རྡོ་རྡོ།(ཟི་ལིང)
ནམ་མཁའ་ནི་སྔོ་ཞིང་དྭངས་ལ།ཉི་འོད་ནི་དྲོ་ཞིང་འཇམ། ཁོ་ར་ཁོར་ཡུག་ནི་ལྷིང་ཞིང་འཇམ་ཅག་གེར་གནས་པའི་སྐབས་དེར། འབུ་སྦྲང་ཞིག་གིས་དིར་དིར་ཞེས་གླུ་དབྱངས་ལེན་བཞིན་གད་ཁུང་ཞིག་ཏུ་སྔ་མོ་ནས་རྨི་ལམ་གྱི་ཞིང་ཁམས་འགྲིམས་བཞིན་པའི་རི་བོང་གི་མགོ་ཐོག་ཏུ་ཡར་འཕུར་མར་འཕུར་བྱེད་བཞིན་འདུགའདི་ལྟར་འབུ་སྦྲང་དེས་རི་བོང་གི་གཉིད་དཀྲོགས་སོང་ཁོས་བྱ་རྨྱང་ཞིག་བྱས་རྗེས་རྫིག་ཉམས་དང་བཅས་འབུ་སྦྲང་ལ་ཁ་འཛིང་བྱེད་མགོ་བརྩམས་བྱུང་། རི་བོང་ན་རེ།
ང་ཡི་རིལ་མ་ལས་ཆུང་འབུ་སྦྲང་ཁྱོད།།
འཕུར་མ་ལྡིང་གིས་པྲ་ཆལ་མ་བྱེད་ཅིག།
འཕུར་མ་ལྡིང་གིས་པྲ་ཆལ་བྱེད་པ་དེ།།
རང་གི་གཤོག་རྩལ་ངོམ་པ་མ་ཡིན་ཏེ།།
འཇམ་པོ་སྐྱི་བསར་རླུང་གི་རྒྱུ་ཕྱོགས་ཀྱིས།།
ལུས་པོ་མ་བརྟན་ཡར་མར་འཁྱོམས་པ་རེད།།
བློ་ལྡན་ང་ཡི་ཕུ་འདེབས་ཐེངས་གཅིག་གིས།།
ལེ་དབར་བཅུ་ལ་སྤུར་བར་ནུས་མོད་ཀྱང་།།
ཁྱོད་རང་ཉམ་ཆུང་ཡིན་པའི་ངོ་སོ་ལ།།
དེ་འདྲ་མི་བྱེད་ད་ཐེངས་གུ་ཡངས་གཏོང་།། ཞེས་སྨྲས།
སྐབས་དེར་འབུ་སྦྲང་གིས་ད་ཐེངས་རང་གིས་ངོ་ཚ་ཆེན་པོ་ཉོས་སོང་བསམ་ནས་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ། རེ་ཞིག་ལ་ཁ་ནས་གཏམ་གང་ཡང་མ་ཐོན་པར་ལུས། རི་བོང་གིས་རྣམ་པ་དེ་མཐོང་རྗེས་ཧབ་ཆ་དིར་རེ་ཤོར། འབུ་སྦྲང་གིས་ཁོ་ལ་འཁོན་ལམ་ཞིག་བསློག་དགོས་བསམ་སྙམ་ནས་སྐད་གསེང་མཐོན་པོས།
གཞན་ལ་མཐོང་ཆུང་བྱེད་པ་དེ།།
ཐ་ཤལ་སྐྱེ་བོའི་རང་གཤིས་ཡིན།།
སྲིད་པ་རྒན་པོའི་ཁ་དཔེ་ལ།།
སྐྱེ་བོ་ཐ་མས་རང་བསྟོད་ཀྱང་།།
བྱ་ནག་ཁྭ་ཏས་སྒྲོ་བསྟོད་ཟེར།།
