སྔོན་འགྲོའི་གཏམ།
ངས་རྒྱུན་པར་རང་ཉིད་དཔེ་ཆ་ཀློག་པ་པོ་ངར་བ་ཞིག་ཏུ་འཆག་འདོད་ཡོད། འཇིག་རྟེན་གྱི་བྱ་དངོས་གང་ལ་ཐུག་རུང་བར་ཆད་མེད་པ་ཞིག་བྱ་འདོད་ཡོད། དེ་སྒྲུབ་དགོས་ན་དཔེ་ཆ་བཀླག་པ་གལ་ཆེ་ཡི་འདོད།
ཨ་མྱེ་མེ་ལོ་འདི་ནས་ངས་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་མཐོང་ཐུབ་བམ། ཆེས་དྭངས་གཙང་གི་གཙང་བོ་དང་རྔམ་བརྗིད་ཀྱིས་ཟིན་པའི་གངས་རི། ད་རུང་ཡི་གར་འོང་བའི་སྤང་ཐང་གི་མཛེས་པ་ཡོད་ཚད་མཐོང་ཐུབ་བམ། ཚ་བོ་དེ་རྣམས་མཐོང་བ་ནི་ལས་སླ་མོ་ཞིག་ཡིན་ཡང་། དེ་བས་ཀྱང་ཆེས་རྟོགས་དཀའ་བ་ནི་གཙང་བོ་དང་གངས་རི་སོགས་ཀྱི་ལོ་རྒྱུས་ཡིན།
ཁྱེད་ཀྱིས་ཐོག་མར་འཇིག་རྟེན་གྱི“མིག་”ཅེས་པ་དེར་བརྟེན་ནས་གཙང་བོ་དང་གངས་རི་དག་ཡུན་གྱིས་བཙལ་དགོས། ཨ་མྱེ་འཇིག་རྟེན་གྱི་མིག་ཅེས་པ་དེ་གང་རེད། མིག་ཅེས་པ་དེར་བརྟེན་ན་གཙང་བོ་དང་གངས་རི་སོགས་ཀྱི་ལོ་རྒྱུས་ཤེས་སམ། ལོས་ཤེས། འཇིག་རྟེན་གྱི་མིག་ཅེ་ན་ན་གཞོན་རྣམས་ཀྱི་རྒྱུན་དུ་འཚོ་བ་དང་ཁ་ཐག་ཉེ་བའི“དཔེ་ཆ་”ཞེས་པ་དེ་རེད། དཔེ་ཆ་མང་པོ་ཞིག་ཀློག་ཐུབ་ན་ད་གཟོད་གཙང་བོ་དང་གངས་རི་སོགས་ཀྱི་ལོ་རྒྱུས་ཤེས་ཐུབ། དུས་དེར་ཁྱེད་ཀྱིས་གཙང་བོ་ཡི་ཕྱོགས་སུ་བལྟས་ཀྱང་གཙང་བོ་སྔར་ལས་དྭངས་གཙང་ཡིན་ལ། དུས་དེར་ཁྱེད་ཀྱིས་གངས་རི་ཡི་ཕྱོགས་སུ་བལྟས་ཀྱང་གངས་རི་སྔར་ལས་རྔམ་བརྗིད་ལྡན། དུས་དེར་ཁྱེད་ཀྱིས་སྤང་ཐང་གི་ཕྱོགས་སུ་བལྟས་ཀྱང་སྤང་ཐང་སྔར་ལས་མཛེས་སྡུག་ལྡན། སྐབས་དེར་ཐོན་ན་དེ་རྣམས་འཇིག་རྟེན་གྱི་ཆེས་མཛེས་ཤོས་དེ་ཚོ་ཡིན། ད་རུང་ཁྱེད་ཀྱིས་གཙང་བོ་དང་གངས་རི་གང་ཡིན་ན་ཅུང་ཙམ་རེ་མ་གཏོགས་མཐོང་གི་མེད་པས། མིག་ལ་བརྟེན་ནས་དེ་ཚོར་ཡང་དག་པ་ཞིག་མཐོང་ཐུབ་ན་ད་གཟོད། ནར་མ་སོན་པ་གང་མང་ཞིག་ནར་སོན་དུ་གཞུག་ཐུབ། དེ་ནས་བཟུང་། འདྲི་རྟགས་མང་བའི་ན་གཞོན་དེས་རྒྱུན་དུ་དཔེ་ཆ་ཀློག་པ་དང་མཛེས་ལྗོངས་རོལ་བ་གང་ལྟར་མ་རྙེད་པ་དང་མ་ཐོབ་པ་མང་པོ་ཞིག་འཐོབ་འདོད་སྐྱེ་ནས་ཡོད། དཔེ་ཆ་མང་མང་ཞིག་བཀླགས་ནས་སླར་ཡང་དཔེ་ཆ་མང་པོ་བཀླག་ཐུབ་པར་སྨོན་འདུན་ཞུ་གིན་ཡོད། །