ཀྲུང་གོ་བོད་ཀྱི་དྲ་བ།

མི་ཡི་ཐ་མ་བསོད་ནམས་འབག་བཙོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྒོ་མེ་ཚེ་རིང་བཀྲ་ཤིས།

བསོད་ནམས་འབག་བཙོག་གིས་འཕྲུལ་རྟའི་གཞུག་ལ་ཤལ(1)དྲུད་དེ་ཞིང་ལ་ཤལ་བརྒྱབ་པའི་གནས་ཚུལ་དེ། གྲོ་ཞིང་ཁ་མ་ཟད་སྡེ་ཡར་ནང་མར་ནང་ཀུན་ལ་གྲགས་སོང་།

ཡིན་ནའང། དེ་ནི་རྗེས་ཀྱི་གཏམ་རྒྱུད་རེད།

བསོད་ནམས་འབག་བཙོག་ད་དུང་བསོད་ནམས་འབག་བཙོག་མིན་དུས། ང་རང་གྲོ་ཞིང་ཁ་སློབ་ཆུང་གི་སྒོ་ཐེམ་སྤོས་རུང་ཡིན། ཁོ་ནི་ང་ལས་འཛིན་གྲྭ་གཉིས་ཀྱིས་མཐོ་ལ། ཁོ་སློབ་གྲྭར་འགྲོ་འཕྱིས་པས་ལོ་ན་ལས་ཀྱང་ཆེ་བ་ནི་གཟུགས་བོངས་རེད། གང་ནས་བལྟས་ཀྱང་ཁོ་ནི་སྡོང་སྐམ་ཞིག་དང་འདྲ་བར་སློབ་གྲོགས་ཚོའི་གསེང་ནས་ལྷིང་སེ་ཡིན།

ནན་ཏན་གྱིས་བཤད་ན། བསོད་ནམས་འབག་བཙོག་ནི་གྲོ་ཞིང་ཁའི་མི་ངོ་མ་མིན་ཏེ། ཁོའི་ཨ་མ་ཆོས་མཚོ་ཨ་ཁུ་ཚེ་བརྟན་གྱི་ཆུང་མར་ཡོང་དུས་ཁོ་རང་རྗེས་ལ་ཁྲིད་ནས་ཡོང་བ་ཡིན། དེ་བས། སྡེ་བའི་ནང་གི་མི་རྣམས་ཀྱིས་ཡུན་རིང་བོ་ཞིག་ལ་ཆོས་མཚོའི་གཞུག་ཁྲིད་ཅེས་འབོད་པ་ལས། བསོད་ནམས་ཞེས་གཏན་ནས་མི་འབོད།

སློབ་ཆུང་གི་སྐབས་སུ་ཁོས་ང་ལ་བསྐྱུར་བའི་ཆེས་བརྗེད་དུ་མེད་པའི་བག་ཆགས་ནི། ཁོའི་རྒྱབ་ཀྱི་དཔེ་ཁུག་དེ་དང་ཁོའི་སྣ་མདོའི་སེར་ལ་སྦོམ་པའི་སྣབས་དེ་གཉིས་རེད། སྐབས་དེའི་འཚོ་བའི་ཆ་རྐྱེན་ནི་དེང་དང་བསྡུར་ཐབས་མེད་ཀྱང་། བྱིས་པ་ཚོའི་རྒྱབ་ལ་དཔེ་ཁུག་ལྗང་སེར་རེ་ཁུར་འདུག དཔེ་ཁུག་ལྗང་སེར་མེད་པ་ནི་ཏག་ཏག་བསོད་ནམས་འབག་བཙོག་ཡིན་ལ། བསོད་ནམས་འབག་བཙོག་གིས་རྒྱབ་ཏུ་བཀལ་མོ(2)ནག་པོ་ཞིག་ཁུར་ཡོད་པས། ཚང་མས་དེ་ནི་ཁོ་རང་གཞུག་ཁྲིད་ཡིན་པས་རྟགས་རེད་ཟེར། ཁོས་རྒྱབ་ལ་བཀལ་མོ་ཁུར་ཞིང་སྣ་མདོར་སེར་ལ་སྦོམ་པའི་སྣབས་འདོམ་པ་གང་དཔྱངས་ནས་སློབ་གྲྭར་འགྲོ་དུས། སྡེ་མི་ཚོས་ཞི་ལི་གན་ན་སྙིང་མ་རྗེ་ཟེར་བཞིན་དངན་པ་རེ་འཐེན་པར་བྱེད།

བསོད་ནམས་འབག་བཙོག་ལ་ད་དུང་དགའ་ཕྱོགས་ཤིག་ཡོད་པ་ནི། ནམ་ཡང་གད་སྙིགས་ཀྱི་གསེང་ནས་ལྕགས་ཆག་རེའམ་ཤེལ་དམ་རེ། ཡང་ན་གློག་གཡིས་རྙིང་པ་རེ་བཏུས་ནས་རྩེད་མོར་རོལ་བར་དགའ་ལ། ཁོ་གཅིག་པུ་ཡིན་དུས་ཀྱང་ལྕགས་ཆག་གང་རུང་ཞིག་བསྟན་ནས“འདི་རླངས་འཁོར་རེད། འདི་བསྐོར་ནས་རྫོང་ཐོག་ཏུ་འགྲོ་དགོས”ཞེས་ཁེར་ལབ་རྒྱག་ཅིང། ཡང་ཤེལ་དམ་ཞིག་བསྟན་ནས“འདི་ཆང་རེད”ཟེར་བཞིན་ཧུབ་ཀྱིས་འཐུང་ཁུལ་བྱེད།

ཉིན་དེར་བསོད་ནམས་འབག་བཙོག་གིས་ལག་ཏུ་རྡོ་ཁབ་ལེན་ཞིག་བཟུང་སྟེ་གད་སྙིགས་ནང་ཕར་སློག་ཚུར་སློག་བྱེད་ཀྱིན་འདུག ང་ཚོ་མདུན་དུ་སོང་ནས་བལྟས་པ་ན། ཁོའི་རྡོ་ཁབ་ལེན་སྟེང་ཁབ་ཆག་དང་གཅུས་གཟུར། མཛེར་མ་སོགས་ལུང་བ་གང་འབྱར་འདུག ང་ཚོ་ཁོའི་ལག་གི་རྡོ་ཁབ་ལེན་དེར་ཡིད་སྨོན་ཤོར་ཏེ། རྡོ་ཁབ་ལེན་དེར་ལྟ་འདོད་ཀྱི་རེ་བ་བཤད་པ་ན། ཁོས་སེར་ལ་སྦོམ་པའི་སྣབས་དེ་འཇིབ་ཙམ་བྱས་ཤིང་། དེ་ནས་གདོང་ལ་ཡ་མཚན་པའི་མདངས་ཤིག་དོད་དེ“ཁྱོད་ཚོས་རྨི་ལམ་མ་རྨི”ཟེར། ང་ཚོས་ཁོར་བལྟས་ནས་སྡོད་དུས། ཁོས་མུ་མཐུད་དུ་གད་སྙིགས་ཁྲོད་ནས་རྡོ་ཁབ་ལེན་ཕར་འདྲུད་ཚུར་འདྲུད་བྱེད་བཞིན་འདུག

ཁོ་ནི་དེ་ལྟར་གད་སྙིགས་ཀྱི་ཁྲོད་ནས་ནར་སོན་པ་ཡིན་པས། ང་ཚོས་གད་སྙིགས་དང་ཁོ་གཉིས་ཀྱི་བར་ནས་མཚུངས་ཆོས་ཤིག་བཙལ་ཏེ། ཁོ་ལ་མཚང་མིང་ཞིག་ཅིས་ཀྱང་གདག་དགོས་སྙམ་བྱུང་། དེ་ལྟར་བསམ་བློ་བཏང་ནས་སྡོད་པའི་ཉིན་ཞིག་ལ། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ང་ཚོར“འབག་བཙོག”ཅེས་པའི་མིང་ཚིག་དེ་ཁྲིད་བྱུང་། ཕྱི་ཉིན་ལས་བྱ་འབྲི་དུས་སློབ་གྲོགས་ཚོས་མ་གྲོས་གཅིག་མཐུན་ངང“བསོད་ནམས་ནི་སློབ་མ་འབག་བཙོག་ཅིག་རེད”ཅེས་ཚིག་གྲུབ་བཟོས། དེ་ནས་བཟུང་སྟེ། ཁོ་ལ“བསོད་ནམས་འབག་བཙོག”ཟེར་བའི་མཚང་མིང་དེ་ཐོགས་པ་རེད། དང་ཐོག་ང་ཚོའི་གྲས་ཀྱི་སུ་ཞིག་གིས་ཁོར“བསོད་ནམས་འབག་བཙོག”ཅེས་བོས་ཚེ། ཁོས་དེ་ལ་ཁུ་ཚུར་གྱིས་ཨེ་གཞུས་མི་གཞུས་མེད། ང་ཡང་ཁོས་ཁུ་ཚུར་གྱིས་གཞུས་མྱོང་བའི་གྲས་ཀྱི་གཅིག་ཡིན།