གཏམ་འདི་ཁྱིད་འདྲར་བཤད་པ་འདྲ།།ཞེས་སྨྲས་པ་ན། རི་བོང་གི་སེམས་ལ་ཁོས་ང་ལ་ཚིག་དེ་འདྲ་རྣོན་པོ་མ་བཤད་མོད། འོང་ཀྱང་ཚིག་གི་ནང་ན་ཚིག་ཡོད་པས། འབུ་སྦྲང་འདི་གཏམ་བཤད་པ་མཁས་པ་འདྲ། སྤྱིར་འབུ་སྦྲང་ནི་ཚང་མས་དམའ་སར་འཇོག་པའི་སྲིན་བུ་ཞིག་ཡིན། ངས་ཀྱང་ད་བར་དུ་ཁོ་མིག་ནང་ལ་བཞག་མ་མྱོང་མོད། ཕར་བལྟོས་ན་ཁོ་ལ་དེ་འདྲ་མཐོང་ཆུང་བྱེད་རྒྱུ་མེད་ཀིནམ་ཞིག་ཁོས་ང་ལ་འཁོན་ལན་ཞིག་བསློག་ཁོ་ཐག་ཡིན། རང་གིས་ཀྱང་སྔ་མོ་ནས་གྲ་སྒྲིག་བྱས་ན་བཟང་སྙམ། འབུ་སྦྲང་གིས་ཀྱང་ད་ཐེངས་ངས་བཟོད་སྒོམ་བྱེད། འབུ་སྦྲང་ང་ཉམ་ཆུང་བས་ཚང་མས་མིག་ནང་ན་མེད། དེ་བས་ང་ཡང་རང་ས་ན་གནས་ཡོད། ཁ་སང་གི་དོན་དེར་ཞིབ་འདང་རེ་བརྒྱབ་ན་ཁོས་ང་ལ་བརྙས་བཅོས་བྱས་པ་རེད་སྙམ་མོ། ཕྱི་ཉིན་རྟ་བདུན་དབང་བོ་ཤར་ཕྱོགས་རི་བོའི་རྩེ་ནས་སེར་ལམ་མེར་འཛིན་མའི་ཁྱོན་ལ་འཕྲོས། རི་ངོས་ཀྱི་རི་དྭགས་ཚོགས་ཀྱིས་ཞོགས་པའི་ཉི་ཟེར་ལ་རེ་སྒུག་བྱེད་བཞིན་སྔ་མོ་ནས་ཁུང་ལས་ཕྱིར་བུད་འདུགཡིན་ནའང་རི་བོང་ད་དུང་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས་འདུག རྨི་ལམ་དུ་འབུ་སྦྲང་གིས་ཁོ་ལ་དགོངས་དག་ཞུ་བཞིན་པ་དང་། ད་དུང་བསྟོད་བསྔགས་བྱེད་པ་རྨི་བཞིན་ཡོད་པས། ལན་རེར་ཁ་ནས་ཧ་ཧ་ཞེས་གད་མོ་ཡང་ཤོར། མཐའ་འཁོར་གྱི་རི་དྭགས་ཚང་མས་ཧད་དེ་ཁོ་ལ་བལྟ་སྐབས་ཁོས་ད་གཟོད་ཚང་མ་རྨི་ལམ་ཡིན་པ་ཤེས་ནས་ངོ་ཚ་དང་བཅས་ལྡབ་ལྡིབ་ཀྱིས་ཁེར་ལབ་རྒྱག་བཞིན་འདུགམཐའ་འཁོར་གྱི་ཁྱིམ་མཚེས་རྣམས་རང་རང་སར་གཟན་ཆས་འཚོལ་ཏུ་སོང་མོད། འོན་ཀྱང་ཁོ་སླར་ཡང་གཉིད་དུ་ཡུར། འཇིག་རྟེན་ཁ་དཔེ་ལ། དཀའ་བའི་ལས་མ་གཉེར་ན། ཞིམ་པོའི་ཟས་མི་ཐོབ་ཟེར། རི་བོང་གི་སྒྱིད་ལུག་པའི་བྱ་སྤྱོད་དེར་ཁྱིམ་མཚེས་ཚང་མས་ཅི་ཞིག་བཤད་བཞིན་ཡོད་པ་སུས་ཤེས། ཉིན་དེར་དོན་རྐྱེན་གྱི་འབྱུང་རྐྱེན་ཡང་འདི་ལྟ་སྟེ། ཁྱིམ་མཚེས་གཡས་གཡོན་ཚང་མ་ཕྱོགས་ཡར་མར་ལ་ཁ་ཟས་འཚོལ་དུ་སོང་། རི་བོང་ནི་སྒྱིད་ལུག་གི་དབང་དུ་སོང་ནས་རང་གི་ཕོ་བ་ལྟོགས་རུང་བཟོད་བསྲན་བྱས་ནས་ཉལ་ཏེ་བསྡད། འབུ་སྦྲང་ཏག་ཏག་སྐབས་དེ་དང་འཕྲད་པས།རི་བོང་གིས་ཁོང་ཁྲོ་རྣམས་འབུ་སྦྲང་གི་སྟེང་ལ་བཀོལ།དེ་རིང་ཡང་ཁོས་ཁ་སང་གི་རྒྱུན་མཐུད་ནས་གད་ཕུག་དེའི་འོག་ཏུ་གཉིད་འདུགདུས་དེར་རྒྱང་རིང་ནས།
