ཀྲུང་གོ་བོད་ཀྱི་དྲ་བ།

ང་དང་སྤྱང་མོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འཁྱམ་རུ་གནམ་ལྷ་རྒྱལ།   སྤེལ་དུས། : 2018-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ནི་ང་སྟེ། མིང་མེད་པའི་ལུག་ཅིག་ཡིན། ང་ནི་ལུག་ཅིག་ཡིན་པས། ཐོག་མར་ཁྱིམ་ཚང་ཞིག་གི་སྒོ་ཟོག་ཡིན་དགོས་པ་དང་། དེ་ནས་དུས་དང་རྣམ་པ་ཀུན་ཏུ་ཁྱིམ་བདག་གི་དགའ་སྐྱིད་གནག་སྡུག་ལ་བལྟས་ཏེ། ཁྱིམ་བདག་གིས་རང་ཉིད་ནམ་ཞིག་ལ་ཤན་པར་འཚོང་བ་དང་། ནམ་ཞིག་ལ་བཤས་ཏེ་ངའི་ཤ་ཁྲག་ལ་རོལ་བའི་སྐོར་ལ་རྟག་ཏུ་སེམས་ཁུར་དང་འཇིགས་སྐྲག་ཆེན་པོ་བྱ་དགོས། དེ་བས། དུས་རྟག་པར་ལས་ངན་པའི་ཁུར་པོ་ལྕི་མོ་འདི་འདོར་ཐབས་ཤིག་ཡེ་ནས་མི་འདུག འོན་ཀྱང་། ང་ནི་ལས་ངན་ནང་གི་ལས་ཅན་ཞིག་ཡིན་ཏེ། ཉིན་གཅིག་གི་ཡར་སྔོན་དུ། ཁྱིམ་བདག་གིས་ང་རང་ཚེ་ཐར་ལ་བཏང་སོང་། དེ་ནི་ང་ལ་མཚོན་ན་མི་ཡུལ་འདིར་ཆེས་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན། ང་རང་ཚེ་ཐར་ལ་བཏང་སོང་བས། ངས་གང་ལའང་སེམས་ཁུར་བྱ་མི་དགོས་ལ། ང་གང་ལའང་འཇིགས་སྐྲག་སྐྱེ་མི་དགོས། དེའི་ཕྱིར་ང་ནི་སྒོ་ཟོག་དག་ལས་ཆེས་བདེ་སྐྱིད་དང་རང་དབང་ལྡན་པ་དེ་ཡིན་པའི་ཉམས་སྣང་ཞིག་ངང་གིས་སྐྱེས། ཡིན་ན་ཡང་། ང་ནི་ལས་ཅན་ནང་གི་ལས་ངན་ཞིག་ཀྱང་ཡིན་ཏེ། ང་རང་ཚེ་ཐར་ལ་བཏང་བའི་ཉིན་གཅིག་གི་རྗེས་སུ། ང་རང་བདེ་སྐྱིད་ལྡན་པའི་མི་ཡུལ་འདི་དང་གཞི་ནས་ཁ་བྲལ་ཏེ་ཡུལ་ཁམས་གཞན་ཞིག་ལ་གྱར་དགོས་བྱུང་སོང་།

