ཀྲུང་གོ་བོད་ཀྱི་དྲ་བ།

མནའ་མ་ཚེ་སྐྱིད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨ་དཀོན།   སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

དུང་དཀར་སྡེ་བ་ནི་ལྷ་རི་གོང་མའི་གཡས་ཞོལ་དུ་འཕྲེད་ཀྱིས་ཆགས་ཡོད་ལ། ས་བབ་མཐོ་ཞིང་འཁྱག་གྲང་ཆེ་བས་སྡེ་བ་དེ་ནི་ཕྱུགས་ལས་གཉེར་བའི་འབྲོག་པ་རྐྱང་རྐྱང་ཡིན། འབྲོག་སྡེ་དེ་ཡུལ་དེར་ཆགས་ནས་དུས་ཡུན་ཅི་ཙམ་ཞིག་འགོར་སོང་བ་ས་དེའི་མི་སུས་ཀྱང་བཤད་མི་ཤེས་མོད། དུས་ཡུན་རིང་པོ་ཞིག་གི་ནང་གནས་དེར་མཉམ་གནས་ཀྱིས་རོལ་ཡོང་ཞིང་། འཚོ་གཞིས་ཀྱི་མཛའ་མཐུན་མི་རབས་ནས་མི་རབས་བར་བསྐྱངས་ཡོང་བའི་ཚོ་སྡེ་མཐུན་པོ་ཞིག་ཡིན།

ཨ་ཁུ་མགོན་པོ་ལ་སྡེ་བའི་རྒན་གཞོན་ཀུན་གྱིས་འབྲེལ་འདྲིས་ཆེ་ཞིང་ཆ་རྒྱུས་ཡོད་ལ། ལྷག་པར་དབྱར་ཚེས་དུས། ཕྱུགས་རྫི་རྣམས་ཀྱིས་ཕྱུགས་ཟོག་རྩྭ་ཁ་བྱས་ཏེ་ཉིན་གུང་ཨ་ཁུ་མགོན་པོ་ཚང་ལ་འཛོམས་ནས་མཆོང་ལྡིང་དང་འཇུ་རེས་སོགས་ཀྱི་རྩེད་མོར་རོལ། རྟག་པར་ཨ་ཁུ་མགོན་པོས་ཀྱང་དུས་ཚོད་དེར་རེ་སྒུག་བྱེད་ཅིང་། ཕྱུགས་རྫི་གསར་བུ་དག་རེ་རེ་བཞིན་འཛོམས་ཡོང་དུས་ཁོའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། “བཀྲ་མཚོ་སྒོ་འགྲམ་འདིར་གདན་ཐོངས”ཞེས་ཆུང་མར་བཤད་ཞོར་སྦྲ་གུར་གྱི་སྒོ་ཡོལ་ཆོན་ཐག་ལ་འདོགས་ཞོར་གསར་བུ་དག་ལ་ཅི་ཞིག་ངོམ་རྒྱུ་ཡོད་པ་ལྟར་གྲ་སྒྲིག་བྱེད།

ཉིན་དེར་སྡེ་དཔོན་ཚང་གི་མག་པ་ཨ་བསོད་ཀྱིས་མཆན་ཁུང་དུ་ནེམ་ཞིང་ཡང་བའི་ཁུག་མ་སྔོན་པོ་དུད་དྲེག་ཅན་ཞིག་བཟུང་སྟེ་ཨ་ཁུ་མགོན་པོའི་གུར་གྱི་སྒོ་འགྲམ་དུ་ཡོང་སྟེ། “དེ་རིང་ང་ལ་ཁུ་ལུ་མ་གཏོགས་མེད། ཁུ་ལུ་ཡག་ཤས་དེ་ཁུར་ཡོང་ཡོད”ཅེས་དགོད་ཞོར་དུ་སྒོ་མཚམས་ཀྱི་གདན་ཁྲ་རྙིང་ཧྲུལ་དེའི་སྟེང་བསྡད། ཨ་ཁུ་མགོན་པོས་ཅུང་ཞེ་ཕམ་པའི་ཉམས་ཀྱིས“ཁ་སང་དེ་རིང་ཁུ་ལུ་ལ་གོང་མི་འདུག” ཟེར་ཞོར་ཨ་བསོད་ཀྱི་མཁྲིས་སུ་སར་བསྡད་དེ། ཁོས་ཁྱེར་ཡོང་བའི་ཁུག་མ་ལ་ལྟ་ཙམ་ཡང་མི་བྱེད་པར་གསར་བུ་གཞན་པ་ཚོས་ཅི་ཟེར་ལ་བསྒུགས་འདུག