ཁྱིམ་མཚེས་གཡས་གཡོན་ཚང་མ་བྲེལ་འཚུབ་ཀྱིས།།
རང་རང་ས་ན་འགྱོགས་པའི་བང་ཁ་འགྲན།།
ཉོན་མོངས་དུག་ལ་བཟི་བའི་ཁ་ཤོ་ཁྱོད།།
ད་དུང་གཏི་མུག་གཉིད་ཀྱི་དོང་ལ་ལྷུང་།།
མདོར་ན་འདོད་ཆགས་ཞེ་སྡང་གཏི་མུག་གསུམ།།
དཀར་བོ་དགེ་རྩ་འཇོམས་པའི་དུག་གི་རིགས།།
ཁ་མཁས་རྣ་ཉལ་རི་བོང་སུག་ཐུང་ཁྱོད།།
ཁ་ནི་མཁས་ཀྱང་ལག་གི་སྟོང་བ་རེད།།
ད་དུང་རང་བསྟོད་བྱེད་པ་ངོ་རེ་ཚ།།
ཞེས་སྐད་གསེང་མཐོན་པོས་བླངས་པ་ན། རི་བོང་གིས།ཡ་བཟང་གི་འཚོལ་དུ་འགྲོ་མ་དགོས་པར་སྒོ་ནང་ལ་ཡོད། ང་འཚོལ་དུ་འགྲོ་བསམ་གྱིན་ཡོད། ང་འགྲོ་དགོས་མ་བྱུང་། ངས་ཁ་སང་ནས་སྔོན་དཔག་བྱས་ཡོད། ངོ་མ་ཁ་ཐོག་ལ་སོང་ཐལ། ང་འདི་མཁས་པ་ཞིག་ཀྱང་ཡིན་ཟེར་བཞིན་འབུ་སྦྲང་ལ་ལན་འདེབས་མགོ་བརྩམས།
སྙིགས་མའི་དྲི་ལ་བརྟེན་པའི་སྐྱག་སྦྲང་ཁྱོད།།
རང་ཉིད་དཀར་བོའི་ཕྱོགས་ལ་མ་འཇོག་དང་།།
རང་གིས་རང་གི་ཚུགས་ཀར་མ་བལྟས་པར།།
ཁ་ཕོ་དེ་འདྲ་ཆེ་རིན་ཨེ་ཡོད་ཀི།
བེམ་རོ་རུལ་བའི་ཤ་རུལ་རྣག་ཁྲག་དང་།།
མི་གཙང་བཤང་གཅི་སོགས་ལ་འཁོར་བ་དེ།།
ཉམ་ཆུང་འབུ་སྦྲང་ཁྱོད་ཀྱི་ལས་དབང་རེད།།
གཙང་གཙོག་མི་ཤེས་ཐམས་ཅད་ཟ་བ་ཡང་།།
རྫོབ་ཏོ་འབུ་སྦྲང་ཁྱོད་ལས་གཞན་སུ་ཞིག།
སང་ཉིན་སྔ་མོའི་སྐྱ་རེ་ས་ཤར་བའི་ཚེ།།
ལས་ཅན་རི་བོང་ང་ཡི་སར་ཤོག་དང་།།
རླངས་བ་ཐུལ་བའི་རིལ་མ་ཞིམ་པོ་ཞིག།
བཏང་ནས་མགྲོན་པོ་ཁྱོད་ལ་སྣེ་ལེན་བྱེད།།
འཛེམ་དོག་མི་དགོས་བག་མེད་ལོངས་སུ་སྤྱོད།།ཅེས་ཟེར་བཞིན་ཧབ་ཆ་དིར་རེར་སོང་། དེ་ནས་འབུ་སྦྲང་གིས་ངས་ཁོ་ལ་ཁ་ཏའི་ཚུལ་གྱིས་བཤད་པ་ཡིན་མོད། འོན་ཀྱང་ཁོས་ང་ལ་འདི་འདྲའི་དམའ་འབེབས་བྱས་ན། ང་འབུ་སྦྲང་ལ་དཔའ་མེད་ཀྱང་དཔའ་ཉམས་ཤིག་སྟོན་དགོས་བསམ་བཞིན་འདི་ལྟར་སྨྲས།
