ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མ་གཡང་འཛོམས་དང་བུ་མོ་བདེ་སྐྱིད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཙ་སུར་སྦྱིན་པ།   སྤེལ་དུས། : 2018-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་རིང་ནི་ཉིས་སྟོང་བཅོ་བརྒྱད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཡིན་ལ། ང་རང་ཕ་ཡུལ་ནས་ཕྱིར་སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་སློབ་གླིང་དུ་འབྱོར་ཏེ་ལས་འཚོགས་ལ་ཞུགས་པའི་ཉིན་གསུམ་པ་དང་གཟའ་ཉི་མའི་ཉིན་གུང་རེད། ཡིན་ཡང་བདག་གིས་ཡུན་རིང་ཞིག་ལ་བསམ་ཞིང་བསྒོམས་པའི་ངའི་ཨ་མ་གཉིས་པ་སྟེ་ཨ་མ་གཡང་འཛོམས་དང་བུ་མོ་བདེ་སྐྱིད་གཉིས་ཀྱི་བྱུང་བ་གསལ་ལ་མི་གསལ་བ་ཞིག་མདང་དགོང་རྨི་ལམ་དུ་འཁོར་བྱུང་བས། ནངས་ཇའང་མ་འཐུང་བར་མལ་ཁྲིའི་སྟེང་ནས་འདང་རྒྱག་ཞོར་དང་འཕྲེད་ལོག་བྱེད་ཞོར། མདུན་ཅོག་སྟེང་གི་དཔེ་དེབ་དང་དཔེ་ཆའི་ཁྲོད་ཀྱི་སྣུམ་སྨྱུག་སོགས་བདག་མེད་ཀྱི་ཁང་སྟོང་ལྟར་གང་སར་བཀྲམ་ཡོད་ལ། དེའི་ཁྲོད་ཀྱི་ཇ་ཕོར་ནི་དེ་ལས་ཀྱང་ཨུ་ཚུགས་ཀྱིས་འགྲེང་བའི་ཇ་སྣོད་ནི་ཚ་དེམ་ཞིག་དང་འདྲ་བར་ངས་མནོ་བསམ་ལ་རམ་འདེགས་བྱས་པ་བཞིན་གྲང་དྲོད་རན་པའི་ཇ་ཧུབ་གང་རེ་ང་ལ་འདྲེན་ཞོར་མུ་མཐུད་དུ་མདང་གི་རྨི་ལམ་གྱི་རྒྱབ་ལྗོངས་ལ་འཚོལ་སྙེག་དང་མདུན་སྐྱོད་བྱས་པ་ཡིན།

ཨ་མ་གཡང་འཛོམས་ཀྱི་སྐྱེས་ཡུལ་ནི། ཁ་མ་ཎི་ཅན་དང་། ལག་ཕྲེང་བ་ཅན། གོས་གོང་བ་ཅན། ཟས་རྩམ་པ་ཅན་ཚང་གི་ཞིང་ཁམས། ད་ལྟའི་ཀན་ལྷོའི་བསང་ཆུ་རྫོང་མངའ་ཁོངས་ཀྱི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་ལ། ཁོ་མོ་ཆུང་དུས་ནས་བཟུང་གཤིས་རྒྱུད་འཇམ་ཞིང་གཞུང་རྒྱུད་དྲང་བ། སྐྱེ་གཟུགས་ཀྱི་རིང་ཐུང་དང་ཕྲ་སྦོམ་སོགས་འོས་ཤིང་འཚམས་པ། ལས་གང་ཞིག་ལ་སྙིང་རུས་ཆེ་ཞིང་ལས་ལ་བརྩོན་པའི་སྐྱེས་མ་ཞིག་དང་། དཀར་ལ་དམར་བའི་མདངས་ཆགས་ཤིང་མཁུར་ཚོས་གཡོན་པའི་ཡར་ངོས་ན་སྨེ་བ་ཆུང་ཆུང་ཞིག་གིས་ཕྲ་ཚོམ་བཀོད་ཡོད་ལ། དུས་རྒྱུན་གདོང་ལ་བཅོས་མིན་འཛུམ་གྱིས་ཁེངས་པའི་ཡག་མ་ཞིག་ཀྱང་ཡིན། མོ་ལ་ལྷན་སྐྱེས་སུ་མངའ་བ་ནི་ལག་ལས་ཀ་དང་པོ་དང་ཡག་མོ་སྒོ་གཉིས་པར་འཛིན་པའི་བབ་ཆགས་ཤིང་ངང་རྒྱུད་དུལ་བའི་བཞིན་བཟང་མ་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཡིན། ཁོ་མོ་ལོ་བཅུ་དགུའི་སྟེང་ཕ་ཡུལ་དང་བར་ཐག་ཅུང་ཡོད་པའི་བསང་ཆུ་སྔོན་མོ་དལ་གྱིས་འབབ་པའི་གཡས་འགྲམ། བྱང་ཉི་མ་བླ་བྲང་སྟེ་ཤེས་རབ་ཀྱི་ཕ་ས་དང་ཤེས་རིག་གི་འབྱུང་ཁུངས་ཏེ་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་དང་བར་ཐག་ཉེ་བ་སྐྱེ་དངོས་ནགས་ཀླུང་གི་ལས་ཀ་གཙོ་བོ་གཉེར་བའི་སྡེ་བའི་དུད་ཚང་ཞིག་ལ་གནས་ཡོང་བ་རེད།

ཁོ་མོ་གནས་ལ་ཡོང་བའི་དུད་ཚང་དེར་སྐྱེས་པ་གསུམ་ཡོད་པའི་བར་མ་དེ་ཁོ་མོའི་ཁྱོ་ག་རེད། ཁྱོ་གའི་མིང་ལ་དཔའ་རྡོ་ཟེར་ཞིང་ངོ་གདོང་གོར་གོར་དང་གདོང་གི་ཁ་དོག་དམར་ལ་སྨུག་མདངས་ཆེ་བ། སྨྲ་བ་ཉུང་ཞིང་རྟུལ་ཕོད་དང་དཔའ་ངར་འཛོམས་པའི་ཕོ་རྒོད་ཅིག་ཡིན།དུད་ཚང་དེར་ཡོང་ནས་ལོ་གཉིས་འདས་མ་འདས་ཤིག་ལ་ཁོ་མོའི་ཁྱོ་ག་དང་ཁོ་གཉིས་ཁེར་ཁྱིམ་དུ་བཞག་ཅིང་ཁྱིམ་ལ་མེད་དུ་མི་རུང་བར་མཁོ་བའི་ཆས་ཀ་འགའ་ཉོས་ཚར་དུས། ཤུལ་ན་སྒོར་བཅུ་གཉིས་ལས་ཅི་ཡང་མེད་མོད། འོན་ཀྱང་། འཚོ་བ་ནི་འཁོར་བ་ཡིན་ལ་འཁོར་བ་ནི་བརྩེ་དུང་གིས་འབྱམས་པའི་སྣེ་མོ་ན་སྐྱིད་སྡུག་གི་རྒྱུན་རིང་ཞིང་དཀའ་སྡུག་གི་རྔུལ་ཆུ་ཟགས་སའི་རྒྱ་མཚོ་ཡིན་རུང་། དེ་ནི་རིན་ཆེན་གྱི་གསེར་བུམ་ཞིག་དང་མཚུངས་པར་འཇིག་རྟེན་ལ་ངེས་པར་དགོས་ཤིང་མཁོ་ལ། སུས་ཀྱང་འདོར་དཀའ་བ་དེ་བཞིན། ཨ་མ་གཡང་འཛོམས་ཁྱོ་ཤུག་གཉིས་སྔར་ལས་ཀྱང་ཞལ་རས་ན་བཅོས་མིན་གྱི་འཛུམ་མདངས་ཤིག་དུད་ཚང་དེ་ན་དྲོད་ཁོལ་དང་དགོད་སྒྲས་ཁེངས་ཡོད་ལ། ཁོ་མོ་ཡོད་པས་ཁྱིམ་ཚང་དེ་ན་བཅུད་ཀྱིས་གཏམས་པའི་ནོར་གཡང་ཞིག་འཁྱིལ་ཡོད་པ་དང་འདྲ་ལ། ཨ་མ་གཡང་འཛོམས་ཚང་ནི་སྡེ་བའི་ནང་གི་བདེ་ཞིང་སྐྱིད་ཀྱིས་འཚོ་བའི་ཁྱིམ་ཚང་ཞིག་ཏུ་གྱུར་པར་མ་ཟད། དེ་ནས་ཅུང་ཙམ་མ་འགོར་བར་ཨ་མ་གཡང་འཛོམས་ལ་བྱིས་པ་ཞིག་བཙས་ཤིང