ལོ་གསུམ་ཡར་སྔོན་གྱི་སྟོན་དུས་དེར་ཨ་ཁུ་མགོན་པོས་རང་གི་ཕྱུགས་ཟོག་སྐོར་ཞིག་བཙོངས་ཤིང་། རྫོང་ན་ཡོད་པའི་ཤ་ཉེ་ཚེ་རིང་ལ་རོགས་བྱེད་དུ་བཅུག་ནས་སྦྲ་གུར་ཚོང་ཁང་ཆུང་ངུ་དེ་གཉེར་བ་ནས་བཟུང་ཁོ་ཚང་ལ་མགྲོན་པོ་འདུ་ཞིང་ཡུལ་མི་ཚོས་འབྲེལ་འདྲིས་ཀྱང་ཇེ་ཆེར་གྱུར་པ་རེད་ལ། ཨ་ཁུ་མགོན་པོའི་སྦྲ་གུར་ཚོང་ཁང་ནི་ཡུལ་སྡེ་དེར་ཡོད་པའི་ཚོང་ཁང་གཅིག་པུ་ཡིན།

དྲང་མོར་བཤད་ན་ཁོའི་སྦྲ་གུར་ཚོང་ཁང་ནང་དུ་ལྦུ་ཆང་དང་སྐོམ་ཆུ། ཀ་ར་དང་ཇ་ཚྭ་ཁུ་སོགས་ཉེར་མཁོའི་བཟའ་བཏུང་གི་སྐོར་ལས་མེད་མོད། དེ་ཙམ་གྱིས་སྡེ་བའི་ཡུལ་མི་ཚོའི་དགོས་མཁོའང་བསྐང་ཐུབ་ལ། ཡུལ་མི་ཚོར་སྟབས་བདེའང་བསྐྲུན་ཡོད་ཅིང་། ཁོས་ཀྱང་ཡོང་འབབ་འོས་འཚམས་རེ་བཙལ་ཐུབ་པས། ཁོ་ཚང་གི་ཉིན་རྒྱུན་གྱི་འཚོ་བར་སེམས་ཁྲལ་དང་དཀའ་ངལ་ཆེར་མེད་ལ། བཟའ་མི་གང་པོོས་ཡིད་ཚིམས་པའི་འཚོ་བ་ཞིག་རོལ་བཞིན་ཡོད་འདུག

གཉིས།

ཨ་ཁུ་མགོན་པོ་བཟའ་ཟླ་གཉིས་ལོ་ལྔ་བཅུ་ལྷག་ལ་སླེབས་འདུག་ཅིང་། ཁོའི་བུ་སྐྱབས་ལོའང་ལོ་ཉེར་གསུམ་ཡིན་པས། ཁོང་བཟའ་ཟླ་གཉིས་ཀྱིས་བུ་ལ་མནའ་མ་ཞིག་ལེན་རྒྱུའི་གྲོས་བྱས་ཤིང་གྲ་སྒྲིག་བྱེད་མགོ་བརྩམས། སྤྱིར་ཁ་དཔེ་ལ་སྨན་བུ་མོ་ཉོ་ན་མ་ལྟོས། ། གཡག་མགོ་རིལ་ཉོ་ན་སྣ་ལྟོས། ། ཟེར་ཞིང་། བུ་ལ་མནའ་མ་ལེན་ན་མི་རྒྱུད་ལ་བརྟགས་ཤིང་། དེ་ལས་ཀྱང་མ་ཅི་འདྲ་ཞིག་ཡོད་མེད་ལ་བརྟག་དགོས་མོད། འོན་ཀྱང་ཨ་ཁུ་མགོན་པོས་དེ་ལས་ལྡོག་སྟེ། ཕ་མ་མེད་པའི་དྭ་ཕྲུག་ཅིག་ཡིན་ན་སྐྱིད་ལས་སྡུག་མཐོང་བ་མང་བས། སྡུག་མཐོང་ན་སྐྱིད་ངོས་ཟིན་སླ་ཞིང་བསམ་ཤེས་ཆེ་སྙམ་ནས། གལ་ཏེ་ཕ་མ་མེད་པའི་བུ་མོ་ཞིག་བུའི་མནའ་མར་རྙེད་ན་དེ་ནི་གནམ་གྱིས་གནང་བའི་དངོས་གྲུབ་ཅིག་རེད་བསམས།