ཧ་ཧ་རི་བོང་ཁ་ཤོ་ང་ལ་ཉོན།།
ཡར་སྟོད་ཀྱི་རྫ་རི་སྨུག་པོ་གན།།
རྩ་ཆུ་སྣ་འཛོམས་པའི་ས་ཆ་རེད།།
དེ་ཅི་དགར་ལོངས་སུ་སྤྱོད་པ་པོ།།
མགོ་རུ་ཐུར་ཅན་གྱི་བྲེ་སེར་འབྲོང་།།
འདིའི་དཔའ་བོའི་ལོ་རྒྱུས་བཤད་ཀྱི་ན།།
ཁྱོད་སྙིང་ཆུང་སྡར་མ་སྐྲག་རྒྱུ་རེད།།
སྟོད་རྫ་རི་སྨུག་པའི་འདབས་རོལ་ན།།
རྩྭ་ཆུ་ལ་སྤྱོད་པའི་རི་དྭགས་ནི།།
དགུང་སྐར་ཚོགས་ས་ལ་ལྷུང་འདྲ་ཡོད།།
འདི་ཚང་མའི་མགོ་འདྲེན་བྲེ་སེར་འབྲོང་།།
ང་འབུ་སྦྲང་ལུས་སྟོད་ཆུང་ན་ཡང་།།
གན་ཆུང་གི་ཟེར་བཞིན་བརྙས་མི་བྱ།།
ང་ཁྲོས་ན་དུག་སྦྲུལ་འཁྱུག་འདྲ་ཡིན།།
གན་སྟོབས་ཆེན་ཨ་ཕོ་འབྲོང་རྒན་ཡང་།།
ང་ནམ་ཡོང་ཆ་ལ་གཟབ་གཟབ་ཡོད།།
ང་ཞེ་སྤོ་གཏིང་ནས་ལངས་དུས་སུ།།
ཁོ་འབྲོང་རྒོད་ཡིན་རུང་སྟོད་ལ་འདེད།།
མོ་རྐྱང་རྒོད་ཡིན་རུང་སྨད་ལ་འདེད།།
དེ་བྱས་རུང་འཁོན་ལན་སློག་མི་ཕོད།།
ཁོས་ད་དུང་གཉའ་བོ་སྒུར་སྒུར་གྱིས།།
ང་ཐོག་ལ་འབབ་ཏུ་འཇུག་དགོས་རེད།།
ང་དཔའ་བོའི་དཔའ་རྟགས་འདི་འདྲ་ཡོད།།
ང་དཔའ་བོའི་དཔའ་ཉམས་འདི་འདྲ་ཡོད།།
ཨ་ཀླད་མེད་རི་བོང་ཞིབ་དུ་གསོན།།
ཞེས་བླངས་པ་ན། རི་བོང་གིས། ཡ་བཟང་གི ངས་མ་བཤད་ན་ཁྱོད་ཀྱིས་ང་ཇི་འདྲ་ཞིག་ཡིན་པ་ཤེས་ཀྱིན་མི་འདུག ངའི་ཡབ་མེས་རྣམས་ཀྱི་རླབས་ཆེན་གྱི་མཛད་རྗེས་ངས་ཁྱོད་ལ་རེ་རེ་བཞིན་བཤད་ཟེར་ནས་ལན་སློག་པའི་མགོ་བརྩམས་བྱུང་།
ང་ཨ་ཕོ་རི་བོང་བློ་ལྡན་ནི།།
ལུས་རྩལ་དྲུག་འཛོམས་པའི་བདག་ཉིད་ཅན།།
ངའི་ལུས་ཕུང་ཆུང་ཡང་གོམ་ཁ་བདེ།།
རླུང་བསེར་མ་ཡིན་རུང་ང་མི་འགྲན།།
ལ་གཟེར་མོ་གྱེན་ལ་རྒྱུག་ནའང་།།
རྡོ་རྦབ་རྡོལ་ཐུར་ལ་མཆོངས་འདྲ་ཡིན།།
ཐབས་ཤེས་རབ་ལྡན་ཚུལ་མ་བརྗོད་ཀྱང་།།