ད་ལྟ། ང་རང་མི་ཡུལ་དང་ཁ་ཐག་མི་རིང་བའི་ཡུལ་ཁམས་ཤིག་ན་ཡོད། ཡུལ་ཁམས་འདི་ལ་མི་ཡུལ་གྱི་མི་རྣམས་ཀྱིས་བར་དོའི་ཁམས་ཟེར་ཞིང་། དེ་ནི་ཤིན་ཏུ་འཇིགས་སུ་རུང་བ་ཞིག་ཀྱང་ཡིན་རབས་བཤད། ཡིན་ན་ཡང་། ང་ལ་མཚོན་ན་འདི་ནི་འཇིགས་སུ་རུང་བའི་ཡུལ་ཞིག་གཏན་ནས་མ་མཐོང་སྟེ། ཡུལ་འདི་རུ་མི་དང་དུད་འགྲོ། འདབ་ཆགས་དང་འབའ་འབུ་སོགས་བགྲང་གིས་མི་ལང་བ་ཞིག་ཡོད་ཅིང་། ང་དང་འདྲ་བའི་སྒོ་ཟོག་ཀྱང་མང་པོ་ཡོད་པར་མ་ཟད། དེའི་ཁྲོད་དུ་ངའི་ངོ་ཤེས་རྙིང་པ་འགའ་རེ་ཡང་འདུག་པས། ང་ལ་འཇིགས་སྣང་དང་སུན་སྣང་ཅི་ཡང་མ་བྱུང་། དེ་བས་ཀྱང་ཡིད་དགའ་བ་ཞིག་ནི། ཡུལ་འདི་ནི་མི་ཡུལ་དང་འདྲ་བར་དངོས་པོ་མཐའ་དག་ཁ་དོག་སྣ་ཚོགས་ཀྱིས་བརྒྱན་ཞིང་། རི་ར་བ་ཁང་ཁྱིམ་ཡོད་ཚད་ཀྱང་དབྱིབས་དང་གཟུགས་ཀྱིས་གྲུབ་པ་ཞིག་མིན་ནའང་། ཡུལ་འདིར་སྒོ་ཟོག་རྣམས་གང་འདོད་དུ་འཛིན་པ་དང་བཙོང་བ། གསོད་པ་དང་བཤས་ཏེ་ཤ་ཁྲག་ལ་རོལ་མཁན་ནི་གཅིག་ཀྱང་མཐོང་རྒྱུ་མི་འདུག དེར་བསྟུན་ཡུལ་འདིའི་སྒོ་ཟོག་དག་ནི་མི་ཡུལ་གྱི་སྒོ་ཟོག་དང་རྩ་བ་ནས་མི་འདྲ་བར། ཐམས་ཅད་བདེ་སྐྱིད་དང་རང་དབང་གི་འཚོ་བ་ལ་ཅི་དགར་རོལ་བཞིན་གདའ། འོ། དེ་ལྟ་ན་ཡུལ་འདིའི་སྒོ་ཟོག་དག་ལ་སྒོ་ཟོག་ཅེས་བོས་ནའང་རང་བཞིན་གྱིས་ནོར་འདུག་པ་མ་ཡིན་ནམ། གང་ལྟར། ང་རང་མི་ཡུལ་དང་ཁ་བྲལ་ཏེ་ཡུལ་ཁམས་འདི་རུ་སླེབས་བྱུང་། དངོས་འབྲེལ་སླེབས་བྱུང་། ཡིན་ན་ཡང་། ང་རང་མི་ཡུལ་ནས་སྡོད་ཡུན་ཤིན་ཏུ་རིང་བས། གྲ་སྒྲིག་ཅི་ཡང་མེད་པར་སྐད་ཅིག་ཉིད་ལ་གནས་སྤར་ཏེ་ཡུལ་ཁམས་འདི་རུ་འོངས་པ་ལ། ང་ལ་གློ་བུར་དུ་མི་གོམས་པའི་ཚོར་བ་ཞིག་སྐྱེས་ཤིང་། དེ་དང་མཉམ་དུ། མི་ཡུལ་ན་འཚོ་ཞིང་གནས་པའི་རང་གི་ཤ་ཉེ་སྤུན་མཆེད་དེ། ང་དང་ལས་དབང་གཅིག་འདྲ་ཡིན་པའི་གཡང་དཀར་འབའ་འབའ་དེ་ཚོ་དབང་མེད་དུ་དྲན་པའི་མོད་ལ། ངའི་མིག་ཀོང་ནས་མཆི་མའི་རྡོག་པ་འགའ་ཡང་དབང་མེད་དུ་བར་དོའི་ཁམས་ལ་ལྷུང་སོང་།