ཁོས་རང་གི་གྲོགས་པོ་ཞིག་བརྒྱུད་ནས་ལྷ་རི་ཞོལ་མའི་ཨ་ཡག་སྡེ་བར་ཁོས་བསམ་བཞིན་པའི་བུ་མོ་དེ་འདྲ་ཞིག་ཡོད་པ་ཤེས།བུ་མོའི་མིང་ལ་ཚེ་སྐྱིད་ཟེར་ཞིང་མོ་ལོ་ཉི་ཤུ་ཡིན་འདུག ཚེ་སྐྱིད་ནི་མོའི་ཨ་མ་གནས་ལ་མ་སོང་སྔོན་གྱི་ཐང་སྐྱེས་ཡིན་ཞིང་། མོའི་ཕ་སུ་ཡིན་པ་རང་གི་ཨ་མས་ཀྱང་གསལ་པོར་མི་ཤེས་པ་རེད། རྗེས་སུ་ཨ་མ་གནས་ལ་བུད་སོང་ཞིང་། ལོ་ལྔར་སོན་པའི་ཚེ་སྐྱིད་མ་སྤུན་མའི་ཁྱིམ་དུ་བསྐྱུར་ཡོད་ལ། མོས་རང་གི་ཨ་མ་ཕྱིར་ཡོང་སྟེ་མོ་ཁྲིད་འགྲོ་བར་རེ་ཞིང་བསྒུགས་མཐར། ལོ་འགའི་རྗེས་རང་གི་ཨ་མ་ཡང་འཇིག་རྟེན་དང་གཏན་དུ་ཁ་བྲལ་སོང་བས། དེ་ནས་བཟུང་མ་སྤུན་མ་དེའི་ཁྱིམ་དུ་ལྷག་སྟེ་མ་སྤུན་མས་སྙོར་སྐྱོང་འོག་ནར་སོན་པ་རེད།

ཨ་ཁུ་མགོན་པོས་བུ་མོ་ཚེ་སྐྱིད་ལ་རྒྱུས་ལོན་པ་ཙམ་གྱིས་བུའི་ཆུང་མར་ལེན་རྒྱུ་ཐག་གཅོད་བྱས་ཤིང་། ཉིན་བཟང་སྐར་བཟང་ཞིག་ལ་བུ་སྐྱབས་ལོ་དང་ཚེ་སྐྱིད་གཉིས་ཀྱིས་གཉེན་སྟོན་བྱས་ཤིང་། ཉིན་དེ་ནས་བཟུང་ཚེ་སྐྱིད་ནི་ཨ་ཁུ་མགོན་པོ་ཚང་གི་མནའ་མར་གྱུར་ཅིང་། མོའི་རང་གི་སྐྱིད་སྡུག་དང་ལས་དབང་ཁྱིམ་དེར་གཏད།

ཚེ་སྐྱིད་ཀྱིས་ཆུང་དུས་ནས་ཕ་མའི་བྱམས་སྐྱོང་མ་མྱོང་བ་དང་། མ་སྤུན་མའི་ཁྱིམ་དུ་ཡོད་སྐབས་ཕྱུགས་རྫི་ལས་ཁྱིམ་ལས་གཉེར་མ་མྱོང་བ། མ་སྤུན་མས་མོ་རང་གི་བུ་ཕྲུག་དག་ལས་ཚེ་སྐྱིད་ལ་གཅེས་ཕྲུག་མ་ཞེས་ཐེངས་གཅིག་ཀྱང་བོས་མ་མྱོང་ཞིང་། ཚེ་སྐྱིད་རང་གི་ཨ་མ་དང་ཁ་བྲལ་ནས་བཟུང་གཞན་གྱི་གཅེས་སྐྱོང་དང་སེམས་ཁྲལ་གང་ཡང་ཐོབ་མ་མྱོང་བས། ཚེ་སྐྱིད་ཀྱི་རང་གཤིས་ལ་ཁེར་རྐྱང་གི་འཚོ་བའི་གོམས་གཤིས་ཤིག་ཐེབས་འདུག་ལ། མོ་དུང་དཀར་སྡེ་བར་གནས་ལ་ཡོང་ནས་བཟུང་ཨ་ཁུ་མགོན་པོ་བཟའ་ཟླ་གཉིས་ཀྱིས་རང་གི་བུ་མོ་བཞིན་གཅེས་སྐྱོང་དང་ཤ་ཚ་སྙིང་ཉེ་བ་བྱེད་ཀྱང་། མོས་ཁྱིམ་ལས་ཀྱི་ལག་ཤེས་གང་ཡང་མི་ཤེས་ཏེ། ཐ་ན་འོ་ཇ་ཞིམ་པོ་ཞིག་ཀྱང་སྐོལ་མི་ཤེས་པས། མནའ་མ་གསར་པ་ཡིན་པའི་ཚེ་སྐྱིད་ལ་མཚོན་ན་མི་ཚེ་དང་འཚོ་བ་ནི་དཀའ་ཁག་གི་མནར་གཅོད་རིང་མོ་ཞིག་ཅི་ལ་མིན། ཨ་ཁུ་མགོན་པོར་མཚོན་ན་ཡང་འབྲི་མཛོ་མོ་བྱིན་ཏེ་ཉོས་ཤིང་། གཡུ་བྱུ་རུ་བཏགས་ཏེ་བསུས་ཡོང་བ་ཡིན་པས་རེ་བ་མཐོན་པོ་ཞིག་གི་རྩེ་ཆད་སོང་བ་ཅི་ལ་མིན།