ང་ཨ་ཕོ་རི་བོང་གཏམ་རྒྱུད་ཅེས།།
ཁོང་སྐྱེ་བོས་ཁ་ནས་ལྷིང་ལྷིང་སྒྲོགས།།
ཁོང་སྟོབས་ཆེན་སེང་གེ་མགོ་གཟེང་ལ།།
གཏམ་མི་སྙན་སྨྲ་མཁན་སུ་ཞིག་མཆིས།།
བློ་རྐྱེན་འགྱུར་ཡངས་པོའི་བློ་ལྡན་ངས།།
ཁོ་འཆི་ལམ་བརྫངས་པ་ཉུང་ཉུང་མིན།།
ཐབས་ཤེས་རབ་ང་ལ་མི་ལྡན་ན།།
ཁོང་སྡེར་ཆགས་རྒྱལ་བོ་ཇི་ལྟར་འདུལ།།
ཡང་སྡུག་ཆེན་སྤྱང་ཀི་ཁ་ཆེ་ཁོང་།།
དམན་ཉམ་ཆུང་ཀུན་ལ་འཚེ་བའི་དགྲ།
ཁོ་སྤྱི་དགྲ་ནག་པོ་མ་བཏུལ་ན།།
ང་བློ་ལྡན་སེམས་པ་ག་རེ་བདེ།།
དམན་ཉམ་ཆུང་བདེ་སྐྱིད་གང་ན་ཡོད།།
ལས་སྤྱི་ཕན་སྒྲུབ་ལ་གོམས་པ་ངས།།
ཁོང་སྡུག་ཆེན་སྤྱང་རྒན་ཁ་ཆེ་ཡང་།།
འུ་ཐུག་པའི་ལམ་ལ་བརྫངས་པ་མང་།།
ལས་དགེ་བ་བསྒྲུབ་ན་ལམ་ལ་འཕྲོད།།
སེམས་བསམ་པ་བཟང་ན་ཀུན་ཀྱང་བྱམས།།
སྔོན་རང་ཅག་སྟོན་པ་ཐུགས་རྗེ་ཅན།།
ལུས་མི་གཅིག་སྐྱེས་པ་མང་དུ་བཞེས།།
ང་བློ་ལྡན་སྐྱེས་པ་བླངས་དུས་སུ།།
ལས་དགེ་བ་ཅི་འདྲ་བསྐྱང་བའི་ཚུལ།།
མགོ་ཡར་ལ་རྒྱས་ནས་དགུང་ལ་གཟིགས།།
དགུང་སྔོན་པོའི་དུང་ཟླ་དཀར་པོར་གཟིགས།།
དེའི་སྟེང་གི་རི་བོང་བརྙན་ལ་གཟིགས།།
ང་བློ་ལྡན་གཟི་བརྗིད་མི་ཆེ་འམ།།
ངའི་ཡབ་མེས་དག་གི་མཛད་རྗེས་ནི།།
འོག་མི་ཡུལ་ཁོ་ནར་མ་ཟད་ཀྱི།།
སྟེང་ལྷ་ཡུལ་ཁམས་ན་ལྷང་ལྷང་སྒྲོག།
ནང་སྒོས་སུ་ལྷ་དབང་བརྒྱ་བྱིན་གྱིས།།
ཕྱག་ཐལ་མོ་བསྡེབས་བཞིན་གསུང་དབྱངས་འགུག།
ངས་འདི་ལྟར་ལབ་ན་ཨེ་མཚར་གི།
ཞེས་ང་རྒྱལ་དང་བཅས་འབུ་སྦྲང་ལ་དེ་ལྟར་ལན་བསློགའབུ་སྦྲང་ཡང་དཔའ་ལ་ཞུམ་པ་མེད་པར་ཚིག་དྲུག་དབྱངས་ལ་ཀུག་ནས།
ཁྱོད་རི་བོང་བཤད་པ་ཧ་ཅང་བདེན།།
ངས་ནམ་ཡང་ཡི་རང་བྱེད་བཞིན་གདའ།།
ཁྱོས་ཡབ་མེས་དག་གི་མཛད་རྗེས་ནི།།
དུས་ཉིན་མཚན་མ་ཕྱེ་བརྗོད་ན་འང་།།
རྫོགས་ཟེར་བའི་གཏམ་ནི་ཡོད་མ་ཡིན།།
གན་རི་བོང་ཅན་གྱི་བྱུང་བ་ཡང་།།
བཤད་མི་ཚར་གེ་སར་སྒྲུང་འདྲ་ཡོད།།