སྐབས་ཤིག་ལ། ངས་རང་གི་ཤ་ཉེ་སྤུན་མཆེད་དག་དྲན་དྲགས་པས། རེ་ཞིག་ཐང་ལ་ཉལ་ནས་བསྡད་པ་ཡིན། ཡུད་ཙམ་འགོར་རྗེས། ང་སུན་སྣང་གི་དབང་གིས་མགོ་བོ་ཡུན་གྱིས་ཡར་བཏེགས་ཏེ་ཕྱོགས་བཞིར་ལྟ་ཙམ་བྱས་པ་ན། ངའི་མིག་ལམ་དུ་རྣམ་པ་ཡ་མཚར་བ་ཞིག་ཤར་བྱུང་། ང་དང་རྒྱང་མི་རིང་བའི་གནས་ཤིག་ན། རྒྱ་སྒོ་ཆེན་པོ་ཞིག་བཞེངས་ཡོད་དེ། སྒོ་དེ་ནི་དུས་དང་རྣམ་པ་ཀུན་དུ་ཕྱེ་འདུག་ཅིང་། དེ་རུ་ཕྱི་ནས་ནང་ལ་ཡོང་མཁན་ཡོད་པ་མ་གཏོགས། ནང་ནས་ཕྱི་ལ་འགྲོ་མཁན་གཅིག་ཀྱང་མི་འདུག རྒྱུ་མཚན་ནི། རྒྱ་སྒོ་དེའི་ནང་ལ་སླེབས་རྗེས། ནང་རོལ་ནི་བར་དོའི་ཁམས་ཡིན་ལ། དེའི་ཕྱི་རོལ་ནི་མི་ཡུལ་ཁམས་ཡིན་ནོ། །མི་དང་དུད་འགྲོ་འབའ་འབུ་བྱ་བྱེའུ་གང་ཡིན་ཡང་། རྒྱ་སྒོ་དེ་བརྒྱུད་མི་དགོས་པ་གཅིག་ཀྱང་མེད། བར་དོའི་ཁམས་འདི་རུ་མི་དང་དུད་འགྲོ་སོགས་བགྲང་གིས་མི་ལང་བ་ཞིག་རྒྱུ་བཞིན་ཡོད་དེ། དེའི་ཁྲོད་དུ་དུད་འགྲོ་རྣམས་ནི་སྔར་བཞིན་སུག་བཞི་ས་ལ་བཙུགས་ནས་འགྲོ་ཞིང་། འདབ་ཆགས་རྣམས་ཀྱང་སྔར་བཞིན་རང་གི་གཤོག་ཟུང་ལ་བརྟེན་ནས་ཡར་འཕུར་མར་ལྡིང་བྱེད། ཐ་ན་ས་འབུ་རྐང་རིང་དེ་དག་ལའང་འགྱུར་བ་ཅི་ཡང་མེད་པར་རྐང་ལག་སུག་སུག་འགུལ་བཞིན་ཀོག་ནུར་བྱས་ཏེ་གནས་ངེས་མེད་དུ་རྒྱུག་བཞིན་གདའ། འོན་ཀྱང་། འགྲོ་བ་མིའི་རིགས་ནི་མི་ཡུལ་ན་ཡོད་པ་དེ་ལྟ་བུ་ཞིག་རྩ་བ་ནས་མིན་ཏེ། ཁོ་ཚོ་ཚང་མའི་ལུས་པོ་སྒྲེན་པོ་ཡིན་པར་མ་ཟད། མགོ་བོ་དགྱེ་ནས་འགྲོ་བ་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ལས་ཀྱང་ཡ་མཚན་པ་ནི། ཁོ་ཚོ་མི་ཡུལ་ན་ཡོད་པ་ལྟར་དགའ་སྤྲོ་དགོད་སྒྲས་ཁེངས་ཏེ་གདོང་ན་འཛུམ་མདངས་རྒྱས་འདུག་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག ཚང་མས་བཟོད་གླགས་བྲལ་བའི་སྡུག་བསྔལ་གྱི་ཁུར་པོ་ཞིག་ཁུར་ནས་གནས་གཅིག་ཏུ་སྡོད་མི་ཚུགས་པ་ལྟར་ཕར་འགྲོ་ཚུར་འོང་བྱེད། ནང་དུ་སླེབས་མ་ཐག་པའི་འགྲོ་བ་མི་རྣམས་ནི་དབང་པོའི་ལྷུ་ལག་དང་ཁ་སྣ་སོགས་མི་ཡུལ་ན་སྡོད་དུས་ཇི་ལྟར་ཡིན་པ་དེ་ལྟར་དུ་འགྱུར་ལྡོག་ཅི་ཡང་བྱུང་མི་འདུག་མོད། ཡིན་ཡང་། བར་དོའི་ཁམས་ལ་སླེབས་ཏེ་དུས་ཡུན་ངེས་ཅན་ཞིག་འགོར་བ་ན། ཁོ་ཚོའི་དབང་པོའི་ལྷུ་ལག་དང་ཁ་སྣ་སོགས་ལ་རིམ་གྱིས་འགྱུར་ལྡོག་བྱུང་སྟེ། ལྷུ་འགྲིག་ཅིང་དོ་མཉམ་པ་ཞིག་གཏན་ནས་མིན་པར། མིག་གཉིས་ཕྱི་ལ་འབུར་ནས་ལྷུང་ལ་ཁད། ཁ་སྣ་ཐུར་དུ་བསྣར་ནས་ཆད་ལ་ཁད། སྐྲ་ལོ་རླུང་གིས་ཁུར་ནས་ཚར་ལ་ཁད། འགྲམ་ཡས་ཆད་པར་གྱུར་པས་ལག་པས་བསྐྱོར། ད་དུང་རྐང་པ་ཡང་ཉབ་ཉོབ་ཏུ་གྱུར་སྟབས་གཟུགས་གཞི་མི་ལྕོགས་པའི་ཚད་ལ་ལྷུང་འདུག ངས་སྣང་ཚུལ་དེ་དག་མཐོང་འཕྲལ་ངུ་མ་དགོད་ཀྱི་ཚོར་སྣང་ཞིག་སེམས་གཏིང་ནས་སྐྱེས་བྱུང་།

ང་དེ་ལྟར་སྡོད་དུས། མདུན་ཕྱོགས་ནས་སྤྱང་ཀི་ཞིག་ཡུན་གྱིས་ངའི་ཕྱོགས་སུ་ཡོང་གིན་འདུག ང་ལ་དང་ཐོག་འཇིགས་སྣང་གློ་བུར་བ་ཞིག་སྐྱེས་ཏེ་མྱུར་དུ་ཡར་ལངས་ནས་འབྲོ་གྲབས་བྱེད་སྐབས། ངས་ཡུལ་ཁམས་འདིའི་སྲོག་ཆགས་རྣམས་ཀྱིས་ཕན་ཚུན་ལ་གནོད་འཚེ་མི་སྐྱེལ་བ་གཞི་ནས་རྟོགས་བྱུང་བས་སེམས་པ་ད་གཟོད་བདེ་རུ་བབས།

སྤྱང་ཀི་དེ་ནི་སྤྱང་མོ་ཞིག་ཡིན་ལ། ཕར་བལྟས་ཚོད་ཀྱིས་མོའི་སེམས་པ་སྡུག་བསྔལ་གྱིས་ཁེངས་འདུག་པའི་ཉམས་སྣང་སྟེར། སྤྱང་མོས་ཅི་མི་སྙམ་པའི་སྒོ་ནས་ངའི་གཡོན་ཕྱོགས་སུ་ཨོང་ཙོག་བྱས་ནས་ཡུད་ཙམ་བསྡད་པ་དང་། དེ་ནས་བརྔན་པ་རིང་པོ་ཞིག་འཐེན་རྗེས་གཞི་ནས་ཁ་གྲག་བྱུང་།

“ཨ་རོག་ལུག ཁྱེད་ཡུལ་འདིར་ཡོང་ནས་ཅི་ཙམ་འགོར།”

“ཡོང་ནས་རིང་པོ་འགོར་མེད།”ངས་མུ་མཐུད་དུ་མོར་བལྟས་ནས་བསྡད།

“ཁྱེད་རང་ཡང་འགྲོ་བ་མིས་བསད་དེ་འདི་གར་ཡོང་བ་ཡིན་ནམ།”མོས་ཧ་ཅང་སྐྱོ་ཉམས་དང་བཅས་དེ་ལྟར་དྲིས།

“ང་འགྲོ་བ་མིས་བསད་པ་མིན།”

“འོ། མ་གཞི་དེ་འདྲ་ཞིག་ཡིན་ནམ།”མོར་སྐད་ཆ་མང་པོ་བརྗོད་འདོད་མེད་པ་འདྲ།

“ཁྱོད་རང་འགྲོ་བ་མིས་ཇི་ལྟར་བསད་པ་རེད།”ངས་དེ་ལྟར་དྲིས།

“འགྲོ་བ་མི། འགྲོ་བ་མི། ཁོ་ཚོར་དངོས་གནས་སྙིང་རྗེ་མི་འདུག”མོས་བདེན་ཅོག་ཅོག་གིས་དེ་ལྟར་བཤད་རྗེས། མུ་མཐུད་དུ།“ངའི་ཕྲུ་གུ་ཚོས་ད་དུང་ང་ལ་སྒུག……”མོས་སྐད་ཆའི་མཇུག་ཀྱང་སྐྱོང་མ་ནུས་པར་གློ་བུར་དུ་ངུས་བྱུང་།

“ཨ་ཙི། ཁྱོད་ལ་ད་དུང་ཕྲུ་གུའང་ཡོད་དམ།”

“ང་ལ་ཕྲུ་གུ་བཞི་ཡོད། བཙས་ནས་ཡུན་རིང་འགོར་མེད།”མོས་ངུ་སྐད་ཁྲོད་ནས་སྐད་ཆ་དེ་གསལ་ལ་མི་གསལ་བར་ལབ།

སྐབས་དེར། ངས་སྤྱང་མོ་དེས་སྔོན་ཏག་ཏག་ལ་དངན་པ་དེ་འདྲ་རིང་པོ་ཞིག་འཐེན་དགོས་དོན་ཡོངས་སུ་ཧ་གོ་སོང་། སྤྱང་མོ་དེ་མུ་མཐུད་དུ་ངུ་བཞིན་འདུག་པས། ང་ཡང་རེ་ཞིག་སྐྱོ་གདུང་གིས་མནར་ཏེ་སྐད་ཆ་ཅི་ཞིག་བཤད་དགོས་མ་ཤེས་པར་ཁ་རོག་གེར་བསྡད་པ་ཡིན།

“ཁྱེད་རང་འགྲོ་བ་མིས་ཇི་ལྟར་བསད་པ་རེད།”