ཕ་མ་རྣམས་ནི་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ལས་ཀར་འགྲོ་དགོས་པས། ཞོགས་པར་སློབ་གྲྭར་འགྲོ་དུས་དཔེ་ཁུག་ནང་དུ་དཔེ་ཆ་དང་འབྲི་དེབ་ཕུད། ད་དུང་གོ་རེ་ཉུང་ཙམ་དང་ཇ་ཤེལ་དམ་གང་བཟུང་ནས་འགྲོ་དགོས། དེ་ནི་ཉིན་དེའི་དྲོས་ཇ་ཡིན། སློབ་གྲོགས་ཚོ་སློབ་གྲྭར་བསླེབས་རྗེས། དཔེ་ཁུག་ནང་གི་ཤེལ་དམ་བླངས་ཏེ་སློབ་ཁང་གི་སྒེའུ་ཁུང་ཁར་བསྒྲིགས་ནས་འཇོག་པ་རེད། ཉིན་དེར་བསོད་ནམས་འབག་བཙོག་གིས་བསམ་གཟས་ནས་ངའི་ཤེལ་དམ་བཅགས་སོང་བས། ངས“བསོད་ནམས་འབག་བཙོག ཁྱོད་ཀྱིས་ངའི་ཤེལ་དམ་ཚབ་དགོས”ཞེས་བཤད་པ་ན། ཁོས་ཧ་ལས་པའི་ཉམས་དང་བཅས“སྐྱག་ཕྲུག ཁྱོད་ཀྱིས་ཅི་ཟེར” ཞེས་ང་ལ་བལྟས་བྱུང་། ངས“བསོད་ནམས་འབག་བཙོག ཁྱོད་ཀྱིས་ངའི་ཤེལ་དམ་ཚབ་དགོས”ཞེས་བསྐྱར་ཟློས་ཤིག་བྱས་མུར། ཁོས་ང་ལ་བསམ་དབང་དྲན་དབང་མ་བྱིན་པར་སྣ་མགོར་ཁུ་ཚུར་གྱིས་གཅིག་བརྒྱབ་བྱུང་བས། ངས་དགེ་རྒན་རིག་འཛིན་རྡོ་རྗེ་ལ“བསོད་ནམས་ཀྱིས་ང་ལ་གཅར་གི”ཞེས་གཏུག་བཤེར་བྱེད་དུས། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“ཁོས་ཁྱོད་ལ་ཅིའི་ཕྱིར་གཅར་བ་རེད”ཅེས་དྲིས་བྱུང་། ངས་དོན་དག་གི་མགོ་རྔ་ཚང་མ་དགེ་རྒན་རིག་འཛིན་རྡོ་རྗེ་ལ་ཇི་བཞིན་དུ་ཞུས་པར། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“ཁྱོད་ཀྱིས་གཞན་ལ་མཚང་མིང་བཏགས་ན། ཁྱོད་ལ་ཁུ་ཚུར་མི་འབབ་པར་སུ་ལ་འབབ། སྡུག་གྱོང་རེད”ཟེར།

ངས་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གཞུང་ལས་ཁང་ནས་མིག་ཆུ་འབྱིད་བཞིན་སློབ་ཁང་གི་ཕྱོགས་སུ་འགྲོ་དུས། བསོད་ནམས་འབག་བཙོག་གིས་སེར་ལ་སྦོམ་པའི་སྣབས་དེ་ཡར་འཇིབ་ཙམ་བྱས་ཤིང་། དེ་ནས་ལག་གཡས་ཐོད་པར་གཏུགས་ཏེ“ཁྱོད་ལ་ཁྲིགས་ཁྲིགས”ཟེར།

ཡིན་ནའང་། རྗེས་སུ་སློབ་གྲོགས་ཚོ་མ་ཟད་དགེ་རྒན་རིག་འཛིན་རྡོ་རྗེ་ཁོང་གིས་ཀྱང“བསོད་ནམས་འབག་བཙོག”ཅེས་འབོད་བཞིན་འདུག

བསོད་ནམས་འབག་བཙོག་དང་ངེད་གཉིས་སློབ་རིམ་གཅིག་མིན་རུང། ང་ཚོའི་སློབ་གྲྭར་སློབ་ཁང་གསུམ་མ་གཏོགས་མེད་པས། སློབ་རིམ་གཉིས་པ་དང་བཞི་པ་གཉིས་སློབ་ཁང་གཅིག་ཏུ་བཀོད་སྒྲིག་བྱས་ཡོད། ངའི་སེམས་ལ་ནམ་ཞིག་བསོད་ནམས་འབག་བཙོག་ལ་སྐྱིན་པ་ཞིག་ལེན་དགོས་སྙམ་བྱུང་།

རྡུང་རེས་བརྒྱག་དགོས་ཚེ་ང་ནི་ཁོའི་དོ་ཟླ་མིན།

ད་ནི་ཅི་ཞིག་བྱས་ན་དགའ་ཨང་།

ངས་ཉིན་དང་མཚན་མཐུད་ནས་བསམ་བློ་བཏང་བཏང་མཐར་གཞི་ནས་ཐབས་ཤེས་ཤིག་རྙེད་བྱུང་། ང་ཚོ་རྒྱུན་དུ་རྩེད་མོ་རྩེ་སའི་ཆུ་དོང་དེའི་མཐའ་རུ་སྦལ་བ་མང་པོ་ཐ་ར་ར་བྱེད་པས། ཉིན་ཞིག་ཁོ་མེད་པའི་གླགས་དང་བསྟུན་ནས་ངས་སྦལ་རྒན་ཞིག་བཟུང་སྟེ་ཁོའི་བཀལ་མོའི་ནང་ཁ་རོག་གེར་བཞག་པ་ཡིན། ཅོང་རྙིང་བཙའ་ཏོ་དེ"ཏིང་ཏིང"ཞེས་བསྟུད་མུར་ལན་འགར་གྲགས་པ་དང་། སློབ་གྲོགས་ཚོ་ནི་སྔ་གཞུག་བརྩད་དེ་སློབ་ཁང་དུ་བཙངས་ཡོང་། དེའི་འཕྲོར་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཁྲིད་དེབ་བཟུང་ནས་བསླེབས་བྱུང་། ཞོགས་པ་དེར་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་བསོད་ནམས་འབག་བཙོག་སོགས་ལ་ལས་བྱ་བཀོད་སྒྲིག་བྱས་རྗེས། ང་ཚོར་བོད་ཡིག་གི་སློབ་ཐུན་གསར་བ་ཞིག་ཁྲིད་མགོ་བརྩམས། ཁོས་སློབ་ཐུན་གསར་བ་དེ་ཁྲིད་ནས་ཅུང་མ་འགོར་བར། བསོད་ནམས་འབག་བཙོག་གི་བཀལ་མོའི་ནང་གི་སྦལ་བས་བསྟུད་མུར་ཨག་སྐད་ལན་འགའ་བརྒྱབ་བྱུང་།

དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“ཅི་ཞིག་རེད། སུ་ཡིན”ཟེར།

ཁོང་གིས་དེ་ནི་སྦལ་སྐད་ཡིན་པ་མ་ཤེས་པར། སུ་ཞིག་གིས་བསམ་གཟས་ནས་གཏོར་བརླག་བྱེད་བཞིན་འདུག་སྙམ་བྱུང་།

སློབ་གྲོགས་ཚོས་མིག་གཉིས་རིག་རིག་ངང་ཕན་ཚུན་ལ་བལྟས་བྱུང་། ངས་ཀྱང་མ་ཤེས་ཁུལ་བྱས་ནས་བསོད་ནམས་འབག་བཙོག་གི་ཕྱོགས་སུ་ལན་གཅིག་བལྟས་པ་ན། ཁོས་ཡར་ལྟ་མར་ལྟ་ཙམ་བྱས་རྗེས་ཅི་མི་སྙམ་པར་བསྡད་བྱུང་། སྐབས་དེར་ཁོའི་བཀལ་མོའི་ནང་གི་སྦལ་བས་ཡང་བསྐྱར་ཨག་སྐད་འབྱིན་མགོ་བརྩམས་བྱུང་།

དགེ་རྒན་རིག་འཛིན་རྡོ་རྗེ་རབ་ཏུ་ཁྲོས་བྱུང་བ་འདྲ།“ཨ་བ་ཨ་མ། སུ་ཡིན”ཟེར་ཞོར་ཁྲིད་སྟེགས་ལས་མར་བབས་ཏེ་སློབ་གྲོགས་ཚོའི་གསེང་ནས་ཕར་འགྲོ་ཚུར་འགྲོ་ཐེངས་འགའ་བྱས་འཕྲལ། བསོད་ནམས་འབག་བཙོག་གི་འགྲམ་དུ་གློ་བུར་གོམ་པ་སྤོ་མཚམས་བཞག་བྱུང་།

“ཁྱི་སྐྱག ཡར་ལོངས། ”

བསོད་ནམས་འབག་བཙོག་གིས་ཁོར་བཤད་བཞིན་པ་གཏན་ནས་མ་ཤེས། ཁོས་ད་དུང་ཁོའི་གྲལ་མཚེས་སློབ་གྲོགས་འཇིགས་མེད་ཁ་རྐོར་བལྟས་ནས་མིག་བརྡ་ཞིག་བརྒྱབ་སོང་།

དགེ་རྒན་རིག་འཛིན་རྡོ་རྗེ་ཁྲོས་པའི་ཚེ་ན་མགྲིན་པ་ལས་སྒྲ་སྣ་ཚོགས་ཤིག་གྲགས་སྲིད། ཁོང་གིས་མུ་མཐུད་དུ“ཡར་ལོངས་ཟེར་བ་མི་གོའམ། ཁྱོད་འོན་པ་ཡིན་ནམ་ལོང་བ་ཡིན”ཟེར།

བསོད་ནམས་འབག་བཙོག་གིས་འཇིགས་མེད་ཁ་རྐོའི་གདོང་ལ་བལྟས་ནས་འདུག

དགེ་རྒན་རིག་འཛིན་རྡོ་རྗེ་ཡི་ལག་པ་ལྕགས་ཚེབ་ལྟ་བུའི་བསོད་ནམས་འབག་བཙོག་གི་སྐྲ་ནས་འཇུས་ཏེ་ཡར་འཐེན་པ་ན། ད་གཟོད་བསོད་ནམས་འབག་བཙོག་གི་གདོང་ལ་སྨྲ་མི་ཤེས་པའི་ཉམས་འགྱུར་ཞིག་མངོན་ཞིང་། འཚེར་སྣང་དང་བཅས་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གདོང་ལ་ཅེར་བྱུང་།