ང་ཀླད་མེད་ཉམ་ཆུང་འབུ་སྦྲང་གིས།།
འདི་འཆད་པའི་ཡོན་ཏན་ག་རེ་ཡོད།།
ཡང་གནའ་མི་བོད་ཀྱི་ཁ་དཔེ་ལ།།
ཕ་བུ་ཡིས་ཟིན་ན་དཔའ་བོ་ཡིན།།
རང་ཡབ་མེས་བརྗེད་ན་ངོ་ཚ་ཡིན།།
ཁྱོད་རི་བོང་ཕ་ཤུལ་ཨེ་ཟིན་ཐལ།།
རང་ཡབ་མེས་མཛད་རྗེས་ཨེ་ཟིན་ཐལ།།
སྔོན་ལོ་རྒྱུས་མཚར་ཡང་ལོ་རྒྱུས་རེད།།
ཕྱིར་དྲན་ན་ཐ་སྙད་སྟོང་བ་ཞིག།
ངའི་ཡབ་མེས་ཟེར་བཞིན་མ་ཁེངས་དང་།།
ཕྱིར་འཁོར་ནས་རང་གིས་རང་ལ་བལྟོས།།
དུས་ནམ་ཡང་གཏི་མུག་གཉིད་ལ་ཆགས།།
ལས་ཅི་ཡང་མི་འདོད་གཏི་མུག་ཅན།།
ཁྱོས་སྤྱི་ཕན་བསྒྲུབས་པ་ཁ་སྟོང་ཙམ།།
ཁྱོད་ཤེས་རབ་ལྡན་པ་མིང་སྟོང་ཙམ།།
གཏམ་ཁ་ལྕེ་བདེ་བ་དོན་ལ་གནས།།
དེ་བཀོལ་སའི་ཡུལ་ནི་ནོར་བཞིན་གདའ།།
ལས་དགེ་བར་སྤྱད་ན་བཟང་མོད་ཀྱང་།།
ཁྱོད་ཀླད་མེད་མགོ་འཁོར་ཡིད་རེ་སྐྱོ།།
དུས་ནམ་ཡང་གཉེན་ཉེ་ཁྱིམ་མཚེས་ལ།།
མ་མོ་ངན་འདྲ་བའི་ཚུལ་བཟུང་ནས།།
བཤད་མི་ཚར་གཏམ་ཞིག་ཁྱོད་ལ་ཡོད།།
གཏམ་དོན་མེད་བརྗོད་པ་མང་དྲགས་པས།།
ཁ་སྒོ་མོ་ཤོ་བ་ཨེ་ཡིན་ནམ།།
ཨ་ཁ་ཤོ་རི་བོང་སུག་ཐུང་ཁྱོད།།
མདོར་བཤད་ན་ནུས་པ་ཏིལ་འབྲུ་ཙམ།།
དེ་ཡོད་མེད་ད་དུང་ཐེ་ཚོམ་སྐྱེས།།
དུས་ནམ་ཡང་ཡབ་མེས་མིང་གཡར་ནས།།
འུད་ཆེན་པོས་བརྗོད་པ་ངོ་རེ་ཚ།།
རི་བོང་གིས་དེར་ལན་བསློག་བསམ་སྐབས་འབུ་སྦྲང་གིས་དེར་མཐུད་ནས་ད་དུང་།
ཁྱོད་ཚང་མས་རི་བོང་བློ་ལྡན་ཟེར།།
ཁྱོད་བློ་ལྡན་ཡིན་པ་ངས་མ་ཤེས།།
དུས་ནམ་ཞིག་ནགས་ཚལ་ཆེན་པོའི་ཁྲོད།།
ཤིང་འབྲས་བུ་ལྷུང་བའི་ཅལ་སྒྲ་ཡིས།།
སྙིང་སྟོད་ལ་འཚང་ནས་བྲོས་སོང་ཟེར།།
བློ་ཡོད་ན་དོན་ལ་མི་དཔྱོད་པར།།
མགོ་འཁོར་ནས་འགྲོ་དོན་ཅི་ཡིན་ལགས།།
ཁྱོད་ང་རྒྱལ་ཆེ་ལུགས་བཤད་ཙམ་ན།།
ཁྱོད་ཁོང་ཁྲོ་ལངས་ཏེ་མི་དགའ་གི།
ཡང་ན་ནིང་ཁྱོད་དང་རུས་སྦལ་གཉིས།།
གན་ཕ་གི་རི་བོའི་རྩེ་མོ་ལ།།
སུ་མགྱོགས་པའི་རྩལ་ཞིག་འགྲན་པས་ན།།