ཚེ་སྐྱིད་དུང་དཀར་སྡེ་བར་ཡོང་ནས་ལོ་གཅིག་ལྷག་འགོར་སོང་ཞིང་། དུས་ཚོད་ཐུང་ཐུང་ནང་ཨ་ཁུ་མགོན་པོ་ཚང་ལ་དོན་དག་མི་ཉུང་བ་བྱུང་དང་འབྱུང་བཞིན་འདུག་ལ། སྡེ་བའི་ཡུལ་མི་ཚོས་ཀྱང་འདྲ་མིན་ཅི་རིགས་ཤིག་ལབ་ཀྱིན་འདུག

ཟླ་སྔོན་མར་ཨ་ནེ་བཀྲ་མཚོ་ཁོ་ཚང་གི་ཁྱིམ་མཚེས་ཚང་ལ་རྩམ་པ་འཐག་བྱེད་ཀྱི་ལག་སྐོར་གཡར་དུ་སོང་བ་ལ། ཁྱིམ་མཚེས་ཚང་གིས་ལག་སྐོར་གཡར་རྒྱུ་ཕར་ཞོག ཨ་ནེ་བཀྲ་མཚོ་ཁ་ཕྱིར་འཁོར་མི་ཐུབ་པ་ཞིག་བྱས་སོང་ཟེར། ཉིན་དེར་ཨ་ནེ་བཀྲ་མཚོ་ཁྱིམ་མཚེས་ཚང་གི་ཁྱིམ་དུ་འཛུལ་བ་ན། ཁོ་ཚང་གི་ཁྱིམ་མི་གང་པོ་ཁྱིམ་དུ་འཛོམས་ཡོད་ལ། ཕལ་ཆེར་ཁོ་ཚོས་དོན་དག་ཅིག་གླེང་གིན་ཡོད་པ་འདྲ། ཨ་ནེ་བཀྲ་མཚོ་མཐོང་མ་ཐག་ཁོ་ཚོས་ཁ་ཡ་མི་བྱེད་པར་ཁ་བརྡ་མཚམས་བཞག་སྟེ་རང་རང་སར་ཁ་རོགས་སུ་བསྡད། ཨ་ནེ་བཀྲ་མཚོས་དོན་དག་ཅི་ཡིན་ཧ་མི་གོ་མོད། མོའི་སེམས་སུ་གློ་བུར་འཚུབ་ཆ་ཞིག་ལངས་ཏེ་སྒོ་འགྲམ་དུ་ལངས་བསྡད། དེ་ནས་ཁྱིམ་མཚེས་ཚང་གི་རྒད་པོ་བསོད་གྲགས་ཀྱིས“བཀྲ་མཚོ་ཁྱོད་ཐོན་བྱུང་ངམ། འདུག་ས་ཞིག་ཨེ་ཡོད་ཀི། དེ་ནས་སྡོད་དང་། ཁྱོད་ཡོང་བ་འགྲིག་འདུག ང་ཁྱོད་ལ་ཁ་བརྡ་ཉུང་ཉུང་ཞིག་ཡོད”ཟེར་ཞིང་། དེ་ནས་མུ་མཐུད་དུ“ཉིན་འགའི་སྔོན་སྡེ་དཔོན་ཚང་གིས་ལུག་གཅིག་བཤས་པ་དང་། ལུག་དེའི་པགས་པ་དགོང་མོ་དེར་ཁྱིས་ཁུར་སོང་བ་ཁྱོད་ལ་གསལ་རྒྱུ་རེད། ཡིན་ཡང་ཁ་སང་ཆུ་ལེན་ཚོས་བཤད་ན། ཁྱེད་ཚང་གི་མནའ་མ་ཚེ་སྐྱིད་ཀྱིས་སྡེ་དཔོན་ཚང་གི་པགས་པ་དེ་ངེད་ཚང་གི་ཞི་ལུ་རྡོ་སྐྱབས་ཀྱིས་བརྐུས་ཡོང་སྟེ། ཁྱེད་ཚང་གི་ཚོང་ཁང་ནང་དུ་ལྦུ་ཆང་ཉོས་ཐལ་ཟེར། རྡོ་སྐྱབས་ལ་ཡང་དོན་དག་བཅའ་རན་འདུག སྐད་ཆ་དེ་འདྲ་བཤད་ན་ངོ་མ་མི་གྲལ་ལ་ཇི་ལྟར་འགྲོ་དགོས། ཁྱེད་ཚང་གི་མནའ་མས་ཁ་བདག་བྱས་ན་རེད། རྡོ་སྐྱབས་ལ་དཀར་འདོན་བྱས་ན་འགྲིག་འདུག”ཅེས་ཁྲོ་ཉམས་དང་བཅས་བཤད། 