“ཁྱོད་ཀྱི་དཔེ་ཁུག་ནང་དུ་ཅི་ཞིག་བཅུག་ཡོད།”

“ཅི་ཡང་མེད།”

“མེད་དམ།”

“མེད།”

དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཁོའི་བཀལ་མོ་ནག་པོ་མགོ་རྟིང་བསློགས་ཏེ་སྤྲུགས་ཙམ་བྱས་པ་ན། བཀལ་མོ་ལས་དཔེ་དེབ་དང་གོ་རེ། ད་དུང་སྦལ་བ་ཞིག་ཐང་ལ་ལྷུང་བྱུང་བས། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས “ཨ་ཙི”ཟེར་བཞིན་ཕྱི་ནུར་འགའ་སྟེག་བྱུང་། དེ་ནས“ཁྱི་སྐྱག དཔེ་ཁུག་ནང་དུ་སྦལ་བ་བཅུག་ནས་ཟ་རྒྱུ་ཡིན་ནམ”ཟེར་ཞིང་ཁོའི་གདོང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་སོང་།

བསོད་ནམས་འབག་བཙོག་ནི་གློག་གིས་བརྒྱབ་པ་ལྟར་ངོ་ཚུགས་ཀྱང་གཅུས་སོང་།

བསོད་ནམས་འབག་བཙོག་གིས“ངས་བཞག་པ་མིན”ཞེས་སྐད་དམའ་མོས་བཤད།

“དེས་ན་སུས་བཞག་པ་རེད།”

དགེ་རྒན་རིག་འཛིན་རྡོ་རྗེ་སྐད་སྒྲ་ལ་ཟིལ་རྔམ་ཡ་མེད་ཅིག་ལྡན་འདུག

དེ་དུས། ངའི་སེམས་ལའང་ཞེད་སྣང་ཞིག་འགོག་མེད་དུ་སྐྱེས་མགོ་བརྩམས།

“ངས་མི་ཤེས།”

“བཀལ་མོ་ཆད་པོ་འདི་ཁྱོད་ཀྱིས་ཨེ་ཡིན།”

“ཡིན།”

“བཀལ་མོ་ཆད་པོ་འདི་སྦལ་ཁུག་ཡིན་ནམ་དཔེ་ཁུག་ཡིན།”

“དཔེ་ཁུག་ཡིན།”

“དཔེ་ཁུག་ཡིན་ན་སྦལ་བ་བཅུག་ནས་རོ་བྱེད་དམ།”

“ངས་བཅུག་པ་མིན།”

“ད་རུང་ཕྱིར་ལན་བསློག་རྒྱུ་ཡིན་ནམ།”

བསོད་ནམས་འབག་བཙོག་གི་གདོང་ལ་ངུ་ཉམས་ཤིག་ཤར་ཏེ་ཁ་རོག་གེར་བསྡད་བྱུང་།

“……”

ང་ཞོགས་པ་དེར་དགའ་དགའ་ཞིག་དགའ་མ་མྱོང་། བསོད་ནམས་འབག་བཙོག་ལ་སྐྱིན་པ་ལེན་ཡག་བྱས་སོང་བས། སེམས་ཀྱི་ཁུར་བོ་ལྕི་མོ་ཞིག་ཐང་ལ་ཕོག་སོང་བའི་སྣང་བ་ཞིག་སྟེར།

བསོད་ནམས་འབག་བཙོག་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ནི། ཁོ་སློབ་རིམ་བཞི་པ་ཡིན་དུས་ཤིག་སྟེ། དེ་ནི་དབྱར་གནང་གཏོང་ལ་ཉེ་བའི་ཉིན་ཞིག་ཡིན། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་སློབ་གྲོགས་ཚོར་སློབ་ཁང་ལ་གཙང་སྦྲ་ལེགས་པོ་ཞིག་བྱོས་ཟེར། དགེ་རྒན་རིག་འཛིན་རྡོ་རྗེ་སློབ་ཁང་ནང་ཡར་འགྲོ་མར་འགྲོ་བྱས་ཏེ་ང་ཚོར་ལྟ་རྟོག་བྱེད་དུས། ཁོས་ང་ཚོའི་སྒྲོག་ཙེའི་ནང་དུ་གོར་སྐམ་མང་པོ་ཡོད་པ་མཐོང་བྱུང་། སྐབས་དེར་ཁོས་ཅི་ཞིག་དྲན་པ་ལྟར་ང་ཚོར་གཙང་སྦྲ་བྱེད་མཚམས་འཇོག་ཏུ་བཅུག དེ་ནས་སོ་སོའི་སྒྲོག་ཙེ་ནང་གི་གོར་སྐམ་དཔེ་ཁུག་ནང་འཇུག་པར་བསྐུལ་བྱུང་།

“ཚང་མས་གོར་སྐམ་དཔེ་ཁུག་ནང་ཆུགས།”

ང་ཚོས་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཅི་ཞིག་བྱེད་སྲིད་པ་ག་ལ་ཤེས། སྒྲོག་ཙེ་ནང་གི་གོར་སྐམ་མ་ལུས་པར་དཔེ་ཁུག་ནང་དུ་བཅུག་པ་ཡིན། དེ་དུས་བསོད་ནམས་འབག་བཙོག་གིས་སྒྲོག་ཙེ་ནང་བསློགས་བསློགས་རྗེས། ཅི་ཡང་མ་རྙེད་པས་ང་ལ་གོར་སྐམ་ཅུང་ཟད་ཁོར་བྱིན་ཟེར། ངས“ཁྱོད་ལ་གོར་རྡུལ་ཞིག་ཀྱང་སྟེར་མི་སྲིད”ཅེས་བཤད་པ་ན། བསོད་ནམས་འབག་བཙོག་གི་གདོང་ལ་རེ་ཆད་ཀྱི་ཉམས་ཤིག་ཤར་འདུག

དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“འགྲོ། དཔེ་ཁུག་ཟུངས་དང་། ང་ཚོ་སྤང་ཁུད་དུ་རྩེད་མོ་རྩེ་རུ་འགྲོ”ཟེར།

སློབ་གྲོགས་རྣམས་དགའ་སྟེ་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་རྗེས་བསྙེགས་ཏེ་སློབ་གྲྭའི་གཡས་ལོགས་ཀྱི་སྤང་ཁུད་དུ་ཕྱིན། དེ་ནས་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་སློབ་གྲོགས་ཚོ་ཁོའི་མཐའ་བསྐོར་ནས་འདུག་ཏུ་བཅུག་རྗེས། སོ་སོའི་དཔེ་ཁུག་ནང་གི་གོར་སྐམ་རང་རང་གི་མདུན་དུ་བྱོ་རུ་བཅུག དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་བསོད་ནམས་འབག་བཙོག་ལ “ཁྱོད་ཀྱི་གོར་སྐམ་གང་དུ་བུད་སོང”ཟེར།

བསོད་ནམས་འབག་བཙོག་གིས་མགོ་བོ་སྨད་དེ། “ང་ལ་གོར་སྐམ་མེད”ཟེར།

“ཡ། དེས་ན་ཁྱོད་འདིར་ཤོག”

བསོད་ནམས་འབག་བཙོག་གི་ཞུམ་པ་འདར་ཙམ་འདར་ཙམ་བྱེད།

ང་ཚོའི་སེམས་སུ་དགེ་རྒན་རིག་འཛིན་རྡོ་རྗེའི་ལག་པ་ལྕགས་ཚེབ་ལྟ་བུ་དེ། བསོད་ནམས་འབག་བཙོག་གི་གདོང་ལ་འབབ་རྒྱུ་རེད་སྙམ་དུས། ལྡོག་སྟེ་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གདོང་ལ་འཛུམ་ཞིག་ལངས་བྱུང་།

“ཡ། དེས་ན་ཁྱོད་ཀྱིས་ཁོ་ཚོར་ལྟ་རྟོག་བྱོས། ”

དགེ་རྒན་རིག་འཛིན་རྡོ་རྗེས་ང་ཚོར་ལྟ་དུས་གདོང་གི་རྣམ་འགྱུར་གློ་བུར་འགྱུར་ཏེ། “ཁྱོད་ཚོར་ཕ་མའི་རྔུལ་ཁྲག་འདི་ལྟར་ཆུད་ཟོས་སུ་ཐོངས་ཞེས་སུས་བཤད་པ་ཡིན།” ཁོའི་སྐད་མགོ་ཤིན་ཏུ་མཐོ།

སྔོན་ཏག་ཏག་ལ་ད་དུང་འཛུམ་གྱིས་ཁེངས་པའི་སློབ་གྲོགས་རྣམས་ཁ་རོག་གེར་གྱུར། སྐབས་དེར་བསོད་ནམས་འབག་བཙོག་གི་གདོང་ལ་རྒྱལ་ཁའི་ཉམས་ཤིག་ཤར་འདུག དེ་ནི་བསོད་ནམས་འབག་བཙོག་གི་གོ་རྟོགས་མཐོ་བའི་མ་ཡིན་ཏེ། ཁོ་ལ་མ་གཞི་ནས་གོ་རེ་ཉུང་ཙམ་ལས་འཁྱེར་ཡོང་རྒྱུ་མེད།

ད་ལྟ་བསམས་ན། དེ་ཡང་ཁོ་ནི་གཞུག་ཁྲིད་ཡིན་པས་རྟགས་རེད།

དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་དབྱུག་པ་ཞིག་འཁྱེར་ཡོང་སྟེ་བསོད་ནམས་འབག་བཙོག་གི་ལག་ཏུ་བཞག་སོང་། དེ་ནས་བསོད་ནམས་འབག་བཙོག་གི་གདོང་ལ་བལྟས་ནས“ཚང་མར་རང་རང་གི་གོར་སྐམ་ཟ་ཡག་བྱེད་དུ་ཆུགས། སུས་མི་ཟ་ན་ཁྱོད་ཀྱིས་དེའི་སྐེ་ལ་དབྱུག་པས་རྒྱོབས། ཨེ་གོ་ཐལ”ཟེར། བསོད་ནམས་འབག་བཙོག་གི་གདོང་ལ་འཛུམ་ཉི་མ་འདྲ་ཞིག་ཤར་འདུག