ཁྱོད་ང་རྒྱལ་དྲག་པོས་བཟི་དྲགས་ནས།།
དུས་མཇུག་མཐའི་རྒྱལ་ཁ་ལེན་མཁན་དེ།།
ཁྱོད་མིན་པས་ཚང་མ་ཡིད་ཆད་སོང་།།ཞེས་བླངས་པ་ན། རི་བོང་གིས་དེ་མ་ཐག་ལན་འདེབས་བསམ་ནས། ང་རི་བོང་བློ་ལྡན་ཟེར་བ་ནི། ཞེས་བཤད་སྐབས་ཁོའི་འགྲམ་དུ་ཡོད་པའི་འཕྱི་བ་དེས་རི་བོང་གི་ཚིག་མཚམས་བཅད་ནས་ད་ཆོག་གི་རི་བོང་། ངེད་གཉིས་ད་བར་དུ་ཁྱིམ་མཚེས་བྱས་ནས་གཟུགས་དང་གྲིབ་མ་བཞིན་དུ་བསྡད། ཁྱོད་ཇི་འདྲ་ཞི་ཡིན་ངར་ལོས་གསལ། ཁྱོད་ལ་བརྩོན་སེམས་མེད། སྒྱེད་ལུག་ཆེ། ཁ་བདེ་མོ་ཞིག་ཡོད་པ་ལས་གཞན་ཅི་ཡོད། རྒྱུན་དུ་གཞན་ང་ཁ་འཛིང་དང་ང་ཆེ་ང་བསྟོད་བྱེད་རྒྱུ་ལས་ཅི་ཤེས། ཁ་དཔེ་ལ། རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ། གལ་ཏེ་ཁྱོད་ཀྱི་ཁ་ངན་དེ་ཕྱིར་མ་ཕྱུང་ན། འབུ་སྦྲང་གིས་ཀྱང་ཁྱོད་ཀྱི་མཚང་ཕྱིར་ཕྱུང་ནི་མ་རེད། ང་ཇི་འདྲ་རེད། སྐྱིད་པོ་ལོས་ཡིན།སྦྱིར་ཁྱོད་ནི་ཚང་མས་བསྟོད་བསྔགས་དང་ཡི་རང་བྱེད་ས་ཡིན། དེ་བས་ཁྱོད་ལ་བློ་ལྡན་ཞེས་མཚན་སྙན་བརྩལ་ཡོད་པ་རེད། ཡིན་ནའང་ཁྱོད་ཀྱིས་རང་གི་བྱ་སྤྱོད་ལ་བལྟོས་དང་ངན་ཕྱོགས་གྲོགས་སུ་འགུག་ནས། བཟང་ཕྱོགས་དགྲ་རུ་འཛིན། ད་ཇི་འདྲ་རེད། ཚིག་ཚ་བོ་གཞུ་ལས་འཕང་ན། མགོ་ལག་པས་སྐྱོར་ནས་ཅི་བྱེད། གལ་ཏེ་ཁྱོད་ཀྱིས་སྙིང་ཐག་པ་ནས་རང་གི་ཡབ་མེས་ཀྱི་མཛད་རྗེས་སྐྱོང་བསམ་ན་ལས་ལ་བརྩོན། མཐུན་སྒྲིལ་བྱོས། རང་གི་གནས་བབས་ལ་ལྟོས། ང་ཚོ་ཚང་མ་ནི་རིགས་མཐུན་གྱི་སྤུན་ཟླ་ཡིན། ཨ་ཁུ་འཕྱི་བས་དེ་ལྟར་བཤད་པ་ན། དེར་ཡོད་པའི་རི་དྭགས་གཞན་རྣམས་ཀྱང་རིམ་བཞིན་དེར་འདུས་ནས་ཁོང་གི་སློབ་སྟོན་ལ་གསན། དེར་མཐུད་ནས་ཨ་ཁུ་འཕྱི་བས་གཡས་གཡོན་རི་དྭགས་ཚོགས་ལ་བལྟ་ཙམ་བྱས་ནས། ཡ་ད་རི་བོང་དང་འབུ་སྦྲང་རྣམ་གཉིས་ཀྱིས་སེམས་ཀྱི་ཁོང་ཁྲོ་མར་ནོན་དང་།རྒན་པོ་ངས་ཁྱོད་ཚོ་ལ་ཕན་པའི་གཏམ་ཞིག་བཤད།
རང་ཅག་རིགས་མཐུན་གྲོགས་དང་གྲོགས་པོ་རྣམས།།
ཁ་མཆུ་རྩོད་པའི་ལས་ལ་མ་ཞུགས་དང་།།
རང་ངོ་ཟིན་ན་ཕ་མ་གཅིག་གི་བུ།།
དགོས་མེད་དོན་གྱིས་དགྲ་རུ་མ་གྱུར་ཨང་།།
རང་གི་ཡབ་མེས་མཛད་རྗེས་སྐྱོང་བསམ་ན།།
ཚང་མས་མཐུན་པའི་རྡོག་རྩ་གཅིག་ཏུ་སྒྲིལ།།
ང་ནི་ཁྱོད་བྱམས་ཁྱོད་ནི་ང་བྱམས་ན།།
བྱམས་བརྩེའི་འཛུམ་མདངས་ཁྲོད་ནས་ལས་དོན་འགྲུབ།།
དེར་མཐུད་ནས་ད་དུང་། སྤྱིར་ང་རྒྱལ་ནི་མ་རུང་དུག་གི་རིགས་ཡིན་པས། རྗེས་ཕྱོགས་ཁྱེད་ཚོས་དེ་ངེས་པར་དུ་སྤང་དགོས། ང་རྒྱལ་ལ་ཉེས་མུག་ཡང་མང་པོ་ཡོད་དེ། ངས་ཁྱོད་ལ་དཔེ་ཙམ་ཞིག་འཇོག།
དེ་ཡང་འདས་པའི་ལོ་ངོ་དུ་མའི་སྔོན།།
ཉེས་མེད་རི་དྭགས་སྲོག་འཇོམས་ཤན་པ་ཞིག།
སྔར་བྱས་ལས་ལ་འགྱོད་གདུང་སྐྱེས་དྲགས་ནས།།
ཞུམ་མེད་གཡང་རོང་ཟབ་མོ་ཞིག་ལ་མཆོངས།།
དུས་ཚེ་སུམ་རྩེན་ཡུལ་གྱི་འཆི་མེད་པས།།
རང་གི་ཐོས་བསམ་སྟོབས་ཀྱིས་དེ་མཁྱེན་ནས།།
ཡིད་འགུལ་ཐེབས་ནས་ལྷ་ཡི་ཡུལ་དུ་དྲངས།།
དེ་ན་ཐོས་བསམ་སྒོམ་པའི་སྒོམ་ཆེན་པ།།
ཚུལ་དེ་མཐོང་བས་ཧ་ཅང་མཚར་བའི་ངང་།།
སེམས་ལ་འདི་འདྲའི་འཆར་སྣང་སྣ་ཚོགས་ཤར།།
ངས་ནི་བློ་རྩེ་གཅིག་གིས་ཐོས་བསམ་བསྒོམས།།
ཚང་མས་གཙུག་ཏུ་བཀུར་ཞིང་མཆོད་པ་བྱེད།།
མ་རུང་ནག་པོ་སྤྱོད་པའི་ཤན་པ་དེ།།
སྒོམ་ཆེན་ང་དང་བསྡུར་ཐབས་ག་ལ་ཡོད།།
འདི་ལྟར་ང་རྒྱལ་མེ་ལྕེ་དགུང་དུ་འཕྱུར།།
དེ་ལྟར་གཡང་གཟར་དེ་ལ་མཆོངས་པ་ན།།
དགོན་མེད་སྐྱབས་མེད་ལྔ་བའི་ཡུལ་དུ་གཤེགས།།
འདི་ཡང་ང་རྒྱལ་སྐྱེས་པའི་འབྲས་བུ་ཡིན།།
ད་དུང་འདི་འདྲའི་དོན་ནི་མང་མོད་ཀྱང་།།
དཔེ་མཚོན་ཙམ་གྱིས་ཁྱོད་ཚོར་ཆོག་ནི་བྱོས།། ཞེས་བཤད་པ་ན་རི་བོང་ཡང་རང་གི་བྱས་བའི་ལས་རྣམས་ལ་འགྱོད་པ་སྐྱེས་ནས་ཨ་ཁུ་འཕྱི་བའི་བཀའ་སྲུང་དང་ཏུ་བླངས་སོ།།
རྩོམ་འདི2016ལོའི《ཟླ་ཟེར》དེབ་གཉིས་པའི་སྟེང་བཀོད།