སྤྱང་མོ་དེས་མགོ་བོ་ལག་པ་གཉིས་ཀྱི་བར་དུ་བཞག་སྟེ་དགྱེ་ཙམ་ཡང་མི་བྱེད་པར་མུ་མཐུད་དུ་ངུ་བཞིན་འདུག ངས་སྐད་གསེང་ཅུང་དམའ་མོས་སྒོ་ནས་ཡང་བསྐྱར་ཁོ་མོར་དེ་ལྟར་དྲིས་མ་ཐག སྤྱང་མོས་ད་གཟོད་མགོ་བོ་འགྱོག་ཙམ་བྱས་ཏེ་ཡུད་ཙམ་ལ་ཕྱིར་འདང་ཞིག་བརྒྱབ་རྗེས། ཧ་ཅང་སྐྱོ་ལྷང་ལྷང་གིས་ང་ལ་འདི་ལྟར་བརྗོད།

“ཉིན་གསུམ་གྱི་ཡར་སྔོན་དུ། ངས་བསྟུད་མར་ཕྲུ་གུ་ལྔ་བཙས་པ་ཡིན། ཕྲུ་གུ་དེ་ཚོའི་ཨ་ཕ་ཟླ་འགའི་སྔོན་དུ་འགྲོ་བ་མི་སྐོར་ཞིག་གིས་མེ་མདས་བརྒྱབ་སྟེ་བསད་པ་རེད། དེ་བས། ངས་ཡུན་རིང་ལ་ཕྲུ་གུ་མངལ་ལ་ཁུར་ཏེ་ཟས་རིགས་ཤིག་བཙལ་མ་ནུས་པས། ཕྲུ་གུ་བཙས་པའི་མཚན་མོ་དེར་ཕྲུ་གུ་ཚོར་འོ་མ་ཨེན་ཙམ་ཡང་ནུ་རྒྱུ་མ་བྱུང་། སྟབས་མ་ལེགས་པ་ཞིག་ལ། ཆེས་ཐོག་མར་བཙས་པའི་ཕྲུ་གུ་དེ་ལྟོགས་གྲིར་ཤི་སོང་……”

