅིག་གནང་། དེ་ནས་པང་རས་བཅིངས་པའི་ན་ཆུང་མ་དེས་ད་རེས་མར་དཀྲོག་བཅུག་སའི་རས་ཁུག་དེའི་ནང་སིལ་ཏོག་དང་གོར་སོབ་ཁམ་བུ་སོགས་བཅུག་ནས་དམ་ཆོས་དབང་མོ་སྒོའི་ཕྱི་བར་དུ་སྐྱེལ་མ་བྱས།

དེ་རིང་འབྲི་མར་དེ་སྤྲུལ་སྐུར་ཕུལ་ཐུབ་པས། རིན་པོ་ཆེས། ཁྱོད་རང་ཕྱི་མར་ངན་སོང་དུ་མི་འགྲོ་བ་ངས་ཁས་ལེན་ཞེས་གསུངས་པས་དགའ་ཚོར་གྱི་སེམས་པ་འཇགས་མི་ཐུབ་པར་ནང་དུ་སླེབས་ནས་ཤིང་འབྲས་དང་གོར་སོབ་ཁམ་བུ་སོགས་ཆེས་རྙེད་པར་དཀའ་བའི་བྱིན་རྟེན་རྩ་ཆེན་ཞིག་ཡིན་པར་རློམ་ནས་ཉིན་རེར་ཅུང་ཟད་ལས་ཟ་མི་ནུས་པར་མཆོད་གཤོམ་གྱི་སྟེང་དུ་བསྒྲིགས།

ཕྱི་ཉིན་ཉིན་གུང་ཕ་ཡུལ་གཅིག་པ་ཡིན་པའི་རྫོང་ཨུའི་ཧྲུའུ་ཅི་ལོ་བརྒྱ་ཚེ་རིང་གི་ལག་ཏུ་འགྱིག་ཁུག་ནང་ཅ་དངོས་ལྗིད་པོ་ཡོད་པ་ཞིག་ཁྱེར་ནས། ཨ་ཡེ། འཚོ་བའི་ཐད་དཀའ་ངལ་ག་རེ་ཡོད་ན་ང་ཚོར་ལོབས། འདི་འབྲི་མར་ལྷད་མེད་རེད་ཅེས་འགྱིག་ཁུག་དང་ལྷན་དུ་ཅ་དངོས་ལྗིད་པོ་དེ་ལག་ཏུ་བཞག་ནས་ཕྱིན་སོང་།

ཨ་ཡེ་དམ་ཆོས་དབང་མོས་འགྱིག་ཁུག་ཁ་ཕྱེས་ནས་བལྟས་པ་ན་དེ་ནི་ཁ་སང་རང་གིས་སྤྲུལ་སྐུར་ཕུལ་པའི་མར་དཀྲོག་ཆེན་པོ་དེ་རེད་འདུག རིན་ཆེན་སྐྱིད་མོ་ཞེས་པའི་ཡིག་འབྲུ་གཉིས་ལས་གཞན་གྱི་དཔང་རྟགས་ཅི་ལ་དགོས། ཨ་ཡེ་དམ་ཆོས་དབང་མོའི་ལག་ཏུ་འགད་ལ་ཉེ་བའི་འབར་མདེའུ་ཞིག་བཟུང་བ་ལྟར་ལག་པ་འདར་བཞིན་དར་ཞིག་རི་མོའི་གཟུགས་སུ་གྱུར་ནས། ཁ་ནས་རང་དབང་མེད་པར་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བརྗོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།