་། བཙས་མ་ཐག་ནས་བྱིས་པ་གཞན་དང་མི་འདྲ་བར་ཉིན་མཚན་དབྱེར་མེད་དུ་ངུ་བར་བྲོ་ཞིང་སྤོ་ཆེ་ཚུལ་གྱི་རྣམ་པ་སྟོན་བྱུང་། བྱིས་པ་དེའི་མིང་ལ་བདེ་སྐྱིད་འཚོ་ཟེར་ཞིང་། ཁོ་མོ་ཨ་ཕ་དང་འདྲ་བར་སྨྲ་བ་ལ་དེ་འདྲ་སྤྲོ་བོ་མེད་ན་ཡང་སྐྱེ་གཟུགས་དང་ངོ་གདོང་ཅང་སྨུག་ཙམ་མ་གཏོགས་གཞན་སྐྱེ་གཟུགས་དང་མཁུར་ཚོས་གཡོན་པར་སྨེ་བ་ཆུང་ཆུང་ཞིག་ཡོད་པ་བཅས་ཨ་མ་དང་འདྲ། ཁོ་མོ་བཙས་ནས་ལོ་བཞི་འགོར་མ་འགོར་ལ་ཡང་བསྐྱར་ཨ་མ་གཡང་འཛོམས་ལ་བྱིས་པ་ཞིག་བཙས་ཤིང་དེའི་མིང་ལ་ཤེས་རབ་ཆོས་སྒྲོན་ཟེར་ཞིང་། ངོ་གདོང་གོར་གོར་དང་གཟུགས་དབྱིབས་སོགས་ཁོ་མོའི་ཕ་དང་ཕལ་ཆེར་གཅིག་མཚུངས་ཡིན་ལ། ངོ་གདོང་གི་ཁ་དོག་དམར་ལ་དཀར་མདངས་ཤོས་ཆེ་བ་ཞིག་ཡིན། བྱིས་པ་གཉིས་ཀྱི་ལག་ཡང་མི་ཡང་ནི་བུ་མོ་ཆེ་བ་བདེ་སྐྱིད་ནི་ཨ་ཕ་དང་འདྲ་ལ། བུ་མོ་ཆུང་བ་ཤེས་རབ་ཆོས་སྒྲོན་ནི་ཨ་མ་དང་འདྲ་བར་ལག་ཡང་ཞིང་བཟའ་བཏུང་དང་རྒྱན་གོས་སོགས་ལ་གདམ་ང་ཅི་ཡང་མེད་པར་གང་ཡོད་ཅི་ཡོད་ཀྱིས་ཆོག་པས། བཟའ་མི་ཚང་མ་ལུས་བདེ་སེམས་སྐྱིད་ཀྱི་རྣམ་པས་ཁེངས་པའི་ཁྱིམ་ལ་དྲོན་ཁོལ་ཆེ་ཞིང་སྒོ་ལ་ནོར་གཡང་འཁྱིལ་བའི་དུད་ཚང་ཞིག་ཡིན།

དེ་ནས་བྱིས་པ་གཉིས་རིམ་གྱིས་འཚར་ལོངས་བྱུང་ཞིང་ཁྱིམ་ཚང་གི་ཆ་རྐྱེན་ཡང་ཧ་ཅང་བཟང་པོ་མིན་རུང་མི་ཆོག་རྒྱུ་མེད་མོད། བུ་མོ་ཆེ་བ་བདེ་སྐྱིད་འཚོ་སློབ་གྲྭར་འགྲོ་རན་ཡང་ཁོ་མོར་སློབ་གྲྭར་འགྲོ་རྒྱུར་སྤྲོ་བོ་མེད་པས། དེ་ནས་བཟུང་མ་གཡང་འཛོམས་དང་ཕ་དཔའ་རྡོ་གཉིས་ལ་རིག་གནས་ཟེར་བ་ཞིག་ཕར་ཞོག་ཡི་གེ་ཞེས་པའི་མིང་ཞིག་གོ་མྱོང་ཡོད་པ་ལས་རིག་མྱོང་མེད་མོད། འོན་ཀྱང་ཁོ་བཟའ་ཟླ་གཉིས་ཀས་ཞུམ་མེད་གྱི་དཔའ་སྤོབས་དང་གཡོ་ཟོལ་བྲལ་བའི་བློ་གྲོས་ཀྱིས་དུས་རབས་ཀྱི་གོམ་འགྲོས་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་མཐུན་དགོས་ན་གང་འདོད་ལྟར་གནས་ལ་རྫོངས་ནས་བཞག་པ་ལས། བྱིས་པ་ཚོར་ཆུང་དུས་ནས་རང་གི་ནུས་ཚོད་ཀྱིས་ཡོན་ཏན་རེ་སྦྱང་དུ་མ་བཅུག་ན། ཕ་མ་དང་མ་བུའི་བྱམས་བརྩེ་ཟེར་བ་ཡང་མིང་དོན་མཚུངས་པ་ཞིག་ཡེ་ནས་མིན་པར་བསམས་ཏེ། རང་གི་བུ་མོ་བདེ་སྐྱིད་ཀྱི་མ་འོངས་པའི་མདུན་ལམ་ལ་གཞིགས་ནས་སློབ་གྲྭར་འགྲོ་རྩིས་ཀྱི་གྲབས་བྱས་པ་ན་བུ་མོ་བདེ་སྐྱིད་སློབ་གྲྭ་འགྲོ་འདོད་མེད་པར་ངུ་ཤུབ་ངང་སྤོ་ལང་བཞིན་འདུག་མོད། ཨ་མ་གཡང་འཛོམས་ཀྱིས་གཅེས་པའི་འཛུམ་དང་སྙན་པའི་ངག་གིས་སྐྱོར་གྱིན་ནངས་སྔ་མོའི་དུས་ཚོད་ལྔ་དང་ཕྱེད་ཀ་ཡས་མས་ནས་ཞོགས་ཟས་གང་ཡིན་ཁར་ལྡུག་ཅིང་ཉིན་གུང་གི་བྲོ་དཔེ་ཁུག་ནང་དུ་རིམ་པར་བསྡུས་ཏེ་བརྩེ་བའི་བྱམས་ཀྱིས་སྐྱོང་ཞོར་བར་ཐག་ལ་སྤྱི་ལེ་དྲུག་བདུན་ཡོད་སའི་སློབ་གྲྭར་ཉིན་གཅིག་དང་ཟླ་གཅིག་ལོ་གཅིག་མ་ཡིན་པར་ཨ་མ་གཡང་འཛོམས་ཁོ་མོ་སློབ་གྲྭར་འགྲོ་བ་ཇི་བཞིན། སྐབས་འགར་བུ་མོ་བདེ་སྐྱིད་ངུ་ཞིང་ཨ་མ་གཡང་འཛོམས་ཡང་ཡིད་སྐྱོ་ཞིང་སྨྲེང་བཞིན་གཉིས་ཀ་ཕྱིར་ཡུལ་ལ་ལོག་པ་གང་མང་ཡོད་ལ།སྐབས་ལར་ཨ་མ་གཡང་འཛོམས་ཀྱིས་བུ་མོ་བདེ་སྐྱིད་ཀྱི་རྒྱབ་ནས་ལག་པས་དེད་ནས་སོང་ན་མ་གཏོགས་ལག་པ་ཕྱིར་གང་ནས་ལངས་ན་དེ་ནས་ཧྲེང་ངེར་ལངས་འདུག་ཅིང་རྡོ་ཕ་བོང་ཇི་བཞིན་འགུལ་ཡང་མི་འགུལ། དེ་ལྟར་མ་བུ་གཉིས་སློབ་གྲྭའི་སྒོར་ཐོན་ན་ཡང་གློ་བུར་སློབ་ཁང་དུ་མི་འགྲོ་བར་བུ་མོ་བདེ་སྐྱིད་ཡར་མར་དུ་བྲོས་འགྲོ་བ་ཐེངས་གཅིག་ག་ལ་ཡིན། ཡང་ལན་རེར་ཨ་མ་གཡང་འཛོམས་ཀྱང་སྤོ་ལངས་པས་གཅར་རྡུང་ག་འདྲ་བྱས་རུང་བུ་མོ་བདེ་སྐྱིད་སྔར་བཞིན་མི་སུ་ཡིན་རུང་ཁ་མི་གྲག་ཅིང་གཅིག་པུ་ཡུལ་ལ་མི་ཡོང་བར་ག་ས་གང་དུ་ཉུལ་འགྲོ་བ་ཞིག་རེད། བུ་མོ་ཆུང་བ་ཤེར་སྒྲོན་ནི་ཨ་ཅེ་དང་མི་འདྲ་བར་སློབ་གྲྭ་ལ་མངགས་ནས་བཟུང་མི་འགྲོ་ཟེར་བའི་ཉིན་གཅིག་བྱུང་མྱོང་མེད་ལ། སློབ་སྦྱོང་གི་མཇུག་འབྲས་ཀྱང་ནམ་ཡིན་ཡང་བཟང་ཤོས་རེད། བུ་མོ་བདེ་སྐྱིད་ནི་ཡི་གེ་མི་ཤེས་ཤིང་བློ་རིག་རྟུལ་བའི་བྱིས་པ་ཞིག་མ་རེད། འོན་ཀྱང་ཅི་ཡིན་མི་ཤེས་རུང་བུ་མོ་སློབ་གྲྭར་འགྲོ་འདོད་མེད་པ་ནི་ཨ་མ་གཡང་འཛོམས་ལ་མཚོན་ན་སེམས་ཁོང་ན་དཀའ་སྡུག་དང་ངལ་བ་སྟོང་ཕྲག་ཅིག་བསྣན་ཡོད་པ་སྨོས་མ་དགོས་མོད། ཡིན་ཡང་རང་གི་ནང་མི་དང་སྡེ་མི་སུ་ལ་ཡང་མི་སྙན་པའི