ཨ་ནེ་བཀྲ་མཚོས་ཅི་ཞིག་བཤད་དགོས་མ་ཤེས་པར་ལག་སྐོར་གཡར་རྒྱུ་ཕར་ཞོག ཁ་ཕྱིར་འཁོར་མི་ཐུབ་པ་ཞིག་བྱས། མོ་ཕྱིར་ཡོང་རྗེས་ཨ་ཁུ་མགོན་པོ་དང་སྐྱབས་ལོ་གཉིས་ལ་བཤད། སྐྱབས་ལོས་ཐོས་མ་ཐག་ཅི་ཡིན་གང་ཡིན་གྱི་རྒྱུ་མཚན་མི་འདྲི་བར། ཁོང་ཁྲོ་ཆེན་པོ་ལངས་ཏེ་ནོར་ལྷས་ན་ཨོང་བ་འཐུ་བཞིན་པའི་ཚེ་སྐྱིད་ལ་གཅར་རྡུང་བྱས་ཤིང་། “ད་འདི་རི་སྐོར་ཁྱིམ་མཚེས་ལའང་འགྲིག་རྒྱུ་མ་རེད། ད་འདིས་ཁྱིམ་ཚང་འདིའི་ཡོད་ཚད་བརླག་རྒྱུ་རེད”ཟེར་ཞོར་སྐྲའི་ལན་བུ་ནས་བཟུང་སྟེ་ཐང་ལ་དྲུད་ཅིང་། སྐྲའི་ལན་བུ་འགའ་ཡང་བཏོག་སོང་། ཨ་ཁུ་མགོན་པོས་སྐྱབས་ལོ་ལ་སྡིག་ཞོར“གཅར་རྡུང་བྱས་པས་དོན་དག་གང་ཡང་ཐག་གཅོད་མི་ཐུབ་པ་རེད། ད་རང་གི་ལས་རེད”ཟེར་ཞོར་ཁྱིམ་མཚེས་ཚང་ལ་དགོངས་དག་ཞུ་རུ་སོང་། ཚེ་སྐྱིད་ཀྱིས“ང་སོད་ཅིག ང་སོད་ཅིག”ཅེས་ངུ་སྐད་འདོན་པ་ལས་རང་སྐྱོན་ངན་པ་ཞིག་བཟོས་བྱུང་བར་འགྱོད་སེམས་དང་། སྐྱབས་ལོས་གཅར་རྡུང་ལ་སྐྲག་སྣང་ཙམ་ཡང་སྐྱེ་བཞིན་མེད་པ་རེད།

ཚེ་སྐྱིད་སྡེ་བ་དེར་གནས་ལ་འོངས་པ་ནས་བཟུང་། དོན་དག་དེ་གཅིག་པུ་མ་ཡིན་པར་དོན་དག་མང་པོ་ཞིག་བཟོས་སོང་ཞིང་། དོན་དག་བཟོས་ཐེངས་རེར་སྐྱབས་ལོས་གཅར་རྡུང་བྱས་པའང་གཅིག་དང་གཉིས་མིན་ཞིང་། སྡེ་བའི་རྒན་གཞོན་ཀུན་གྱིས་ཀྱང་མངོན་ལྐོག་ཀུན་ཏུ་ཨ་ཁུ་མགོན་པོ་ཚང་དང་མནའ་མ་ཚེ་སྐྱིད་ལ་གཏམ་གླེང་སྣ་ཚོགས་བྱེད་ཀྱིན་ཡོད་ལ། ཨ་ཁུ་མགོན་པོས་རང་གི་གདམ་གསེས་དང་བསམ་ཚུལ་ལ་ལེ་བདའ་དང་འགྱོད་པ་བྱེད་ཀྱིན་འདུག