ང་ཚོ་དགེ་རྒན་རིག་འཛིན་རྡོ་རྗེ་ལ་ཤིན་ཏུ་སྐྲག་པས། གོར་སྐམ་དག་མི་འདོད་བཞིན་བཙན་གྱིས་ཟོས་པ་ཡིན།

བསོད་ནམས་འབག་བཙོག་གིས་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཁོར་སྤྲད་པའི་དབྱུག་པ་དེ་བཟུང་ནས། ང་ཚོའི་མདུན་དུ་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་། ད་དུང“རེམ་མ་ཟོ། ཨེ་གོ་ཐལ”ཟེར་བཞིན་མི་རེའི་སྐེ་ལ་དབྱུག་པས་ལན་རེ་བྲབས་བྱུང་།

ང་ཚོས་གོ་སྐམ་དག་ཟོས་ཚར་ལ་ཉེ་དུས། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ལག་པ་རྒྱབ་ལག་བྱས་ནས་བསླེབས་བྱུང་།

“ཁྱོད་ཚོས་གོ་རེ་ཟོས་ཚར་སོང་ངམ།”

“ཚར་སོང་།”

ང་ཚོས་མགྲིན་གཅིག་ཏུ་ལན་བཏབ་པ་ན། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ང་ཚོའི་མདུན་དུ་ཞིབ་ལྟ་ཞིག་བྱས་རྗེས“དེས་ན་འདིར་གྲལ་བསྒྲིགས” ཟེར།

དེ་ནས་ཅུང་མ་འགོར་བར་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་བསོད་ནམས་འབག་བཙོག་མངགས་ཏེ་རྡོ་རྒན་ཞིག་འཁྱེར་ཡོང་དུ་བཅུག ང་ཚོས་ཅི་ཞིག་བྱ་སྲིད་པ་ཆ་མ་འཚལ་བར་དོགས་སྣང་གིས་ཁེངས་ཤིང་སྡོད་དུས། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་མཛུབ་གུས་ང་བསྟན་ནས“ཁྱོད་རང་སྔུན་ལ་བུད”ཟེར།

ང་རང་གྲལ་ལས་བུད་དེ་སློབ་གྲོགས་ཚོའི་སྔུན་དུ་འགྲེངས་ནས་བསྡད་པ་ན། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས“མི་རེས་རྡོ་འདི་གནམ་ལ་ཐེངས་བརྒྱ་རེ་ཁྱོགས། རྡོ་ཐེངས་རེ་བཀྱགས་ན་ཁ་ནས་ཨ་ཕ་ཨ་མའི་བཀའ་དྲིན་ཞེས་སྐད་ཆེན་པོས་ཐེངས་རེ་བོས”ཟེར།

“ཨ་ཕ་ཨ་མའི་བཀའ་དྲིན།”

“ཨ་ཕ་ཨ་མའི་བཀའ་དྲིན།”

“ཨ་ཕ་ཨ་མའི་བཀའ་དྲིན།”

“ཨ་ཕ་ཨ་མའི་བཀའ་དྲིན།”

“……­”

ངས་དེ་ལྟར་འབོད་ཀྱིན་རྡོ་དེ་ཐེངས་བརྒྱར་གནམ་ལ་བཀྱགས་ཚར་དུས། དཔྲལ་བ་ནས་རྔུལ་ཆུ་མཚམས་མེད་དུ་འཛར་ཏེ་གདོང་ཡོངས་བརླན་པ་མ་ཟད། ལག་པ་གཉིས་ཀ་ནི་ཚོར་བས་བཏང་སྟེ་རང་གི་ཡིན་མིན་ཡང་མི་ཤེས་པར་གྱུར།

བསོད་ནམས་འབག་བཙོག་ལོགས་ཤིག་ཏུ་འགྲེངས་ཏེ་ང་ཚོར་བལྟས་འདུག ཁོའི་མིག་ཟུང་དུ་རང་རློམ་དང་ང་རྒྱལ་ཞིག་གིས་ཀུན་ནས་ཁེངས་འདུག་ལ། སྣ་མདོའི་སེར་ལ་སྦོམ་པའི་སྣབས་དེ་ཉི་འོད་ཀྱི་འོག་ཏུ་འཁྱུག་ཙམ་འཁྱུག་ཙམ་བྱེད།

བསོད་ནམས་འབག་བཙོག་སློབ་ཆུང་ནས་མཐར་མ་ཕྱིན་གོང་། ཁོའི་ཕ་གཡར་གྱིས་ཁོ་རང་སློབ་གྲྭ་ནས་ཕྱིར་འཐེན་ཏེ་ལུག་རྫིར་བསྐོས། དེ་ལ་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཕངས་པའི་ཤུགས་རིང་འདོན་བཞིན། “བསོད་ནམས་འབག་བཙོག་དེ་བྱིས་པ་རིག་ཡག་ཅིག་ཡིན་མོད། ད་ནི་དེ་བ་ཚང་གིས་བརླག་རྒྱུ་རེད”ཟེར།

བསོད་ནམས་འབག་བཙོག་གི་ཕྱིའི་ཆ་ལུགས་ནི་ལྡ་ང་ལྡང་ངེ་ཆ་ལ་ཆོལ་ལེ་ཞིག་ཡིན་རུང་། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་བཤད་པ་ལྟར། ཁོ་རིག་ཡག་ཅིག་ཡིན་པ་ནི་དོན་དངོས་ཀྱི་སྟེང་ནས་ར་སྤྲོད་བྱས་ཆོག་སྟེ། ཁོར་ཆེད་དུ་སུ་ཡིས་མ་བསླབས་ཀྱང་ཆུང་ངུའི་དུས་ནས《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》དང《དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ》《གེ་སེར་སྒྲུང》སོགས་བློ་ནས་ཐོགས་མེད་དུ་འདོན་ཐུབ་པས། སྡེ་བའི་ནང་གི་བུད་མེད་ཚོས་ཁོ་རང་ཞིང་ཁ་སོགས་སུ་བཀག་སྟེ། “བསོད་ནམས། ང་ཚོར《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》ཞིག་ལོངས་དང”ཟེར་བ་ན། ཁོས་དེ་མ་ཉིད་དུ་དབྱངས་རྟར་དྲངས་ཏེ་ལེན་པར་བྱེད་ཅིང་། ཉིན་ཁར་ཉི་མར་ལྡེ་བའི་བགྲེས་པོ་རྣམས་ཀྱིས་ཀྱང་ཁོ་ལ“བསོད་ནམས། ང་ཚོར་སྒྲུང་ཞིག་བཤད་རོགས”ཞེས་བསྐུལ་ཚེ། ཁོས་ལག་པས་ཕྱག་རྒྱ་སྣ་ཚོགས་བྱེད་ཀྱིན་ཐོགས་མེད་དུ་བཤད་སྲིད།

དེ་ལྟ་ནའང་། གྲོ་ཞིང་ཁའི་རྒན་གཞོན་ཀུན་གྱིས་བསོད་ནམས་འབག་བཙོག་དེ་བྱིས་པ་ཡ་རབས་ཀྱི་གྲས་སུ་བཞག་མ་མྱོང་།

ནམ་ཡང“བསོད་ནམས་འབག་བཙོག་ཟེར་རམ། དེ་ནི་དགའ་ཞིག་ག་ལ་ཡིན།” “བསོད་ནམས་འབག་བཙོག་ཡེ། དེར་འགྲོགས་མི་ཉན”ཟེར།

ངས་ནི་མི་རྒན་ཚོའི་གཏམ་ལ་གོ་བ་ལེན་མ་ཐུབ། རྗེས་སུ་ངའི་སེམས་ལ་གཏམ་དཔེ་ཞིག་དྲན་བྱུང་སྟེ། དགོས་དུས་ལྷ་རྫས་དང་། མི་དགོས་དུས་གདོན་རྫས། དེ་ནི་ཆེད་དུ་དེར་བསྟན་པ་རེད་སྙམ་བྱུང་།

བསོད་ནམས་འབག་བཙོག་ནི་ལུག་རྫི་ཡང་དགའ་ཞིག་ཡིན་པ་འདྲ་སྟེ། དེ་ནི་ཁོ་ཚང་གི་ལུག་ལ་བལྟས་ན་ཤེས་ཐུབ། ཁོ་ཚང་གི་ལུག་རྣམས་ནི་གཞན་ལས་ཆེ་ཞིང་ཤ་ཤེད་རྒྱས་ཏེ། སུས་མཐོང་ཡང“གན་ཨ་ཁུ་ཚེ་བརྟན་ཚང་གི་ལུག་རེད”མི་ཟེར་མཁན་ཞིག་མེད། ཡིན་ནའང་ཁོས“ལུག་འཚོ་བ་ལས་ཐབས་རྡུགས་ཀྱི་ལས་ཀ་ཞིག་མི་འདུག”ཟེར།

དེ་ནི་དབྱར་གནང་གི་སྐབས་ཤིག་སྟེ། ཉིན་དེར་ང་གཅིག་པུ་ཁྱིམ་དུ་བསྡད་ཡོད། ངས་ལས་བྱ་བྲིས་ནས་མཚམས་ཤིག་ལ་སྒོར་བུད་པ་ན། བསོད་ནམས་འབག་བཙོག་གིས་ངེད་ཚང་གི་ཚོད་རའི་ནང་ནས་ལ་ཕུག་རྐུ་བཞིན་པ་མཐོང་བྱུང་།

“ཝེ། རྐུན་མ།”

ངའི་ཁ་ནས་སྐད་ཆ་དེ་ཤོར་བ་དང་བསོད་ནམས་འབག་བཙོག་ཡར་ལངས་ནས་འབྲོ་རྩིས་ཤིག་བྱས་མོད། ཁོས་ང་གཅིག་པུ་ཡིན་པ་མཐོང་བས་གདོང་གི་རྣམ་འགྱུར་རྒྱུན་ལྡན་དུ་གྱུར་ཅིང་། དེ་ནས“མིན་མིན་མིན། ལ་ཕུག་ཅིག་བརྐུས་ནས་ཅི་བྱེད། ལ་ཕུག་དགོས་ན་ངེད་ཚང་གི་ཚོད་རའི་ནང་དུ་ཏག་ཏག་ཡིན། ཁྱོད་ལ་ལ་ཕུག་དགོས་སམ”ཟེར།

“དེས་ན་ཁྱོད་ཀྱིས་ངེད་ཚང་གི་ཚོད་རའི་ནང་དུ་ཅི་ཞིག་བྱེད་ཀྱིན་ཡོད།”

“ང་ཁྱོད་འབོད་དུ་ཡོང་བ་ཡིན།”

“ང་བོས་ནས་ཅི་བྱེད།”

“འུ་གཉིས་རྩེད་དུ་འགྲོ།”

“མི་འགྲོ། ང་ཁྱོད་ལ་འགྲོགས་ནས་མི་འགྲོ།”

ང་ནི་ཁོ་དང་འགྲོགས་ནས་གཏན་དུ་འགྲོ་མི་འདོད་མོད། ཁོས་ང་ལ“ཁྱོད་ཀྱིས་གེ་སེར་རྒྱལ་པོའི་ཞབས་རྗེས་མཐོང་ཨེ་མྱོང”ཟེར། ངས་ལན་ཅི་ཡང་མ་བཏབ་པར་སྡོད་དུས་ཁོས་ཡང་བསྐྱར་ཁ་གྲགས་བྱུང་།

“གེ་སར་རྒྱལ་པོའི་ཞབས་རྗེས་ལ་ལྟ་རུ་འགྲོ་མི་འདོད་དམ། ”

ང་ཚོ་སྡེ་བའི་གོང་དུ་ཐང་ནག་ཟེར་བའི་ཐང་ཆེན་པོ་ཞིག་ཡོད་པ་དེ་རུ། རྡོ་ཕ་བོང་ཞིག་གི་སྟེང་དུ་གེ་སར་རྒྱལ་པོའི་ཞབས་རྗེས་ཕབ་ཡོད་ཟེར་བ་ངས་ཀྱང་གོ་མྱོང་བས། ཁོས་ང་ལ་མུ་མཐུད་དུ་འགྲོ་ཟེར་དུས། ངས་ཀྱང་དེའི་བསླུ་བྲིད་བཟློག་མ་ཐུབ་པར་ཁོའི་རྗེས་འབྲངས་ནས་ཕྱིན་པ་ཡིན།

ལམ་དུ་ཁོས་ང་ལ་གེ་སར་རྒྱལ་པོ་ནི་གནམ་ལ་འཕུར་ན་བྱ་དང་འདྲ་ཞིང་། ས་ལ་འཛུལ་ན་སྦྲུལ་དང་འདྲ། ཀི་ཞིག་བཏབ་ན་གནམ་ས་གཡོ་བར་བྱེད། གོམ་གང་སྤོས་ན་གཙང་བོའི་ཕ་རོལ་བརྒལ་བར་ནུས་ཟེར་བཞིན། གེ་སེར་རྒྱལ་པོའི་ངོ་མཚར་གྱི་གཏམ་རྒྱུད་མང་པོ་བཤད་བྱུང་། ང་ནི་ཁོའི་གཏམ་གྱིས་ཡིད་སེམས་རབ་ཏུ་དྲངས་སོང་བས། ཁོས“ད་ནི་ཁྱོད་འགྲོ་མི་འདོད་ན་མ་སོང་ནའང་ཆོག”ཟེར་དུས། ངས་ཁོར་ཞུ་བ་བྱས་ཤིང་རྗེས་བསྙེགས་ནས་སོང་བ་ཡིན། དེ་དུས་ཁོའི་གདོང་ལ་ཁེངས་ཉམས་ཤིག་དོད་དེ“འགྲོ་མི་འདོད་ན་ཨ་ཁུ་ལོ་ལོ་མེད”ཟེར།

ད་ལྟ་ཕྱིར་འདང་ཞིག་བརྒྱབ་ཚེ། ཡིན་པ་ནི་ཁོས་ང་ལ་མགོ་བསྐོར་ཏེ་ལུག་འཚོ་རོགས་སུ་ཁྲིད་པ་རེད།

ངེད་གཉིས་ཐང་ནག་ཟེར་བའི་ཐང་ཆེན་པོ་དེར་བསླེབས་དུས། ཁོ་ཚང་གི་ལུག་ཁྱུ་ཐང་ཆེན་པོའི་ཁུད་དུ་གཟན་ལ་བཀྲམ་འདུག

རྡོ་ཕ་བོང་དེ་ནི་རྒྱང་ནས་བལྟས་ཀྱང་ལྷིང་ངེར་འདུག ང་ཁོའི་རྗེས་འབྲངས་ནས་རྡོ་ཕ་བོང་གི་ཉེ་སར་ཕྱིན་པ་ན། གེ་སེར་རྒྱལ་པོའི་ཞབས་རྗེས་ཟེར་བའི་རྐང་རྗེས་ཆེན་པོ་དེ་དངོས་སུ་མིག་ལམ་དུ་མངོན་བྱུང་། རྡོ་ཕ་བོང་དེའི་ངོས་སུ་ཧ་ཅང་ཆེ་བའི་རྐང་རྗེས་ཤིག་ཕབ་འདུག དེ་དུས་ཁོས་ངའི་ལྷམ་ཕུད་ཅིང་རྐང་པ་དེའི་སྟེང་དུ་སྤོ་རུ་བཅུག རྐང་རྗེས་ཆེན་པོ་དེ་ནི་དངོས་གནས་གོམ་གང་སྤོས་ན་གཙང་བོའི་ཕ་རོལ་བརྒལ་ཐུབ་པའི་རྐང་རྒན་ཞིག་ཡིན་པ་ཐག་གིས་ཆོད།

ཉིན་མོ་དེར་ཁོས་ང་ལ་གེ་སེར་རྒྱལ་པོའི་གཏམ་རྒྱུད་སྙན་མོ་གླུ་ལ་དྲངས་ཏེ་བླངས་བྱུང་བས། ངའི་སེམས་ལ་བསོད་ནམས་འབག་བཙོག་འདིས་སྣ་མདོའི་སྣབས་བདག་བྱ་མི་ཐུབ་ཀྱང་མི་ནི་ཤེས་རྒྱ་ཅན་ཞིག་རེད་ཨང་སྙམ་བྱུང་།

གླུ་ཨ་ལ་ལ་མོ་ཨ་ལ་ལེན།།

གླུ་ཐ་ལ་ལ་མོ་ཐ་ལ་ལེན།།

ཨ་ལ་ངག་གི་འགུག་ལུགས་རེད།།

བསམ་དོན་ངང་གི་ཤུགས་འབྱུང་རེད།།

འབྲུ་དྲུག་ཚིག་གི་བཅད་སོ་རེད།།

ས་འདིའི་ས་ངོ་མ་ཤེས་ན།།

རིང་བོ་རྣ་བའི་གོ་ཚུལ་ལ།།

ཤར་ཁྲ་བོ་གླིང་གི་ས་ཆ་རེད།།

ཁོས་དེ་ལྟར་ངག་ལ་བཀུགས་ནས་ལེན་དུས། ངའི་མཐོང་ལམ་དུ་མདའ་མདུང་གྲི་གསུམ་ཐོགས་པའི་སྐྱ་མི་མང་པོ་གཤར་ནས་འོངས་པའི་སྣང་བརྙན་རབ་རིབ་ཅིག་འཁོར་བྱུང་།

ཁོས་ང་ལ་དེ་ལྟར་གེ་སར་རྒྱལ་པོའི་གཏམ་རྒྱུད་སྣ་ཚོགས་བཤད་ནས་དུས་ཡུན་རིང་ཙམ་འགོར་བ་ན། ངའི་ཕོ་བར་ལྟོགས་སྣང་ཞིག་ཀུན་ནས་སྐྱེས་བྱུང་།

“ང་ལྟོགས་ནས་ཤི་ཐལ།”

ངས་བསོད་ནམས་འབག་བཙོག་ལ་དེ་ལྟར་བཤད།

ཁོས“དེས་ན་འུ་གཉིས་ཀྱིས་ཟ་རྒྱུ་ཞིག་བཙལ”ཟེར།

ངའི་སེམས་ལ་ཐང་སྟོང་ཞིག་ཏུ་ཟ་རྒྱུ་ཞིག་གང་དུ་འཚོལ་ཨང་སྙམ་པའི་སྐབས་སུ། ཁོས་རྩྭ་ལྡུམ་ཞིག་གི་རྩད་པ་བལ་ནས“འདི་ནི་ཟས་ན་ཆོག་པ་རེད”ཟེར། ཁོའི་སྐད་ཆ་དེས་ང་དོགས་པ་ཞིག་བསླངས་སོང་མོད། འོན་ཀྱང་ཁྲིགས་ཁྲིགས་མེད་ན་བདེན་པ་ཡིན་ཀྱང་སྲིད་སྙམ་ནས་ཁ་ལ་བཅུག་པ་ན། དེ་ནི་དངོས་གནས་ཀ་ར་བྲོ་ཞིང་ཁ་ལ་ཤིན་ཏུ་ཞིམ་པས་འགྲངས་ཚད་ཅིག་ཟོས་པ་ཡིན། མཐའ་མར་ངེད་གཉིས་རྡོ་ཕ་བོང་གི་སྟེང་དུ་ཁ་སྦུབ་ཏུ་ཉལ་ནས་ཡར་བཤད་མར་བཤད་བྱས། བར་སྐབས་ཤིག་ལ་ང་ནི་དེ་ལྟར་ཤེས་མེད་ཚོར་མེད་ངང་གཉིད་ཀྱི་ཞིང་ཁམས་སུ་འཁྱམ་སོང་།