་ཚིག་རྩུབ་དང་མི་མཛེས་པའི་རྣམ་འགྱུར་གཅིག་ཀྱང་བསྟན་མྱོང་མེད་ལ། ཨ་མ་གཡང་འཛོམས་ཁོ་མོ་ནི་ཨ་གསར་ཨུ་ཚུགས་ཀྱིས་རང་གར་དགའ་ན་འུར་རྒྱག་མཁན་ཞིག་དང་སྐྱོ་ན་དེ་མུར་ངུ་ངག་འདོན་མཁན་གྱི་སྐྱེས་མ་ཞིག་ཡེ་ནས་མིན་པས། ཉེ་འཁོར་གྱི་གྲོང་ཚོའི་མི་མང་པོས་ཨ་མ་གཡང་འཛོམས་ནི་ཅི་འདྲའི་རང་གར་མིན་པའི་ཨ་མ་ཞིག་རེད་ཨང་ཞེས་བསྟོད་བསྔགས་བྱེད་པ་ཉུང་ཉུང་མ་རེད། ཡང་དགུན་གྱི་དུས་སྐབས་ཤིག་ལ་བུ་མོ་བདེ་སྐྱིད་སློབ་གྲྭར་བསྐྱལ་རུང་དགོང་མོ་མཚན་གང་པོར་ཕྱིར་ཡུལ་ལ་མ་ཐོན་པར། ཨ་མ་གཡང་འཛོམས་ཁྱོ་ཤུག་གཉིས་འཚབ་འཚུབ་དང་རྟབ་རྟབ་པོར་གྱུར་ཅིང་ཉེ་མི་ཚོར་བཅར་ནས“བུ་མོ་བདེ་སྐྱིད་ཨེ་རིག་ཐལ།ངའི་བུ་མོ་བདེ་སྐྱིད་རིག་མྱོང་ཡོད་དམ”ཞེས་ཚ་ཚ་འུར་འུར་གྱི་གད་རྒྱངས་ཅི་འདྲ་སྒྲོག་རུང་བུ་མོ་བདེ་སྐྱིད་ཀྱི་གྲིབ་གཟུགས་ཙམ་ཡང་མ་མཐོང་བར་མིག་རྡེབ་དབང་ཙམ་གྱིས་ནམ་ལངས་སོང་། ཕྱི་ཉིན་སྡེ་མི་ཡོངས་ལ་བརྡ་བརྒྱབ་སྟེ་བཙལ་དུ་སོང་། ཨ་མ་གཡང་འཛོམས་དང་ཁོ་མོའི་བཙལ་རོགས་ཏེ་ཡུལ་ཕྱོགས་གཅིག་པའི་གནས་ཡོང་མ་དང་ཁོ་མོ་གཉིས་སྔ་ཕྱི་བྱས་ནས་སྡེ་བའི་རྒྱབ་རིའི་ངོར་བརྡབ་གསིག་རྒྱག་བཞིན་བཙལ་བ་ན། ཨ་མ་གཡང་འཛོམས་ཀྱིས“མོའི་བུ་མོ་སློབ་གྲྭར་འགྲོ་འདོད་མེད་པ་ཤེས་བཞིན་དུ་བཙན་གྱིས་འདེད་མཁན་ང་རང་ཡིན་ལ།དེ་རིང་འདི་འདྲར་རློག་མཁན་ཡང་ཁོ་མོ་ཡིན”ཞེས་ངག་འདར་འདར་དང་ལྕེ་ཧལ་ཧལ་གྱིས་བཤད་པ་ན། བུད་མེད་འགྲོ་རོགས་ཨ་ཅེ་སྒྲོན་བྷེ་ཡིས“ཁྱེད་ཀྱིས་ཅི་ཞིག་ཟེར། དེ་འདྲ་ཆེ་ཡིན། སྐྱོན་ཡོད་ནི་མ་རེད”ཟེར་ཞོར་ངལ་ཙམ་གསོས་ནས་ཅང་མ་འགོར་བར། སྡེ་མི་ཞིག་གིས་ཀི་རིང་འདེབས་ཀྱིན“འདི་ན་ཡོད་ཀི།བུ་མོ་བདེ་སྐྱིད་འདི་རུ་ཡོད་ཀི”ཞེས་ཨ་ཅེ་སྒྲོན་བྷེ་ཡིས་ཐོས་འཕྲལ། ཨ་མ་གཡང་འཛོམས་ལ“གན་ན་ཡོད་ཀི་ཟེར་གྱིན་འདུག”ཅེས་ལབ་པ་ན། ཨ་མ་གཡང་འཛོམས་ཧ་བེ་ཧོབ་བེའི་ངང“ཨ་ཨ་ཅི་ཞིག་གང་ན་ཡོད་དམ། ངའི་བུ་མོ་བདེ་སྐྱིད་ཡིན་ནམ། ད་རུང་གསོན་ཡོད་དམ”ཞེས་དངངས་འཚུབ་ཀྱིས་དེ་ལྟར་དྲིས་པ་ན། འགྲོ་རོགས་ཨ་ཅེ་སྒྲོན་བྷེ་ཡིས“འོ་ལེ། ཀློའི་བཤད་མ་རྒྱག་དང་གསོན་ཡོད་ཀི་གན་རེད། ངས་ཀྱང་རིག་གིན”ཞེས་བཤད་པ་ན། ཨ་མ་གཡང་འཛོམས་ངུ་མ་དགོད་ཀྱིས་ཧན་ཧོན་དུ་གྱུར་པ་བཞིན་ཅི་ཡིན་འདི་ཡིན་མེད་པར་ཀྲོང་ངེར་ལངས་འདུག་ཅིང་། ཨ་མ་གཡང་འཛོམས་ལ་ཅི་ཁག་སྟེ་གཅིག་རང་གི་ཤ་ལས་ཆད་ཅིང་མཆེད་པའི་བུ་མོ་བདེ་སྐྱིད་རྙེད་པར་མ་ཟད་གསོན་ཡོད་པར་མཐོང་ཚེ། ངག་འདར་འདར་དང་རྐང་ཁྱར་ཁྱོར་གྱིས་རྒྱབ་རིའི་ངོས་ནས་མར་ཡོང་། རྐང་བའི་འདེགས་འཇོག་ཀྱང་བུ་མོ་བདེ་སྐྱིད་དང་ཁད་ཇེ་ཉེ་ནས་ཇེ་ཉེར་སོང་བས་ངུ་ཤུབ་དང་བཅས་རང་གི་བུ་མོ་བདེ་སྐྱིད་ལ་འཐམ་བསམ་རུང་། བུ་མོ་བདེ་སྐྱིད་ནི་ད་རུང་སེམས་མེད་ཀྱི་བེམ་པོའི་གྲིབ་གཟུགས་ཤིག་དང་འདྲ་བར་ངུ་ཡང་མི་ངུ་ལ་དགོད་ཀྱང་མི་དགོད་པར་ཨ་མ་གཡང་འཛོམས་ཀྱི་མདུན་དུ་ལམ་བུར་རྡོག་པས་སྣོན་བཞིན་དལ་བ་དལ་བུར་མདུན་སྐྱོད་བྱས་པ་ལས་ཨ་མ་གཡང་འཛོམས་ལ་ཡེ་ནས་མིག་ཟུར་ཙམ་ཡང་མི་བལྟ། དེ་བས་སྡེ་མི་ཚང་མས“མོར་བླ་མ་ཞིག་གི་དྲུང་དུ་ཁྲིད་ནས་ཅི་ཡིན་གྱི་རིམ་གྲོ་རེར་བསྒྲུབས་ན་མ་གཏོགས་ཕན་པ་ཆེར་མེད་པ་འདྲ”ཞེས་པའི་བསམ་ཚུལ་དེ་བདེ་སྐྱིད་ཀྱི་ཕ་མ་གཉིས་ཀས་ཀྱང་ཡུལ་ལ་སྔ་མོ་ནས་འཆར་ཡོད་མོད། ཁྱིམ་ཚང་གི་ལས་ཀའི་བྲེལ་འཚུབ་བར་ནས་ཁོམ་ལོང་མེད་པར་ལུས་སོང་བ་ཡིན་པ་དེ་རེད།

བླ་མར་ཞུས་ཤིང་བླ་མས་རིམ་གྲོ་གསུངས་པ་ཚང་མ་བཏོན་ཚར་ནས་སློབ་གྲྭ་ཞིག་བརྗེས་ན་དགའ་ངོ་ཡོད་པར་གསུངས་པས་དེ་ལྟར་དུ་ས་གླང་སྤྱི་ལོ2009ལོའི་དབྱར་ཁར། ཕ་དཔའ་རྡོས་བུ་མོ་བདེ་སྐྱིད་ཁྲིད་དེ་སློབ་གྲྭ་གཞན་པ་དེར་འགྲོ་རུ་བཅུག་ཅིང་ཉིན་གཉིས་ཙམ་མ་འགོར་བར་ཁོ་མོ་རང་འགུལ་གྱིས་ཕྱིར་ཡུལ་ལ་བུད་ཡོང་། ཨ་མ་གཡང་འཛོམས་ཡང་ཐབས་ཟད་འུ་ཐུག་གི་ངོ་གདོང་ཕྱིར་མ་མངོན་པར་དཔའ་ངར་ཞུམ་མེད་ངང“ཨ་མའི་གཅེས་མ་བདེ་ཁོ་ཅི་ཞིག་མ་ཉན་ཐལ”ཞེས་དྲིས་པ་ན། མོས་བཤད་རྒྱུར“ད་ནས་བཟུང་མོ་དེ་སྔོན་གྱི་སློབ་གྲྭར་མུ་ནས་འགྲོ་རྒྱུ་ཡིན”ཞེས་བཤད་པ་ན། ཨ་མ་གཡང་འཛོམས་ཀྱིས“ཨ་རོགས་ངོ་མ་ཡིན་ནམ”ཞེས་ཡིད་གཉིས་དཔྱངས་ཐག་བསྡམས་ཀྱིན་བུ་མོ་བདེ་སྐྱིད་ལ་ནན་གྱིས་དྲིས