གསུམ།

ཨ་ཁུ་མགོན་པོས་མནའ་མ་ཚེ་སྐྱིད་ལ་ཁ་ཏ་སློབ་གསོ་བཏང་སྟེ་སེམས་ཀྱི་བརྩེ་བ་སྣུམ་པོ་དེ་བཅོས་མིན་དུ་བྱིན་ནས་མནའ་མ་ཡ་རབས་ཤིག་ཏུ་འགྱུར་བའི་རེ་བ་དེ་ལས་ཆེ་བ་ཞིག་མེད་མོད། མི་ཞིག་གི་མི་གཤིས་ནི་ཐོག་མའི་སློབ་གསོའམ་བྱིས་དུས་སུ་ཕ་མས་བཞག་པའི་བག་ཆགས་དང་གོམས་གཤིས་ལ་རག་ལས་ཤིང་། དེ་ལ་ལས་སླ་བོས་བཅོས་བསྒྱུར་གཏོང་དཀའ་བས། བྱིས་དུས་ཀྱི་འཚོ་བར་གོད་ཆག་དང་ཤོར་འགྱོད་ཆེ་བའི་མནའ་མ་ཚེ་སྐྱིད་ལ་མཚོན་ན་དེ་ཙམ་གྱིས་འགྱུར་བ་ཐེབས་མི་སྲིད་པས། རེ་ཞིག་ཁོས་རང་ཉིད་ཀྱིས་སྔོན་མར་དྲན་པའི་བློ་ལ་འགྱོད་པ་དང་འཁང་ར་བྱེད་རྒྱུ་ལས་གཞན་མ་ཡོད་ཅིང་། ཚེ་སྐྱིད་ཅི་འདྲ་ཞིག་ཡིན་ཡང་རང་གི་བུའི་སྐྱ་ཡར་གྱུར་ཟིན་པ་དང་། མོའི་ཁོག་ལ་སྐྱབས་ལོའི་བུ་ཡང་འཁོར་འདུག་པས། ཡོད་ཚད་ལས་དབང་རེད་འདོད་ཅིང་ལས་དབང་ལ་མགོ་བསྒུར་དགོས་སྙམ།

དེ་ལྟར་འཚོ་བ་ནི་དུས་བཞིའི་འགྲོས་དང་འགྲོགས་ནས་བསྐྱོད་ཅིང་། ད་ལྟ་བུ་བུ་མོ་གཉིས་ཀྱི་མ་རུ་གྱུར་པའི་ཚེ་སྐྱིད་ནི་ཨ་ཁུ་མགོན་པོ་ཚང་གི་ནང་མི་གཙོ་བོར་གྱུར་ཡོད་ལ། མོས་སྐད་ཆ་དང་ཐ་ན་རྣམ་འགྱུར་ཙམ་ལའང་བཟའ་མི་ཚང་མས་དོ་སྣང་བྱེད་ཀྱིན་འདུག ཡིན་ཡང་ཚེ་སྐྱིད་ཀྱི་གཤིས་སྤྱོད་ཀྱིས་ཁོ་ཚང་ལ་འགལ་འདུ་དང་གོད་ཆག་གང་མང་བཟོས།

ན་ནིང་ལོ་ཚེས་ལ་ཉེ་དུས་སྐྱབས་ལོ་དང་འཁྱམ་པོ་བཀྲ་རྡོ་གཉིས་ཀྱིས་རྡུང་རེས་བྱས་ཏེ། སྐྱབས་ལོའི་ཀླད་པར་རྨས་སྐྱོན་ཕོག་པ་ནས་བཟུང་། ཁོའི་རང་ལྕོགས་ཀྱི་ནུས་པ་ཉམས་ཤིང་། ཐ་ན་སྐད་ཆའང་ལྡབ་ལྡིབ་ཏུ་གྱུར་པས། ཨ་ཁུ་མགོན་པོ་བཟའ་ཟླ་གཉིས་ཀྱི་མི་སེམས་གཉོམ་པོ་དེ་སྡུག་གི་ཁུར་པོ་རི་ལས་ལྕི་བ་ཞིག་གིས་མནན། ཁོ་གཉིས་ཀྱི་ལག་པ་ཁེན་སའི་ལག་རྟེན་ཆག་སོང་བ་རེད།