རྨི་ལམ་རིང་བོ་དེའི་ནང་དུ་གེ་སེར་རྒྱལ་པོ་ཡིན་ཟེར་བ་ཞིག་གིས་ང་རང་ཁོའི་རྟ་རྒྱབ་ཏུ་བླངས་ནས་ཐང་ནག་ཏུ་ཡར་རྒྱུགས་མར་རྒྱུགས་བྱས་པ་ན། ཕྱོགས་བཞིའི་མི་ཚོགས་ཀྱིས་མགོ་བོ་དུད་དེ་ང་དང་གེ་སེར་རྒྱལ་པོ་གཉིས་ལ་གུས་འདུད་ཞུ་ཞིང་མཆིས། ང་ནི་དགའ་སྟེ་ཀི་ལྡིར་ལན་འགའ་བྱས་པ་ན། མི་རྣམས་ཀྱིས་ཀྱང་ང་ལ་ལད་མོ་བྱས་ནས་ཀི་ལྡིར་བྱེད་མགོ་བརྩམས། གེ་སེར་རྒྱལ་པོས་ང་ལ “འདི་ནི་བདག་གི་འབངས་ཡིན། ང་ནི་ཧོར་ལ་ཆས་དགོས་པས། དེ་རིང་ནས་བཟུང་ཡུལ་འདིར་ཁྱོད་ཀྱིས་བདག་དམ་བྱ་དགོས”ཞེས་བཤད་རྗེས། ཁོ་རང་རྟ་ཕོ་གཞན་ཞིག་གི་འཕོང་ལ་ཞོན་ཏེ་ངའི་མཐོང་ལམ་ནས་རིང་དུ་ཡལ་སོང་། དེ་དུས་ཕྱོགས་དང་ཕྱོགས་ཀྱི་མི་རྣམས་ངའི་མདུན་དུ་ཡོང་ནས“རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག”ཅེས་བསྒྲགས་བྱུང་ །

སྐད་སྒྲ་དེ་ནི་རླུང་གིས་སྤུར་བའི་ཕུག་མ་བཞིན་ལ་ལུང་དུ་ཁྱབ་སོང་།

ང་དེ་ལྟར་རྨི་ལམ་རིང་བོ་དེ་ལས་སད་དུས་མུན་ཡོངས་སུ་རུབ་འདུག

ངས་གམ་དུ་ལྟ་དུས་བསོད་ནམས་འབག་བཙོག་སྔར་ནས་སོང་ཟིན། སྐྱི་བསེར་གྱི་གཡབ་གཡུག་ཁྲོད་ནས་འཇག་སྐྱའི་ཤུར་སྒྲ་སྒྲོག་ཅིང་། རྒྱང་རིང་གི་གནས་གང་ཞིག་ནས་སྤྱང་ཀིའི་ངུ་འབོད་ཀྱང་རྣ་ལམ་དུ་མཆེད་འོངས་པས། ང་ནི་སྐྲག་སྟེ་ཐང་ཆེན་པོའི་ཁུད་ནས་ཤུགས་ཀྱིས་བརྒྱུགས་པ་ཡིན། ཇི་ལྟར་ཤུགས་ཀྱིས་བརྒྱུགས་ན་དེ་ལྟར་སྣང་བ་ཞིག་ལ་མི་ཞིག་རྗེས་དེད་ནས་འོང་བཞིན་པ་འདྲ་བས། ངས་ཡང་ཡང་ཕྱིར་འཁོར་ནས་མི་ལྟ་ཀ་མེད་བྱུང་། ང་རང་རྒྱུག་ཞོར་དང་ཕྱིར་ལྟ་བྱེད་ཞོར་ཡུལ་ལ་བསླེབས་དུས་ལུས་ཡོངས་རྔུལ་ཆུས་བངས་འདུག

བསོད་ནམས་འབག་བཙོག ཨ་བ་ཨ་མ་རོ། ཁྱི་སྐྱག རྨ་ཆུར་འཕེན་རྒྱུ་བོ། རྐང་པ་གཅོག་རྒྱུ་བོ། ཤུན་པགས་བཤུ་རྒྱུ་བོ། སྐེ་གཅུ་རྒྱུ་བོ…… ལམ་དུ་ངས་དེ་ལྟར་མི་རྒན་རྣམས་ཀྱིས་བྱིས་པར་སྡིགས་དམོད་བྱེད་སྲོལ་ལྟར། བསོད་ནམས་འབག་བཙོག་ལ་སྡིགས་ནས་ཡོང་བ་ཡིན།

མཚན་མོ་དེར། རྒྱུ་མཚན་ཅི་ཡིས་དབང་གི་ཡིན་པ་མ་ཤེས་མོད། ང་རང་ཞག་གང་བོར་གཉིད་སྐྱིད་པོ་ཞིག་མ་ཁུགས། གཉིད་གུང་དུ་འབུ་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་ངའི་ཕྱོགས་སུ་ནུར་འོངས་ཤིང་། བལྟས་བལྟས་ལ་འབུ་མང་པོས་ང་རུབ་འོངས་པས། ང་སྐྲག་སྣང་དང་བཅས་ཨག་སྐད་ཅིག་བརྒྱབ་པ་དེས་ཕ་མ་གཉིས་ཀྱི་གཉིད་ཀྱང་གང་ཞིག་ཏུ་ཞོགས་སུ་བཅུག་སོང་། ཨ་ཕས་དཔེ་ཆ་སྣ་རིང་ཞིག་ངའི་མགོ་ལ་བཞག་ཅིང་མཆོད་མེ་རྐོང་གང་བསྒྲོན་པ་ན། ངའི་མིག་ལམ་དུ་འབུ་རྣམས་མཆོད་མེ་ཡི་མེ་ལྕེ་ཕྲ་མོས་བསྲེགས་སོང་བས། ངས་ཨ་ཕ་ལ“ད་དུང་འདི་ན་འབུ་ཞིག་ཡོད”ཅེས་བཤད་པ་ན། ཨ་ཕས་དེ་མ་ཉིད་འབུ་དེ་ཐལ་དུ་བཏང་གྲོ། ངས་ཡང“ཨ་ཕ་གན་ན་འབུ་ཞིག་འདུག” ཅེས་ལག་པས་བསྟན་ན། ཨ་ཕས་མཆོད་མེ་བཟུང་ནས་འབུ་དེ་ཡང་བསྲེགས་པར་བྱེད། ཨ་ཕས་ད་དུང“སྐྲག་མི་དགོས། འབུ་རྣམས་ངས་རེ་རེ་བཞིན་བསྲེགས་ནས་རྩ་མེད་དུ་གཏོང”ཟེར།

ཕྱི་ཉིན་སྔ་མོ་ཡར་ལངས་དུས་ཀྱང་། མཚན་གྱི་བྱུང་བ་རྣམས་ཇི་བཞིན་དུ་ཡིད་ངོར་ཡོད་པས། ངས་ཨ་ཕར་དྲིས་དུས། ཨ་ཕས“ཁྱོད་ལ་མིག་འཕྲུལ་བྱུང་བ་ཁོ་ཐག་རེད། དོན་དུ་འབུ་ཞིག་ག་ལ་ཡོད”ཟེར། ང་རང་རྣར་མ་སོང་བར“དཔེ་མི་སྲིད། ངས་དངོས་སུ་མཐོང་བྱུང”ཞེས་བཤད་ཚེ། ཨ་མའི་རྣམ་རྟོག་གིས་བསླངས་པའི་གདོང་ལ་ཞེད་སྣང་འདོམ་གང་བསྣར་ནས། “ཨ་ཁུ་སྔགས་རྒན་གྱི་མདུན་དུ་སོང་ནས་ཕྱག་མོ་ཞིག་བཏབ་ན་ཅི་འདྲ། མདང་ནུབ་རྨི་ལམ་ནང་བྱི་ལ་ཁྲ་ཁྲ་ཞིག་ངའི་རུམ་ལ་འཛུལ་ཡོང་བ་དང་ཆབས་ཅིག་ཞི་ལུས་ཨག་འབོད་བྱས་སོང་། ཕལ་ཆེར་ཐེའུ་རང་གིས་གནོད་བཞིན་པ་འདྲ”ཟེར།

ཨ་ཕས་ང་ཁྲིད་ནས་སྔགས་རྒན་རིག་འཛིན་གྱི་མདུན་དུ་སོང་བ་ན། སྔགས་རྒན་རིག་འཛིན་གྱིས་ངའི་སྐེ་ལ་སྲུང་འཁོར་ཞིག་བཏགས་ཤིང་། ད་དུང་ཞལ་ཕུ་ལན་འགའ་བཏབ་རྗེས། དགོང་མོ་ཉལ་ཁར་སྒྲོལ་མ་ཚར་རེ་འདོན་རྒྱུ་མ་བརྗེད་ཟེར།