་པ་ན། མོས“འོ་ལེ་ངོ་མ་ཡིན་ཨ་མ”ཞེས་པའི་ལན་དེ་ཨ་མ་གཡང་འཛོམས་མོའི་ཡིད་ཀྱི་གཏིང་དང་སེམས་ཀྱི་དཀྱིལ་ནས་ཚད་མི་ཤེས་པའི་དགའ་སྐྱོ་ཟུང་སྦྲེལ་ཞིག་གིས་དགའ་ཞིང་སྤྲོ་ལ་ངུ་ཡང་སླ་བར་བཅུག་སོང་། གང་ལྟར་ཤིང་སྤྲེལ་སྤྱི་ལོ2004ལོའི་ལོ་མགོ་ནས་བཟུང་བུ་མོ་བདེ་སྐྱིད་དང་ཨ་མ་གཡང་འཛོམས་གཉིས་སློབ་གྲྭའི་ར་སྐོར་མ་གཏོགས་ས་བྱི་སྤྱི་ལོ2008ལོའི་བར་དུ་མཉམ་འགྲོ་མཉམ་འདུག་ངང་རང་གི་བུ་མོ་སློབ་གྲྭར་བསྐྱལ་བའི་ལས་ཚེགས་ནི་རང་ག་ཞིག་ཡེ་ནས་མིན་ཏེ། ནངས་སྔ་ལངས་ཀྱིས་བུ་མོ་བདེ་སྐྱིད་ལ་གོན་པ་གྱོན་པ།ཞོགས་ཟས་ཁར་བླུག་པ།དཔེ་ཁུག་རྒྱབ་ལ་ཁུར་དུ་བཅུག་ན་མ་གཏོགས་རང་སྒེར་གྱིས་ཡེ་ནས་མི་འཁུར་ཞིང་། དགོང་འཕྱི་ཉལ་གྱི་སློབ་གྲྭ་གྲོལ་ནས་ཡུལ་ལ་ཐོན་དུས་ནུབ་ཟས་བཅའ་བ། བཏུངས་ཚར་མ་ཐག་བུ་མོ་བདེ་སྐྱིད་ཀྱི་འཁྲིས་སུ་ཙོག་པུར་བསྡད་དེ་ལས་བྱ་ཡོངས་མ་ཚར་བར་བུ་མོའི་གམ་དུ་བལྟས་བལྟས་འདུག་པ་ལས་ལས་བྱ་མི་འབྲི་བ་སོགས་དཀའ་སྡུག་དང་སྙིང་རུས་ཀྱིས་བསྐྱལ་བའི་ལོ་ངོ་འདི་དག་ནི་ཨ་མ་གཡང་འཛོམས་ཀྱི་རྔུལ་ཆུས་འོད་སྣང་བསགས་པའི་ལམ་ཆེན་ཡིན་ལ། ད་རུང་དེ་བས་ག་ལ་ཚད་མི་ལོ་བཞིའི་རིང་ཉིན་གཅིག་ཀྱང་མ་ཆད་པར་བུ་མོ་སློབ་གྲྭར་བསྐྱལ་ནས་ཕྱིར་ཡུལ་ལ་ཐོན་མ་ཐག་ཡང་འདུ་འགོད་ཆེ་བའི་ནགས་ལས་ལ་འགྲོ་དགོས་ཤིང་། ཕྱི་དྲོ་ཕྱིར་རང་ཁྱིམ་ལ་ཐོན་མ་ཐག་བུ་མོ་ཆུང་བ་ཐོན་རུང་བུ་མོ་ཆེ་བ་བདེ་སྐྱིད་ཡུལ་ལ་མི་ཡོང་བས་ཨ་མ་གཡང་འཛོམས་ཡང་བུ་མོ་བཙལ་བར་འགྲོ་དགོས་པ་ཉུང་ཉུང་མ་རེད། མི་ཞིག་ཡིན་ན་མི་བསྒྲུབས་པ་ལས་མི་འགྲུབ་པ་མེད་པ། མི་ལ་བརྩོན་འགྲུས་ལྡན་གྱུར་ན། །འཇིག་རྟེན་འདི་ན་དཀའ་བ་མེད། །ཅེས་པའི་གདམས་ངག་དང་མན་ངག་འདིས་ང་ཚོ་ཕྱི་རབས་པར་བག་འཁུམས་ཤིང་གཉའ་བསྒུར་ནས་འདུག་མི་ཉན་པར། དུས་རབས་འདིའི་ནང་རང་རིགས་ཀྱི་རིག་གཞུང་དང་མིའི་ཤེར་རྟོགས་འཕོ་འགྱུར་ལ་ངོ་མཚར་བའི་སྟངས་སྟབས་ཤིག་དང་དགེ་མཚན་དང་འོད་སྟོང་གིས་ཕྱུག་པའི་ཤེས་རབ་ཀྱི་རལ་གྲི་དངོས་གནས་པ་རེ་ཡོད་པ་ང་ཚོའི་མིག་མདུད་དུ་བཤམས་ཡོད་པ་མ་ཡིན་ནམ།