མོས་བཤད་ནས་མཚམས་འདིར་སླེབས་དུས།ཡང་བསྐྱར་ངུ་སྐད་ལྷང་ལྷང་དུ་ངུས་བྱུང་། ངས་མོ་ལ་སེམས་གསོའི་སྐད་ཆ་འགའ་བཤད་མཐར། མོས་ངུ་མཚམས་བཞག་སྟེ་མུ་མཐུད་དུ་བཤད་མགོ་བརྩམས།“ངས་ཕྲུ་གུ་གཞན་དག་ཀྱང་དེ་ལྟར་འཆི་བར་དོགས་པས་རང་གི་རྐང་པ་སོ་ཡིས་འཆས་ཏེ་ཕྲུ་གུ་ཚོར་རྐང་པའི་ཟུངས་ཁྲག་འཐུང་དུ་བཅུག་པ་ཡིན། ཕྱི་ཉིན། ངས་ཅིས་ཀྱང་ཐབས་གཞན་མ་རྙེད་པས། རང་གི་རྐང་པ་ཡ་གཅིག་ཀྱང་སོ་ཡིས་འཆས་ཏེ་ཕྲུ་གུ་ཚོ་ཁྲག་གིས་གསོས་པ་ཡིན། ཡིན་ན་ཡང་། ཉིན་དེར་ང་ལ་ངེས་ཤེས་ཟབ་མོ་ཞིག་འདྲོངས་པ་ནི། གལ་སྲིད་ཕྲུ་གུ་ཚོ་མུ་མཐུད་དུ་རང་གི་ཁྲག་གིས་གསོས་པ་ཡིན་ན། རང་ཉིད་མི་འགྱངས་པར་འཆི་བ་ངེས་གཏན་ཡིན་པ་དང་། རང་ཉིད་ཤི་སོང་ཚེ་ཕྲུ་གུ་ཚོའང་གཅིག་ཀྱང་མི་ལྷག་པར་འཆི་ངེས་ཡིན། དེ་བས། ཁ་སང་དགོང་མོར། ངས་ཕྲུ་གུ་ཚོ་བསྐྱུར་ཏེ་ཉེ་འཁོར་གྱི་སྡེ་བ་ཞིག་ཏུ་ཟས་རིགས་ཤིག་འཚོལ་དུ་ཕྱིན། ཟས་རིགས་བཙལ་ཟེར་ན་ཡང་མཐར་གཏུགས་ན་ཁྱིམ་ཚང་ཞིག་གི་སྒོ་ཟོག་གསོད་དགོས་པ་དེ་ཡིན……”སྤྱང་མོ་ཅུང་དོགས་མི་བདེ་བར་གྱུར་ཅིང་། ཡུད་ཙམ་འགོར་རྗེས། སྔར་ལྟར་མགོ་བོ་དགྱེ་ནས་བཤད་མ་ཕོད་པར་མགོ་བོ་ནང་དུ་བསྒུར་ཏེ་ན་རེ། “ངས་ལམ་རིང་པོར་རང་གི་རྐང་པའི་ན་ཟུག་ལ་ཨམ་གཙིགས་བསྡམས་ཏེ་མདུན་དུ་བསྐྱོད་ཅིང་། བར་སྐབས་ཤིག་ལ། རྐང་པ་གཉིས་ཀ་ཡོངས་སུ་སྦྲིད་པར་གྱུར་པས་ཚོར་བ་ཅི་ཡང་མི་འདུག འོན་ཀྱང་།ང་ད་དུང་མུ་མཐུད་དུ་མདུན་དུ་བསྐྱོད་དགོས། གལ་སྲིད་འགོར་འགྱངས་ཅུང་ཙམ་བྱས་པ་ཡིན་ན་ཕྲུ་གུ་ཚོའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འབྱུང་ངེས། དེ་བས། ངས་རང་གི་རྐང་པ་གཉིས་དྲུད་དེ་སོང་སོང་མཐར། སྡེ་བ་ཞིག་གི་ཉེ་འགྲམ་དུ་སླེབས་བྱུང་། སྐབས་དེར། ནམ་གུང་སྔ་མོ་ནས་ཡོལ་འདུག་པས། སྡེ་བ་དེ་ལྷིང་འཇགས་སེ་འདུག་ཅིང་། ནམ་རྒྱུན་ངེད་ཅག་ལ་འགོག་རྒོལ་དང་དགྲ་ལན་སློག་པའི་སྒོ་ཁྱི་དེ་དག་ཀྱང་གྲགས་མེད་འགུལ་མེད་དུ་གྱུར་འདུག སྐབས་དེ་ནི་སྒོ་ཟོག་གསོད་པའི་གླགས་ཤིན་ཏུ་བཟང་པོ་ཞིག་ཡིན་ཕྱིར། ང་རྐང་འཇབ་ལག་འཇབ་ཀྱིས་ཁྱིམ་ཚང་ཞིག་གི་ལྷས་འདབས་སུ་ཆས་ཏེ། དེ་ནས་སྟོབས་ཤུགས་རྩལ་སྤྲུགས་སུ་བཏོན་ནས་ལུག་ཁྱུར་བརྒྱུགས་ཙ་ན། ལུག་ཁྱུ་གློ་བུར་དུ་འདྲོགས་ཏེ་འབའ་ལྡིར་རེ་གྲགས་པ་དང་། དེ་མ་ཐག་སྒོ་ཁྱི་གཉིད་ལས་སད་པ་ལྟར་ཟུག་སྐད་བར་མེད་དུ་འབྱིན་བཞིན་ང་བཙལ་ཏེ་ཡར་རྒྱུག་མར་རྒྱུག་བྱེད། དེའི་དུས་ངས་སྔ་མོ་ནས་ལུག་གཅིག་གི་ཨོལ་མར་སོ་བཏབ་སྟེ་ཁྲག་འཇིབ་ཀྱིན་ཡོད་མོད། སྒོ་ཁྱིས་ང་རྙེད་པར་དོགས་པས་མི་འབྲོ་ག་མེད་བྱུང་སོང་། ཏག་ཏག་སྐབས་དེར། སྒོ་ཁྱིས་ང་མཐོང་བྱུང་ལ། མི་ཞིག་ཀྱང་སྒོར་བུད་དེ་ཀི་རིང་འདེབས་བཞིན་སྒོ་ཁྱིའི་ཕྱི་བཞིན་འབྲངས་ཏེ་ངའི་རྗེས་སུ་བདས་ཡོང་གིན་འདུག ང་ལ་འཇིགས་སྐྲག་གཟིལ་བུན་པ་སྐྱེས་ཤིང་སྲོག་བསྡོས་ཀྱིས་མདུན་ཕྱོགས་སུ་བྲོས་མོད། རྐང་པ་གཉིས་ཀ་སྔ་མོ་ནས་རྨས་ཡོད་པས་མགྱོགས་སྟབས་ཀྱིས་རྒྱུག་མི་ནུས། ལེ་དབར་གཉིས་ཙམ་ཕྱིན་མཐར། སྒོ་ཁྱི་དེས་གཞི་ནས་ངའི་རྗེས་ཆོད་བྱུང་། བར་སྐབས་ཤིག་ལ། སྒོ་ཁྱི་དང་ངེད་གཉིས་ཀྱིས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་ཆུང་ཆུང་ཞིག་བྱས་པ་ཡིན་མོད། རྒྱལ་ཕམ་ཅིས་ཀྱང་རྩོད་མ་ནུས་པར་སྡོད་དུས། ཡར་སྔོན་གྱི་མི་དེའང་ངེད་གཉིས་ཀྱི་གམ་དུ་འབྱོར་བྱུང་།མི་དེ་མཐོང་འཕྲལ་ང་རེངས་པར་ཕར་བྲོས་པ་ཡིན་མོད། གློ་བུར་དུ་འཇིགས་སུ་རུང་བའི་མེ་མདའི་སྒྲ་རྣ་ལ་གཟན་པ་ཞིག་གྲགས་མ་ཐག ང་མུ་མཐུད་དུ་མདུན་ཕྱོགས་སུ་འབྲོ་མ་ནུས་པར་ཐང་ལ་འགྱེལ་སོང་། དེའི་དུས་ང་ལ་ད་དུང་དབུགས་ལེན་རྒྱུ་ཞིག་ཡོད་ནའང་། ད་ནི་ཅིས་ཀྱང་འགུལ་མི་ནུས་པར་ལུས་ཧྲིལ་པོ་ཟུག་གཟེར་གྱིས་བསྡམས་ཤིང་། ལུས་ཀྱི་ག་ཤེད་ཅིག་ནས་ཅི་ཞིག་འཁྱག་སིབ་སིབ་ལུས་ཀྱི་ཕྱི་ལ་རྡོལ་བཞིན་གདའ། སྐབས་དེར། ངས་ཡིད་ལ་ཡང་བསྐྱར་རང་གི་ཕྲུ་གུ་ཚོ་དྲན་བྱུང་། ཡིད་དུ་འོང་བའི་ཕྲུ་གུ་དེ་ཚོ་དྲན་བྱུང་། འཆི་ལ་ཉེ་བའི་ཕྲུ་གུ་དེ་ཚོ་དྲན་བྱུང་། དེ་ལྟར་དྲན་པའི་དུས་ན། མི་དེ་ཁོང་ཁྲོ་དང་བཅས་ངའི་གམ་དུ་ཡོང་སྟེ་ང་ད་དུང་ཤི་མེད་པ་རྟོགས་རྗེས། མེ་མདའི་ཡུ་བ་ནས་བཟུང་སྟེ་ཁ་ནས་སྨྲེ་ངག་ཅིག་འདོན་བཞིན་ངའི་མགོ་ལ་ཡང་ཡང་གཞུས། དེ་ལྟར་དུས་ཚོད་ཕྱེད་ཙམ་ལ་གཞུས་མཐར། ངའི་དྲན་པ་དང་ན་ཟུག་ཀྱང་རིམ་གྱིས་ཉམས་ཏེ་ཅི་ཡང་དྲན་རྒྱུ་ཚོར་རྒྱུ་མེད་པར་གྱུར་སོང་……ད་ལྟ་བསམས་ན། མི་ཡུལ་དུ་འགྲོ་བ་མི་མ་གཏོགས་ང་ལ་གནོད་འཚེ་སྐྱེལ་མཁན་ཞིག་མེད་པ་འདྲ། ”མོས་བདེན་ཅོག་ཅོག་གིས་བཤད་རྗེས། ཡུད་ཙམ་ལ་འདང་ཞིག་བརྒྱབ་སྟེ་མུ་མཐུད་དུ་བཤད་རྒྱུར། “ཡིན་ན་ཡང་། ད་ལྟ་ཞིབ་ཏུ་བསམས་ན། ཁོ་ཚོ་ང་ཚོའི་སྟེང་ལ་སྡང་སེམས་ཆེན་པོ་སྐྱེས་པ་ལའང་ཁག་པོ་མི་འདུག་སྙམ། རྒྱུ་མཚན་ནི་ང་ཚོས་ནམ་རྒྱུན་ཁོ་ཚོའི་སྒོ་ཟོག་མང་པོ་བསད་པ་མ་ཡིན་ནམ།”