ཨ་ཕས་ང་ལ་ཉིན་དེར་གང་དུ་སོང་བ་ཡང་ཡང་དྲིས་མཐར། ངས་བསོད་ནམས་འབག་བཙོག་དང་མཉམ་དུ་ཕྱིན་པའི་གནས་ཚུལ་གསོང་བོར་བརྗོད་པ་ན། ཨ་ཕས་ང་ལ་སྡིགས་དམོད་བྱེད་ཀྱིན། ཁྱོད་དེར་འགྲོགས་ནས་ཅི་བྱ། ཁྱོད་ཀྱིས་ཨ་མས་བཤད་པ་འགྲིག་འདུག དེ་བ་ཚང་གི་སྲུང་མ་ཐེའུ་རང་ཡིན་པ་རེད། ད་ནས་བཟུང་ཁྱོད་དེར་འགྲོགས་ནས་སོང་དང་ངས་ཁྱོད་ཀྱི་རྐང་པ་མ་བཅད་ནས་ལྟོས་ཟེར།

དེ་ནས་བཟུང་། ངའི་བསོད་ནམས་འབག་བཙོག་མཐོང་བ་ན་རྒྱང་ནས་གཡོལ་ཏེ་སོང་བ་ཡིན།

ངའི་སེམས་ངོར་བསོད་ནམས་འབག་བཙོག་ནི་བསོད་ནམས་འབག་བཙོག་མིན་པར། ཐེའུ་རང་ཟེར་བའི་འཇིགས་སུ་རུང་བ་ཞིག་ཡིན་སྣང་སྟེར། ངས་ད་དུང་སློབ་གྲོགས་ཚོར་ཡང་བསོད་ནམས་འབག་བཙོག་ནི་ཐེའུ་རང་ཡིན་པ་རེད་ཅེས་བཤད་པ་ཡིན། སློབ་གྲོགས་ཚོས་ང་ལ“ཐེའུ་རང་ཟེར་བ་ཅི་ཡིན་པ་རེད”ཟེར། ངས“ཐེའུ་རང་ཟེར་བ་ནི་ཐེའུ་རང་རེད། མི་ལ་གནོད་བྱེད་མཁན་ཞིག་ཡིན”ཞེས་བཤད་ཚེ། སློབ་གྲོགས་རྣམས་ཀྱང་སྐྲག་སྟེ“ད་ནས་བཟུང་བསོད་ནམས་འབག་བཙོག་ལ་མི་འགྲོགས”ཟེར།

བསོད་ནམས་འབག་བཙོག་དེ་ལྟར་ཁེར་རྐྱང་དུ་གྱུར་པ་ནས། ཁོའི་ཅི་བཤད་གང་བཤད་དང་ཅི་ལས་གང་ལས་ལ་ངས་མཉམ་མ་བཞག་པར་ཡུན་རིང་སོང་།

ད་ལྟ་ཕྱིར་འདང་ཞིག་བརྒྱབ་ཚེ། བསོད་ནམས་འབག་བཙོག་གི་བྱ་བ་སྤྱོད་པ་སྐོར་ཞིག་དངོས་གནས་དགོད་བྲོ་བོ་རེད།

དེ་ནི་ལོ་ནམ་ཞིག་ཡིན་པ་ང་ལ་གསལ་བོར་འཆད་རྒྱུ་མེད་མོད། བསོད་ནམས་འབག་བཙོག་གི་སྣ་མདོའི་སེར་ལ་སྦོམ་པའི་སྣབས་དེ་ཀུན་ནས་ཆད་ཅིང་། དེའི་ཚབ་ཏུ་མགོ་ལ་རིང་ཞིང་སྦོམ་པོའི་རལ་བ་ཞིག་བསྐྱུར་འདུག

ལོ་དེའི་སྟོན་མཇུག་ཤིག་ལ། བསོད་ནམས་འབག་བཙོག་གི་ཕ་གཡར་གྱིས་ཁོ་ལ་ཁང་པ་གྱན་གསུམ་བརྩེངས་ནས་ཁེར་བོར་བཞག་པ་རེད། ད་དུང་ལུག་འགའ་ཡང་ཁོར་སྐལ་དུ་བགོས་ནས་འཚོ་རྟེན་དུ་བྱིན་པ་རེད། སྡེ་བའི་ནང་གི་བསམ་ཤེས་ཁ་ཤས་ཀྱིས་བསོད་ནམས་འབག་བཙོག་ནི་གཞུག་ཁྲིད་ཅིག་ཡིན་པས་ངོས་ནས། གལ་ལ་ཐུག་ན་ཚེ་བརྟན་གྱིས་ཁོ་ཁེར་བོར་འཇོག་སྲོལ་ཅན་གྱིས་བཞག་སོང་ཞེས་ཨ་ཁུ་ཚེ་བརྟན་ལ་ཡི་རངས་བྱེད་ཀྱིན་འདུག ཡིན་ནའང་བཤད་ཁ་ཁ་ཤས་ཀྱིས་དེ་ནི་ཚེ་བརྟན་མྱི་ཁར་སྐྲག་པ་རེད་ཟེར།

གང་ལྟར། བསོད་ནམས་འབག་བཙོག་འཇོག་སྲོལ་ཅན་གྱིས་ཁེར་བོར་བཞག་སོང་བ་ནི་དོན་དངོས་རེད།

བསོད་ནམས་འབག་བཙོག་ཁེར་བོར་བཞག་རྗེས་ཚང་མ་ཧ་ལས་པའི་དོན་དག་ཅིག་བསྒྲུབས་པ་ནི། ཁོས་རང་ལ་སྐལ་དུ་བྱིན་པའི་ལུག་རྣམས་གཅིག་ཀྱང་མ་ལུས་པར་གཞན་ལ་བཙོངས་པ་དེ་རེད། དེ་ལ་སྡེ་བའི་ནང་གི་རྒད་པོ་རེ་གཉིས་ཀྱིས་ཨ་ཁུ་ཚེ་བརྟན་ལ“ཁྱོད་ཀྱིས་བཀག་འགོག་བྱས་ན་མི་ཆོག་གམ། ལུག་རྣམས་བཙོངས་རྗེས་ཅི་བྱ”ཟེར་དུས། ཨ་ཁུ་ཚེ་བརྟན་གྱིས“ད་ནི་རང་རང་འཚོ་བ་རང་རང་ཡིན་པས། དེ་རིང་བཀག་ཀྱང་སང་ཉིན་ཁོགས་མིན་སུས་ཤེས”ཟེར་ཞིང་། ཁོའི་ཨ་མས་ཀྱང“ད་ནི་ཅི་བྱེད་ན་བྱེད་ཆུགས། སུ་ཞིག་གིས་བལྟས་བལྟས་ལ་འདུག་རྒྱུ”ཟེར།

ཨ་ཁུ་ཚེ་བརྟན་དང་ཨ་ནེ་ཆོས་མཚོ་གཉིས་ཀྱིས་དེ་ལྟར་བཤད་བྱུང་བས། ཀུན་ཀྱིས་ཀྱང་མགོ་བོ་གཡུག་བཞིན་ཁ་རོག་གེར་བུད་སོང་།

སྡེ་མི་རྣམས་ཀྱིས“གླེན་པ་དེས་ལུག་རྣམས་བཙོངས་ཏེ་ཁ་ཇི་ལྟར་གསོ་ཨང”ཞེས་སེམས་ཁྲེལ་བྱེད་ཀྱིན་འདུག་ནའང་། བསོད་ནམས་འབག་བཙོག་ནི་ལྡོག་སྟེ་གསོན་ཤུགས་ཤིག་རྒྱས་ཤིང་། གང་དུ་འཕྲད་ཀྱང་གདོང་ལ་འཛུམ་མདངས་ཤིག་དཔྱངས་དཔྱངས་ལ་འགྲོ་བཞིན་འདུག

ཁོས “ཁ་རྒྱབ་ཙམ་ནི་ལོས་སོས”ཟེར་ཞིང་། ད་དུང“བྱ་ཁྱུང་དགོན་པ་བྲག་ན་ཡོད། ཨ་བོའི་བཀོད་པ་ཁོག་ན་ཡོད”ཟེར་བཞིན་མགོ་བོ་ལྟག་གར་དགྱེ་བར་བྱེད།

དེ་ནས་ཅུང་མ་འགོར་བར། བསོད་ནམས་འབག་བཙོག་གིས་གནས་ལ་ཐེངས་འགར་སོང་ཡང་མ་ཆགས་པར་ཡུལ་ལ་བྲོས་མོར་ཡོང་བའི་སྒྲོལ་མ་བག་མར་བསུས་སོང་། ཁོ་གཉིས་ཀྱིས་གཉན་བསྡེབས་པ་དེར། ཚང་མས“ཅི་འདྲའི་བཟའ་ཚང་རིག་འདྲ་ཞིག”ཅེས་གླེང་གིན་འདུག

ཉིན་ཞིག་བསོད་ནམས་འབག་བཙོག་དང་འཇིགས་མེད་ཁ་རྐོ་གཉིས་ལམ་ནས་འཕྲད་བྱུང་།

འཇིགས་མེད་ཁ་རྐོས“སྒྲོལ་མའི་རུམ་ལ་འཛུལ་ན་ཅི་འདྲ་རེད”ཟེར།

བསོད་ནམས་འབག་བཙོག་གིས“དེ་ནི་ཁྱོད་ཀྱིས་ཤེས་པ་ཞིག་མ་རེད” ཟེར།

འཇིགས་མེད་ཁ་རྐོས“དེས་ན་ཅི་འདྲ་ཞིག་རེད”ཟེར།

བསོད་ནམས་འབག་བཙོག་གིས“དེ་འདྲ་ཞིག་གང་དུ་བཙལ་ཀྱང་མི་རྙེད”ཟེར།

འཇིགས་མེད་ཁ་རྐོས“ཁྱོད་ཀྱིས་ཁྱི་ལབ་མ་བརྒྱག”ཟེར།

བསོད་ནམས་འབག་བཙོག་གིས“ཁྱི་ལབ་རྒྱག་ནའང་ཁྱོད་ལྟ་བུ་ཞིག་ལ་རྒྱག་དོན་མེད”ཟེར།

འཇིགས་མེད་ཁ་རྐོས“བཟའ་ཚང་གསར་པ། ཅ་ལག་རྙིང་པ། ཁྱོད་ལ་ཧེབ་ལངས་དོན་མེད”ཟེར།

བསོད་ནམས་འབག་བཙོག་གིས“དེ་ཁྱོད་ལ་མ་བབས་པ་ཞིག་རེད” ཟེར།

“……­”