དེ་ལྟར་ཨ་མ་གཡང་འཛོམས་ཀྱི་རྣམ་པར་དཀར་བའི་ལྷག་བསམ་གྱིས་ལས་དཀར་པོ་ལ་དཀར་པོ་ཡིན་པའི་ལས་འབྲས་དང་རྒྱུ་འབྲས་ནི་ནམ་ཡང་བསླུ་མེད་ཅིག་ཡིན་པ་ར་སྤྲོད་བྱེད་ཀྱིན། ཁོ་མོའི་བུ་མོ་ཆུང་བ་ད་ལོར་གཙོས་བོད་རིགས་སློབ་འབྲིང་དང་པོའི་མཐོ་གཉིས་འཛིན་གྲྭར་སློབ་གཉེར་བྱེད་ཀྱིན་ཡོད་ལ། བུ་མོ་ཆེ་བ་བདེ་སྐྱིད་འཚོ་ནི་ཉིས་སྟོང་བཞི་ལོའི་དབྱར་ཁ་ཞིག་ནས་ཤེས་རབ་ཀྱི་འོད་སྣང་ཞིག་གི་བརྩེ་བར་འཇུས་ནས། གཙོས་སློབ་འབྲིང་དང་པོའི་མཐོ་རིམ་ནས་རིམ་པར་བརྒྱུད་དེ་ད་ལྟ་ལན་གྲུ་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོ་ག་གེ་མོ་ནས་མི་འགྱངས་པར་སློབ་མཐར་ཕྱིན་པར་རེ་ཞིང་སྙེག་གིན་ཡོད་པ་འདིས་ཨ་མ་གཡང་འཛོམས་ཁྱོ་ཤུག་གཉིས་ལྟ་བུའི་ཕ་མ་ཚོས་རང་རང་གི་བུ་བུ་མོ་ཚོར་ཤ་ཚ་ཞིང་སྙིང་ཉེ་ན་སྤྱི་ཚོགས་འདིའི་གདོང་ལེན་མཁན་ཞིག་འགྱུར་དུ་འཇུག་དགོས་ན་ཅིས་ཀྱང་སློབ་གྲྭར་མངག་དགོས་པའི་དུས་ཀྱི་སྒྲོན་མེ་ཞིག་སྦར་ཡོད་ལ། ཕྱི་ན་རིན་ཆེན་གྱི་རྒྱན་ཆ་ཇི་ལྟར་འཛོམས་པོ་ཡོད་པ་ལས་ནང་ན་རིག་གནས་ཀྱི་ཡོན་ཏན་འཇོན་པོ་ཞིག་ལྡན་དུ་འཇུག་པར། ཨ་མ་གཡང་འཛོམས་ཀྱིས་འབད་འབད་དུང་དུང་གིས་བསྒྲུབས་ཤིང་བསྐྱངས་ནས་ཡོང་བའི་བུ་མོ་བདེ་སྐྱིད་འཚོ་ལྟ་བུ་ཡིན་ལ། བུ་མོ་བདེ་སྐྱིད་འཚོའི་བདེ་སྐྱིད་ནི་ཨ་མ་གཡང་འཛོམས་ཀྱི་བདེ་སྐྱིད་ཡིན་ལ། ཨ་མ་གཡང་འཛོམས་ཀྱི་བདེ་སྐྱིད་ནི་མ་འོངས་པའི་མི་རིགས་དང་རྒྱལ་ཁབ་ཅིག་མ་ཟད། འཛམ་གླིང་དང་འགྲོ་བ་སེམས་ཅན་གྱི་བདེ་སྐྱིད་ཅིག་ཡིན་པ་ནི། མདང་དགོང་གི་རྨི་ལམ་ནང་གི་ངའི་ཨ་མ་གཉིས་པ་སྟེ་ཨ་མ་གཡང་འཛོམས་དང་བུ་མོ་བདེ་སྐྱིད་གཉིས་ཀྱི་བྱུང་བ་ཡིན་ལ། རྨི་ལམ་ནི་རྨི་ལམ་ཙམ་ཞིག་མ་ཡིན་པར་རྨི་ལམ་གསོན་པོ་ཞིག་དང་རེ་ལྟོས་ཀྱིས་འཆའ་བའི་རང་གི་ཕུ་ནུ་ཚོར་འབོད་སྐུལ་ཐེངས་ཤིག་མིན་པ་ཅིས་ཀྱང་ཧ་གོ་བར་གྱིས་དང་། འདི་ནི་རྒྱལ་ཁབ་ཀྱིས་གནང་ཞིང་མི་རིགས་ལ་བཅོལ་བའི་མ་བཅོས་སེམས་ཀྱི་སྟོབས་ཤུགས་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།