གོད་ཆག་དེའང་མཐར་དེད་ན་ཚེ་སྐྱིད་དང་འབྲེལ་བ་ཡོད་མོད། འོན་ཀྱང་སྐྱབས་ལོ་ཁོ་རང་མ་གཏོགས་གཞན་སུས་ཀྱང་མི་ཤེས་པ་རེད། འཁྱམ་པོ་བཀྲ་རྡོ་ནི་མི་རྐྱང་ཞིག་ཡིན་ལ། ཉིན་དེར་ཁོ་ཨ་ཁུ་མགོན་པོའི་སྦྲ་གུར་ཚོང་ཁང་དུ་ཡོང་སྟེ་ལྦུ་ཆང་བཏུངས་ནས་བཟི་ཞིང་། ཉིན་དེར་ཚེ་སྐྱིད་གཅིག་པུ་ལས་མེད་པས། ཁོ་གཉིས་ལ་ལུས་འབྲེལ་བྱུང་ཞིང་། ཁོ་གཉིས་ཀྱིས་ཉིན་མོའི་དཀར་ལ་སྦྲ་གུར་ནང་འཐམ་རེས་དང་འཇིབ་རེས་བྱས་པ་སུས་ཀྱང་མ་མཐོང་མོད། མཚན་མོ་དེར་ཚེ་སྐྱིད་ཀྱིས་རྨི་ལམ་དུ་གཉིད་བཤད་བྱས་ཏེ་ཉིན་མོ་དེའི་དོན་དག་ཤ་བཤད་རྒྱུ་བཤད་བྱས་ཤིང་། སྐྱབས་ལོས་ཐོས་ཏེ་སེམས་ལ་ན་ཟུག་དང་ཁོང་ཁྲོ་དྲག་ཏུ་སྐྱེས་ཤིང་། དེ་མ་ཐག་ཡར་ལངས་ཏེ་ཚེ་སྐྱིད་ལ་འགྲམ་ལྕག་ཅིག་བྱིན་ཏེ། འཁྱམ་པོ་བཀྲ་རྡོ་ཡོད་སར་བརྒྱུགས་ནས་མཇུག་འབྲས་དེ་བྱུང་བ་རེད། འཁྱམ་པོ་བཀྲ་རྡོས་སྐྱབས་ལོ་ལ་རྨས་སྐྱོན་ཆེན་པོ་ཞིག་བཟོས་ཡོད་པ་ཤེས་རྗེས་མཚན་གུང་དེར་བྲོས་བྱོལ་བྱས་ཤིང་། དུས་དེ་ནས་བཟུང་ཁོ་གར་སོང་ཆ་མེད་དུ་གྱུར།

སྐྱབས་ལོའི་ཕ་མ་གཉིས་ལོ་རྒན་པར་ཆགས་ཡོད་ཅིང་། ཁོ་རང་ཉིད་ཀྱིས་རང་ལྕོགས་ཀྱང་མི་ཐུབ་པས། འཚོ་བའི་ཡོད་ཚད་ཆུང་མ་ཚེ་སྐྱིད་ལ་བརྟེན་དགོས་མོད། འོན་ཀྱང་ཁྲེལ་དང་རློམ་པ་མེད་པའི་ཚེ་སྐྱིད་ཀྱིས་ཨ་ཁུ་མགོན་པོ་བཟའ་ཟླ་གཉིས་དང་སྐྱབས་ལོ་ལ་བྱེད་སྟངས་ཅི་འདྲ་ཞིག་ཡོང་བ་སུས་ཀྱང་བཤད་དཀའ་མོད། སྡེ་བའི་ཡུལ་མི་ཚོའི་ཁ་ནས་བཤད་རྒྱུ་ནི་ཨ་ཁུ་མགོན་པོ་ཚང་གི་གནམ་བརྡིབས་སོང་བ་རེད། མི་རྟག་པ་ཟེར་བ་དེ་ངོ་མ་ཡིན་འདུག་ཅེས་པ་དེ་རེད།

ཨ་ཁུ་མགོན་པོས་བླ་སྤྲུལ་གང་མང་ཞིག་ལ་ཞུས་ཀྱང་། དབང་པོ་སྐྱོན་ཅན་དུ་གྱུར་པའི་སྐྱབས་ལོ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་རྒྱུ་ལས་མེད་ལ། ལོ་གཅིག་དང་ཕྱེད་ཀྱི་རྗེས་སུ་སྐྱབས་ལོ་འཇིག་རྟེན་དང་གཏན་དུ་ཁ་བྲལ་སོང་ཞིང་། མི་ཚེའི་མཚར་སྣང་གི་བྱིས་སྒྲུང་གཙང་མར་རྩེད་འཇོ་དང་སྐྱིད་སྣང་གིས་ཁེངས་པའི་བྱིས་པ་གཉིས་ཀྱི་རྒྱབ་རི་ཉིལ་ཞིང་། མི་ཚེའི་མཐའ་མཇུག་ལ་སྐྱེལ་མ་ཞིག་འདོད་པའི་རྒན་པོ་མགོན་པོ་བཟའ་ཟླ་གཉིས་ཀྱི་རེ་བའང་སྐམ་སོང་བས། སྐབས་དེར་ཁོ་ཚོ་ནི་འཇིག་རྟེན་འདིར་ཆེས་ཉམ་ཐག་ཅིང་སྙིང་རྗེ་བའི་སེམས་ཅན་དེ་མ་ཡིན་ནམ།

ཡུལ་མི་ཚོས་སྐྱབས་ལོ་ལ་རྨས་སྐྱོན་ཤོར་རྗེས་ཀྱི་ལོ་གཅིག་གི་འཇིག་རྟེན་ནི་ཆེས་མནར་གཅོད་ཆེ་བའི་འཇིག་རྟེན་ཞིག་ཡིན་ཟེར་ཞིང་། དེ་དུས་ཚེ་སྐྱིད་ཀྱི་སྣང་བ་དབྱར་དང་སེམས་པ་སྤང་ཡིན་པར་བཤད་ལ། མ་བྱེད་ཟེར་ནི་མེད་ན། ། མི་བྱེད་ཟེར་བ་གཅིག་མེད། ། ཅེས་པའི་དཔེ་ལྟར། ཚེ་སྐྱིད་ཀྱིས་ཕ་མ་ལ་བརྩི་བཀུར་དང་། ཁྱིམ་མཚེས་བར་འགྲིག་མཐུན་མི་བྱེད་ལ། རང་གི་ཁྱོ་གར་སྙོར་སྐྱོང་ཡང་ཡག་པོ་མི་བྱེད་པར། རྒྱུན་པར་སྐད་འཕྲིན་རྐྱང་རྐྱང་གིས་ཉིན་མཚན་འདའ་བར་བྱེད་ལ། རང་ལྕོགས་མི་ཐུབ་པའི་སྐྱབས་ལོ་མལ་སའི་ནང་ནད་ཀྱིས་གཟིར་དུས། མོས་དགའ་རོགས་བཙལ་ཅིང་འཇིག་རྟེན་ཕོ་མོའི་སྣང་བ་ལ་བག་མེད་དུ་རོལ་བ་རེད།མོས་ཅི་ཞིག་སྒྲུབ་ཀྱིན་པ་སྐྱབས་ལོའི་སེམས་སུ་གསལ་ལེར་ཡོད་ལ། ཁོའི་ཕ་མ་གཉིས་ཀྱིས་ཀྱང་མནའ་མ་ཚེ་སྐྱིད་ལ་དགའ་རོགས་ཡོད་ཅིང་། མཚན་རྒྱུན་ཁོ་གཉིས་ཕྱུགས་རའི་ནང་ཐུག་འཕྲད་བྱེད་པ་ཤེས་མོད། སྐྱབས་ལོ་གསོན་ཐབས་མེད་པ་དང་ཁོའི་བུ་བུ་མོ་གཉིས་ལ་ཕ་མེད་ལ་མ་ཡང་མེད་ན་ཡོད་ཚད་ཚར་སོང་སྙམ་ནས། མོའི་དོན་དག་ལ་ཁ་ཡ་མ་བྱས།

སྐྱབས་ལོ་འདས་རྗེས་ལོ་ན་རྒས་པའི་ཨ་ཁུ་མགོན་པོ་བཟའ་ཟླ་གཉིས་ཀྱིས་རྒྱུ་འབྱོར་ཡོད་ཚད་ཚེ་སྐྱིད་མ་བུ་གསུམ་ལ་བཞག་སྟེ། ཁོ་གཉིས་རྐང་ཐང་ལ་ལྷ་སར་ཆས་ཤིང་། ཁོ་གཉིས་ཉག་དམར་གོང་ཁར་སླེབས་རྗེས་རྒྱབ་བྲོ་ཐང་ལ་བཞག་སྟེ་ལྷ་རི་གོང་མའི་འདབས་ཀྱི་དུང་དཀར་སྡེ་བར་ཕྱི་མིག་ཅིག་བལྟས་ལ། དེ་ནི་ཁོ་གཉིས་ཀྱི་མི་ཚེའི་གཏམ་རྒྱུད་རིང་མོ་ཡོད་སའི་རང་ཡུལ་ལ་ཆེས་མཐའ་མཇུག་གི་གྱེས་བྲལ་དེ་བཞག་པ་ཡིན་འདུག

ཡོད་ཚད་བྲལ་སོང་བའི་ཤུལ་དུ་ཁེར་རྐྱང་ཡིན་པའི་ཚེ་སྐྱིད་ཀྱི་སེམས་པའང་སྟོང་ཤུར་ཤུར་དང་གཉོམ་དུང་ངེ་ཡོད་ལ། འགྱོད་གདུང་དང་ཐོབ་ཤོར་གྱི་བྲལ་གདུང་གིས་མོའི་སྙིང་ལ་ན་ཟུག་ཅིག་དབང་མེད་དུ་སྐྱེས་ཡོང་ཞིང་། ཕ་མ་གཉིས་བཞུད་སའི་ཉག་དམར་གོང་ཁའི་ཕྱོགས་སུ་རྒྱུག་འདོད་ཅིག་སྐྱེས་མོད། ཡོད་ཚད་འཕྱི་སོང་སྙམ་སྟེ་སྦྲ་སྒོའི་ཆོན་ཐག་ལ་འཇུས་ཏེ་སྐད་དམའ་མོས་ངུ་བཞིན་བསྡད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།