“གལ་ཏེ་སྒོ་ཟོག་མེད་ཚེ། ཁྱོད་ཚོའང་སྔ་མོ་ནས་ལྟོགས་གྲིར་འཆི་ངེས་པ་མིན་ནམ། ལྷག་པར་ཁྱོད་ཚོའི་ཕྲུ་གུ་ལྟོགས་གྲིར་འཆི་ངེས། དེ་བས། ངས་བསམས་ན་ཁྱོད་ཚོ་ལའང་ཁག་པོ་མི་འདུག”ངས་མོ་ལ་སེམས་གསོའི་ཚུལ་དུ་དེ་ལྟར་བརྗོད།

“དེས་ན་ཁྱེད་རང་ཡུལ་འདིར་འོངས་ནས་ཅི་ཙམ་འགོར། ཁྱེད་རང་འགྲོ་བ་མི་ཡིས་བསད་པ་མིན་ན་ཡང་སྙིང་སུ་ཞིག་གིས་བསད་པ་ཡིན།”སྤྱང་མོས་ང་ལ་དེ་ལྟར་དྲིས།

“ང་ཁྱོད་ཀྱིས་བསད་པའི་ལུག་དེ་ཡིན།”ངས་དེ་ལྟར་བརྗོད་པ་ན་སྤྱང་མོ་ཧ་ལས་པར་གྱུར་ཏེ་ངའི་གདོང་ལ་ཅེར་ནས་འདུག བལྟས་ཚོད་ཀྱིས་རྣར་འགྲོ་ཡི་མེད་པ་འདྲ།

“ངོ་མ་ཡིན། ང་ནི་ལུག་ཚེ་ཐར་ཞིག་ཡིན་པས། འགྲོ་བ་མི་ཡིས་ང་གསོད་མི་རུང་། འོན་ཀྱང་། ང་ཚེ་ཐར་ལ་བཏང་ནས་ཉིན་གཉིས་མ་འགོར་བར། ཁྱོད་ཀྱིས་ང་རང་བསད་སོང་། ཧ་ཧ་ཧ།”ང་ལ་དངོས་གནས་དགོད་རྒྱུ་ཞིག་ལངས་བྱུང་། རྒྱུ་མཚན་ནི་ཡུལ་འདི་རུ་ཡོད་པའི་སྲོག་ཆགས་དུད་འགྲོ་དག་གིས་ཕན་ཚུན་ལ་ཕྲག་དོག་དང་བརྙས་བཅོས། འཁོན་འཛིང་དང་དགྲ་ཤ་ལེན་པའི་གོམས་སྲོལ་ཡེ་ནས་མེད་པས། མི་ཡུལ་དང་བསྡུར་ན་ཡུལ་འདི་ནི་ཧ་ཅང་འཆམ་མཐུན་ཡིན། ཧ་ཅང་ཞི་བདེ་ཡིན། ཡིན་ཡང་འགྲོ་བ་མི་ལ་མཚོན་ན་ཡུལ་འདི་ནི་འཇིགས་སུ་རུང་བ་ཞིག་ཡིན་པ་འདྲ།

སྐབས་དེར། སྤྱང་མོ་ཡང་དགོད་ཁ་ཤོར་སོང་། ངའི་གདོང་ལ་ལྟ་བཞིན“འུ་གཉིས་འདི་ལྟར་ལྷན་དུ་འཛོམས་པར་ང་ཧ་ཅང་དགའ་ཡོད”ཅེས་དགའ་ལྷང་ལྷང་གིས་སྨྲས་བྱུང་།

སྤྱང་མོ་དང་ངེད་གཉིས་དེ་ལྟར་དཔུང་བ་མཉམ་དུ་གཤིབ་སྟེ་མི་ཡུལ་གྱི་ཁ་བརྡ་སྣ་ཚོགས་གློད་བཞིན་པའི་སྐབས་ལ། སྤྱང་མོས་གློ་བུར་དུ་ང་ལ། “ཁྱོད་ཀྱིས་ཕར་ལ་ལྟོས་དང་། འགྲོ་བ་མི་ཞིག་སླེབས་བྱུང”ཟེར། ངས་འཕྲལ་མར་ཕར་བལྟས་པ་ན། མདུན་ཕྱོགས་ཀྱི་རྒྱ་སྒོ་ཆེན་པོ་དེའི་ནང་ནས་འགྲོ་བ་མི་ཞིག་ག་ལེར་ཚུར་སླེབས་བྱུང་། མི་དེའི་མགོ་བོ་བསྒུར་འདུག་ཅིང་གདོང་ལ་སྐྱོ་སྡུག་གི་ཉམས་ཀྱིས་ཁེངས་འདུག “ངས་མི་དེ་ངོ་ཤེས་པ་འདྲ།” ངས་སྤྱང་མོ་ལ་དེ་ལྟར་བརྗོད་པ་ན། སྤྱང་མོས་ཀྱང་ང་ལ་དེ་ལྟར་བརྗོད་བྱུང་། ངེད་གཉིས་ཀྱིས་མི་དེའི་ཆ་བྱད་དང་རྣམ་འགྱུར་སོགས་ལ་ཞིབ་ཏུ་བལྟས་ནས། ཡུད་ཙམ་གྱི་རྗེས་སུ། ངེད་གཉིས་ཀྱིས་མི་དེ་སུ་ཡིན་པ་གཞི་ནས་ངོ་ཤེས་བྱུང་།

འོ། མི་དེ་ནི་ངའི་བདག་པོ་དང་སྤྱང་མོ་གསོད་མཁན་གྱི་ལག་དམར་ཡིན་འདུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།