“……­”

དྲང་མོར་བཤད་ན། སྒྲོལ་མ་གནས་ལ་ཐེངས་འགར་སོང་བ་དེ་སྐྱོན་ཞིག་ཏུ་བགྲངས་པར་དཀའ་སྟེ། གནས་ལ་ཐེངས་འགར་སོང་བའི་བུ་མོ་ནི་ང་ཚོའི་སྡེ་བར་ད་དུང་ཁ་ཤས་ཡོད། ཡིན་ནའང་། སྒྲོལ་མ་ནི་དཀའ་ལས་མི་འདོད་པའི་རུལ་མ་ཞིག་ཡིན་པ་ནི་གྲོ་ཞིང་ཁའི་མི་རྣམས་ཀྱི་སེམས་སུ་ཁྲིགས་ཁྲིགས་ཡིན། གལ་ཏེ་དེ་ཡང་སྐྱོན་ཞིག་ཏུ་བགྲངས་པར་མི་རུང་ན། སྒྲོལ་མ་ནི་མི་ཀླད་པ་དེ་འདྲའི་དྭངས་མོ་ཞིག་མིན་པ་ནི་སྐྱོན་ཞིག་ཏུ་མི་བགྲངས་ཐབས་མེད་ཡིན། དེ་བས་ཀྱང་སྒྲོལ་མའི་རྗེས་ལའང་གཞུག་ཁྲིད་ཅིག་འཁྲིད་ཡོད་པ་རེད།

གསར་བུ་ཚོས་བསོད་ནམས་འབག་བཙོག་ལ་ཟུར་ཟ་དང་བཅས “ཁྱོད་ནི་སྐྱིད་པ་ལ། རང་གིས་སྡུག་འདེགས་མ་དགོས་པར་གནམ་གྱིས་བུ་ཞིག་གནང་སོང”ཟེར་དུས། ཁོས་ད་དུང་རལ་བ་རིང་བོ་དེ་རྒྱབ་ལ་འཕེན་ཙམ་བྱས་རྗེས་ཅི་མི་སྙམ་པར “ང་ནི་ལས་ངན་ནང་གི་ལས་ཅན་རེད། ཞབས་དྲུང་དཀར་པོར་ན་ཟླ་རེད”ཟེར་བ་ན། གསར་བུ་རྣམས་དགོད་རྒྱུ་ལངས་ཏེ་ཧབ་ཆ་དིར་དིར་བྱེད།

ལོ་དེར། བསོད་ནམས་འབག་བཙོག་གིས་ལུག་བཙོངས་པའི་སྒོར་མོ་ལས"བདེ་སྐྱིད"རྟགས་ཅན་གྱི་འཕྲུལ་རྟ་རྙིང་པ་ཞིག་ཉོས་སོང་།

དེ་ནི་གྲོ་ཞིང་ཁར་མཚོན་ན་གསར་འགྱུར་ཞིག་སྟེ། དེས་གྲོ་ཞིང་ཁར་འཕྲུལ་རྟ་མེད་པའི་ལོ་རྒྱུས་བསུབས་པ་རེད།

གྲོ་ཞིང་ཁའི་མི་རྣམས་ཀྱིས་བསོད་ནམས་འབག་བཙོག་གིས་འཕྲུལ་རྟ་ཉོས་པའི་གཏམ་གོ་བ་དང་། ཚང་མ་ཁོ་ཚང་གི་སྒོ་ཁར་བཙངས་ཏེ་ལྟད་མོར་ལྟ་ཞིང་། ཁ་ཤས་ཀྱིས་འཕྲུལ་རྟར་རེག་རེག་བྱེད་ཀྱིན“ངོ་མ་ཡ་མཚན་རེད”ཅེས་ཁ་གདངས་ཤིང་མིག་ཧད་འདུག དེ་དུས་བསོད་ནམས་འབག་བཙོག་གིས་མགོ་ཡི་རལ་བ་དེ་ཕར་གཡུག་ཚུར་གཡུག་ཙམ་བྱས་ཤིང་། དེ་ནས་འཕྲུལ་རྟའི་འཕོང་ལ་ཞོན་ཏེ་སྣུམ་སྒོ་ཆེས་ཆེར་ཕྱེས་པ་ན། འཕྲུལ་རྟ་ཟེར་བའི་འཕྲུལ་ཆས་དེས་ལྡིར་སྒྲ་གནམ་ས་འགེངས་པ་ཞིག་བསྒྲགས་བྱུང་བས། བྱིས་པ་སྙིང་ཆུང་ཁ་ཤས་སྐྲག་སྟེ་ངུ་སྐད་བཏོན་བྱུང་། བསོད་ནམས་འབག་བཙོག་གིས“ཧ་ཧ”ཟེར་བཞིན་དགོད་སྒྲ་ལྷང་ལྷང་དུ་བསྒྲགས་བྱུང་ལ། དེར་མཐུད་ནས་འཕྲུལ་རྟའི་སྣུམ་སྒོ་དེ་ལས་ཀྱང་ཆེས་ཆེར་ཕྱེ་བ་ན། སྔོན་ཏག་ཏག་ལ་ངུ་བཞིན་པའི་བྱིས་པ་རྣམས་ནི་སྐྲག་སྟེ་བྲོས་སོང་།

བསོད་ནམས་འབག་བཙོག་གིས་སྒྲོལ་མ་ཆུང་མར་བླངས་པ་ནས། “བཟའ་ཚང་རིག་འདྲ”དེ་གཉིས་འགྲིག་འགྲིག་ཅིག་སུ་ཡང་མི་འགྲིག

བསོད་ནམས་འབག་བཙོག་གི་འཕྲུལ་རྟའི་འཕོང་དུ་སྒྲོལ་མ་ཞོན་དུ་བཅུག་ནས་འགྲོ་དུས། མོ་གསར་རྣམས་ཀྱིས་ཁ་ནས“གླེན་པ་གན་གཉིས” ཞེས་སྡིགས་དམོད་བྱེད་ཀྱང་། ཁོག་ནས་སྒྲོལ་མར་ཡིད་སྨོན་བྱེད་མཁན་ཡང་མང་པོ་ཡོད། བསོད་ནམས་འབག་བཙོག་གིས་སྒྲོལ་མ་འཕྲུལ་རྟའི་འཕོང་ལ་བླངས་ཏེ་ལྡིར་སྒྲ་དང་བཅས་རུ་བར་དུ་འགྲོ་དུས། ཁོས་རྒྱུན་པར་གླུ་ཞིག་ཁ་ལ་འཕྲེད་ཀྱིས་བཟུང་འདུག

རྟར་ཞོན་ན་འཇིག་རྟེན་འདི་ནས་ཞོན།།

ཚེ་ཕྱི་མའི་ཡུལ་དུ་རྟ་ཞོན་མེད།།

ས་ལག་མཐིལ་ཙམ་ཞིག་མེད་ས་རུ།།

རྟར་ཞོན་ནས་རྒྱུག་ས་གང་དུ་ཡོད།།

དེའི་ཡང་རྗེས་སུ། བསོད་ནམས་འབག་བཙོག་གིས་འཕྲུལ་རྟའི་གཞུག་ལ་ཤལ་དྲུད་དེ་ཞིང་ལ་ཤལ་བརྒྱབ་པ་རེད།

ཁོས་སྒྲོལ་མའི་གཞུག་ཁྲིད་ཞི་ལུ་དེ་ཤལ་གྱི་སྟེང་ལ་སྡོད་དུ་བཅུག་ནས་ཉིན་གང་བོར་ཞིང་ནང་དུ་ཕར་འདྲུད་ཚུར་འདྲུད་བྱས་པས། ཞི་ལི་དེའི་གདོང་ལ་རྔུལ་ནག་གི་ཤུལ་རྗེས་ཤར་ཤུར་དུ་བབས་འདུག་ཀྱང་། དེས་ད་དུང་ཤལ་གྱི་སྟེང་ནས་ཅི་ཞིག་ཡིན་མདོག་གི་རྣམ་འགྱུར་སྣ་ཚོགས་སྟོན་པས། ཚང་མས་ཞི་ལི་གན་ཡང་བསོད་ནམས་འབག་བཙོག་དང་ཨ་ན་མ་ན་རེད་ཅེས་མགོ་བོ་ཐེད་དུ་གཡུག་བཞིན་འདུག

བསོད་ནམས་འབག་བཙོག་གིས། འཕྲུལ་རྟའི་གཞུག་ལ་ཤལ་དྲུད་དེ་ཞིང་ལ་ཤལ་བརྒྱབ་པའི་གནས་ཚུལ་དེ། དེ་ལྟར་གཤོག་ཐོགས་རྒོད་པོ་ཞིག་དང་མཚུངས་པར། གྲོ་ཞིང་ཁ་མ་ཟད་སྡེ་ཡར་ནང་མར་ནང་ཀུན་ལ་གྲགས་སོང་།

དེ་ནས་བཟུང་སྟེ་ཀུན་གྱིས “བ་གླང་བོང་བུ་ཟོག་གི་ཐ་མ། བསོད་ནམས་འབག་བཙོག་མི་ཡི་ཐ་མ”ཞེས་བརྗོད་ཅིང་མཆིས་སོ། །


མཆན།

1.ཤལ་ནི་ས་ཞིང་ལ་ལོག་བརྒྱབ་རྗེས་ས་ངོས་སྙོམ་བྱེད་ཀྱི་ཞིང་ཆས་ཤིག

2.བཀལ་མོ་ནི་རྩིད་པའི་བཀལ་བའི་ཁུག་མ་ཞིག


རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།